སྨན་རྩིས་དྲ་བ། - ཆེད་རྩོམ།

Hep-B ལ་རང་ལུགས་མཆིན་ནད་གང་ལ་ངོས་འཛིན་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
ཆེད་རྩོམ། >>

 

ཕྱི་ལུགས་ནས་ཧེ་པ་ཊ་ཡི་ཊིས་སྦི།  (Hep-B Positive)  ཞེས་པ་རང་ལུགས་མཆིན་ནད་

བྱེ་བྲག་གང་དུ་ངོས་འཛིན་དགོས་མིན་དཔྱད་པ།

 

 

ཉམས་ཞིབ་སྡེ་ཚན།

དྷ་ས་བོད་ཀྱི་སྨན་རྩིས་ཁང་།

 

༡། ནད་མིང་འདོགས་ཚུལ།

དེ་ཡང་ཡན་ལག་སྨན་ཁང་འགའ་ཤས་ནས་དེང་དུས་ནུབ་ལུགས་པས་གྲགས་ཆེ་བའི་ནད་གཞི་ཧེ་པ་ཊ་ཡི་ཊིས་ཞེས་པར་བོད་ལུགས་ནས་ནད་མིང་གཅིག་མཚུངས་དགོས་ངེས་ཀྱི་དགོངས་འཆར་རིམ་འབྱོར་བྱུང་བར་རང་རང་གི་ཉམས་མྱོང་དང་མཐུན་པའི་སྒོ་ནས་ནད་མིང་འདོགས་ཚུལ་འདྲ་མིན་ཐོག་འགྲེལ་བརྗོད་སོ་སོར་གནང་ཞིང་།  

སྤྱིར་ནད་གཞི་འདི་བཞིན་ཕྱི་ལུགས་པས་བརྗོད་གསལ་ལྟར་ན་སྲིན་རིགས་སམ་ནད་འབུའི་རིགས་ཤིག་གི་རྐྱེན་པས་མཆིན་པར་གཉན་ཚད་རྒྱས་པའི་ནད་ཚབས་ཆེ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རང་ལུགས་སྨན་པ་ཚོས་ནད་གཞི་འདི་ཡི་ཐད་ངོས་འཛིན་བཞེད་ཚུལ་འདྲ་མིན་ཏེ། ལ་ལས་མཆིན་ནད་ལྡེམ་བུ་དང་།  ལ་ལས་དུག་ཐབས། དེ་བཞིན་མཆིན་པའི་གཉན་ཚད། མཆིན་མཁྲིས་ནད། མཁྲིས་པ་ཤ་སེར་མིག་སེར། གྲང་མཁྲིས། ཚ་མཁྲིས། རྒྱ་ནད་མིག་སེར་ཞེས་པ་ལྟ་བུ་ནད་རྟགས་ལ་བརྟེན་ནས་ནད་མིང་སྣ་ཚོགས་འདོགས་ཚུལ་འདུག་ནའང་དོན་དུ་གཉན་ཚད་ཡུན་དུ་ལོན་པ་མཆིན་ནད་ཚ་བའི་རིགས་ཤིག་ཡིན་པར་འདོད།

 

༢། ནད་གཞིའི་ངོ་བོ།

མཆིན་མཁྲིས་གཉིས་ལ་གཉན་ཚད་རྒྱས་པར་འདོད་དེ། རྒྱུད་ལས་མཆིན་ནད་དབྱེ་བ་བཅོ་བརྒྱད་ནང་གསེས་ཚ་བའི་རིགས་སུ་བསྡུས་པ་མཆིན་ནད་དུག་ཐབས་ཞེས་པ་འདི་བཞིན་ནད་གཞིའི་ངོ་བོ་དང་ཕྱི་རྟགས་ན་ལུགས་བཅས་ཕལ་ཆེར་འདྲ་མཚུངས་ཆེ་བས་རང་ལུགས་སྨན་པ་རྣམས་ཉམས་མྱོང་གདེངས་ལྡན་ཕྱུག་པའི་འོག་ནད་གཞི་འདི་ཡི་རྗེས་སུ་འཛིན་མཁན་ཡང་གང་མང་བྱུང་བས་དེ་རང་དུ་ངོས་འཛིན་བྱ་རྒྱུ་ཡིན།

 

༣། རྒྱུ།

ཕྱི་ལུགས་པས་རྒྱུ་རྐྱེན་སྲིན་རིགས་ཁོ་ན་ལས་འབྱུང་ཞེས་པ་རང་ལུགས་ལྟར་ན་གཙོ་ཆེར་ཕོ་བའི་བད་མཁྲིས་རླུང་གསུམ་གྱི་མེ་དྲོད་མཐུ་ཞན་པས་ཁ་ཟས་དྭངས་སྙིགས་ཕྱེ་བར་མ་ནུས་ཤིང་སྙིགས་མ་དྭངས་མའི་རྩ་མིག་ཏུ་ཤོར་བ་ཡིས་དེར་ཟུངས་སུ་མ་སྨིན་པར་ངན་ཁྲག་རྒྱས་ཏེ་མཆིན་རྩར་གནས་པ་ལྷན་སྐྱེས་སྲིན་དང་བསྡོངས་ཏེ་ནད་ཀུན་འབྱུང་བར་འགྱུར་ངེས། དེའང་སྟག་ཚང་ལོ་ཙཱ་བས། འགྲམ་འཁྲུགས་ཁ་ཟས་མ་སྨིན་པས། །ངན་ཁྲག་རྒྱས་ཏེ་རྩ་མིག་བྱེར། །རླུང་འདྲིལ་ལྷན་སྐྱེས་སྲིན་དང་བསྡོངས། །ཅེས་དང་།  རྒྱུད་ལས། མྱག་བྱེད་བད་ཀན་དག་གིས་མྱག་མ་ནུས། །འཇུ་བར་བྱེད་པའི་མཁྲིས་པས་འཇུ་མ་ནུས། །མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེ་བས། །སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས། །མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ། །ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན། །ཞེས་པ་ལྟར་རོ།།

 

༤། སློང་རྐྱེན།

ནད་སློང་རྐྱེན་གཙོ་བོ་ཟས་སྤྱོད་གཉིས་ལས་ཁ་ཟས་སུ་རྒྱུན་དུ་འཇུ་དཀའ་བའི་རིགས་དང་།  གྲང་མོ། སྔོ་ངད། རྗེན་ཚལ། ཤ་ཤིན་ཏུ་ནས་རིད་པའམ་ནད་འབུ་དྲི་ལྡན་བཙོག་པའི་རིགས་དང་།  རློན་པའི་རིགས། ཆུ་དྭངས་གཙང་མིན་པ། ཆང་རག་སོགས་ཚ་སྐྱུར་ཤས་ཆེ་བ། ཡང་ན་འོ་མ་གྲང་མོ། ཞོ་མ་ལངས་པ། དར་བ་དང་ཇ་གར་པོའི་རིགས། བྱ་ཤ་དང་ཕག་ཤ་སོགས་ཚིལ་སྣུམ་རིགས་བསྟེན་དྲགས་པ། སྤྱོད་ལམ་སེམས་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེད་ནས་ལུས་ཁམས་འཁྲུགས་པའམ། ཡང་ན་དལ་བར་འདུག་དང་མྱ་ངན་སེམས་ཀྱི་དུབ་པས་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆུང་དུ་ཕྱིན་ནས་ནད་དུག་དེ་ཉིད་རིམས་ནད་གཞན་དང་འདྲ་བར་འགོས་ཁྱབ་ཡོང་གི་ཡོད། རྒྱུད་ལས། ཟས་སྤྱོད་ལོག་པས་ནད་རྣམས་སྐྱེད་པར་བྱེད། །ཅེས་དང་ཡང་།  ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤོང་། །ཞེས་གསུངས་པ་བཞིན་རྒྱུ་རྐྱེན་གཙོ་བོ་ཟས་དང་སྤྱོད་ལམ་གཉིས་ཁོ་ནར་རག་ལུས་པར་མཆིན་ནད་ལེའུ་ལས་ཀྱང་རྒྱུ་རྐྱེན་ཚ་སྐྱུར་ཟས་དང་དྲག་ཤུལ་སྐྱེད་ཅེས་གསུངས་པའི་ཕྱིར་རོ།།

 

༥། མངོན་ཚུལ་ནད་རྟགས།

གཉན་ཚད་ལྡན་པའི་མཆིན་ནད་དུག་ཐབས་ཏེ། འགྲེལ་པ་འགའི་ནང་ལེབ་བརྒན་ཁྲག་རྒྱས་ལྡེམ་བུ་ཚ་བ་འཁྱིལ། གཉན་ཚད་རྒྱས་པ་དུག་ཐབས་ཞེས་གསལ་བ་ལྟར་མཆིན་ནད་དུག་ཐབས་འདི་ཡི་མངོན་ཚུལ་རྟགས་སུ། དུག་ཐབས་མིག་དམར་གདོང་སྔོ་རྩིབ་སྟེང་ཟུག །ཕོ་མཆིན་གང་སྙམ་འཇུ་དཀའ་ཟོས་ཚེ་ན། །བྲུན་སྐམ་བོལ་གཡོ་མུར་གོང་མཐིལ་བཞི་སེར། །གཞུག་ཏུ་མཆིན་པ་རུལ་ནས་དུད་ཁུར་ལུ། །ཞེས་མཆིན་ཁམས་བདེ་པོ་མེད་པ་དང་།  རྩིབ་སྟེང་གཡས་ངོས་སུ་ན་ཟུག་ཆེ་བ། གཉན་ཚད་རྒྱས་པ། ཕོ་མཆིན་གང་སྙམ་བྱེད་པ། གདོང་མདོག་སྨུག་པོ་ཆགས་པ། སྐབས་རེ་སྣ་ཁྲག་འཛག་པ། ཁ་ཟས་འཇུ་དཀའ་བ་དང་ཟོས་ཚེ་ན་བ། ཡང་ན་མཆིན་པ་ཆེར་སྐྲངས་ནས་མཁྲེགས་པོ་ཆགས་པ་མཆིན་འབྲས་སུ་འགྱུར་བ་དང་།  སྙིང་གཡུགས་ཆེ་བ། བཤང་བ་སྐམ་པ། མཐར་རྐང་པའི་བོལ་གོང་དང་གྲོད་ཁོག་སོགས་ལ་ཆུ་བསགས་ནས་སྐྲངས་ཆེ་བ། མུར་གོང་དང་རྐང་ལག་གི་མཐིལ་བཞི་སེར་པོར་འགྱུར་བ། མཇུག་ཏུ་མཆིན་པ་རུལ་ནས་ཁྲག་དང་དུད་ཁུར་སྐྱུག་པ། འཕར་རྩའི་རྒྱུ་བ་གྲིམས་ལ་ལྷག་པར་ཀན་རྩ་གྲིམས་པ་དང་དྲི་ཆུའི་མདོག་དམར་སྨུག་ཉོག་ལ་ཀུ་ཡ་མཐུག་པ། ལྕེ་དྲེག་སྐྱ་སེར་མཐུག་པོས་གཡོག་པ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད་ཅེས་གསུངས་པ་ལྟར། མདོར་ན་དུག་ནད་ཀྱི་རྟགས་ལྟར་སྟོན་པར་བཤད། ད་དུང་མཁས་པ་འགའི་ཉམས་མྱོང་ལྟར་ན་མཆིན་ནད་གཙོ་བོའི་རྟགས་དེའི་སྟེང་ལ་ལའི་མཆིན་པ་རྡོ་ལྟར་མཁྲེགས་པ་དང་ཡུན་ལོན་ནས་གྲོད་ཁོག་སྟོད་དུ་ཆུ་བསགས་པ། དེ་བཞིན་བླ་གཉན་གྱི་ནད་བསྡོངས་པ། དེ་དང་དེར་འབྲེལ་བའི་ནད་རྟགས་ཀྱང་འབྱུང་བ་ནི་མྱོང་གྲུབ་ཡིན་ཞེས་འཁོད་ཡོད། དཔེར་ན། མཁྲིས་ནད་ཀྱི་རིགས་ཡུན་རིང་དུ་རྒྱས་ནས་སྨིན་པའི་དུས་སུ་ཀྵ་ཡ་ནག་པོར་གྱུར་པའི་རྟགས་ནི། གོང་གི་མཆིན་ནད་དུག་ཐབས་ཀྱི་རྟགས་རྣམས་ཀྱི་སྟེང་ད་དུང་ལུས་ཡོངས་ལ་ཟ་འཕྲུག་ཆེ་ཞིང་པགས་མདོག་སྔོ་ནག་དང་སྐྲ་སྨིན་བྱི་བ། ལུས་ཤེད་ཤིན་ཏུ་ཉམས་པ། སོ་མདོག་སྔོ་ཞིང་སེན་མོར་ནག་ཐིག་དོན་པ་སོགས་ཀྱི་ནད་རྟགས་གང་རུང་རེ་འབྱུང་བ་ཡིན་ཞེས་གསལ། ཕྱི་ལུགས་པས་ཀྱང་ནད་གཞི་འདི་ཡི་མངོན་ཚུལ་རྟགས་དང་བཅས་པ་རང་ལུགས་སྨན་གཞུང་དང་འདྲ་མཚུངས་སུ་འདོད་ལ། ནད་རྟགས་ཀྱང་དུས་རིམ་རྣམ་པ་གསུམ་གྱི་སྒོ་ནས་དབྱེ་བར། ཐོག་མར་གསོག་པའི་དུས། བར་དུ་རྒྱས་པའི་དུས། མཐར་ཞི་བའི་དུས་ཞེས་གསུམ་དུ་དབྱེ། འོན་ཀྱང་མཆིན་ནད་འདི་ཡིས་ཟིན་པའི་ནད་པ་ཕལ་ཆེར་ཐོག་མར་གསོག་པའི་དུས་སུ་ནད་རྟགས་མངོན་གསལ་ཆེར་མེད་རྐྱེན་རྒྱུན་ལྡན་ཁྲག་གི་བརྟག་དཔྱད་སྒོ་ནས་འཚོལ་ཞིབ་བྱེད་བཞིན་ཡོད་འདུག

 

༦། བཅོས་ཐབས།

གཞུང་ལས། མཆིན་པའི་གཉན་ཚད་གཅོག་པ་དང་མཆིན་སྐྲན་དུག་ཐབས་ཞི་བའི་སྨན་གྷི་ཝཾ་༩ དང་།  གུར་གུམ་མཆོག་བདུན་ཁ་ཚར་ཅན། གྷི་ཏིག གུར་ཀུམ་༡༣། མན་བསིལ། མཆིན་པར་གཉན་ཁ་རྒྱས་སྐབས་གྷི་ཁྱུང་དང་།  གཡུ་རྙིང་༢༥ སོགས་གང་འཚམས་གཏོང་བ་དང་།  རྗེས་གཅོད་རྒྱུད་ཀྱི་གྷི་ཝམ་༨ བ་འོས་དེད་ནས་བཏང་ཞེས་གསུངས་པ། གཙོ་བོ་མཆིན་མཁྲིས་གཉིས་ལ་གཞིགས་དགོས་པར་བསམ། དེའང་རྒྱུད་ལས་མཆིན་པ་ཞེས་ཁ་ཟས་ཀྱི་དྭངས་མ་རྣམས་རང་གི་གནས་སུ་དྲངས་ནས་ཁྲག་གི་རྟེན་བྱས་པས་ན་ཁྲག་གནས་མཆིན་པ་ལ་བརྟེན་པའི་ནད་རྣམས་ལ་མཆིན་ནད་ཅེས་ཟེར་བ་བཞིན་མཆིན་པ་ཁྲག་གི་གཞི་དང་མཁྲིས་པའི་རྟེན་གཞི་སྟེ། རྒྱུད་ལས། ཁྲག་དང་མཁྲིས་པ་ཚ་བ་མེ་ལྟར་འདོད། ཅེས་པ་ནད་གཞིའི་ངོ་བོ་ཉིད་གཉན་ཚད་ལ་སོང་ཐོག་མར་གཉན་ཚད་གཅོག་པ་དང་།  བར་དུ་ནད་དུག་སེལ་བ། མཐར་ཚད་རྙིང་འདོན་པ་དང་མཆིན་ཁམས་གསོ་བ་བཅས་ལ་གཙོ་ཆེར་དོ་སྣང་གཞིགས་པའི་ཐོག་བཅོས་དགོས་པ་གལ་ཆེར་མངོན། རྒྱུན་ལྡན་བཅོས་ཐབས་ཐད་རང་རེའི་སྨན་པ་རྣམས་ཀྱིས་ཀྱང་གསོལ་སྨན་གཙོ་བོ་ཐང་ཆེན་༢༥། ཟླ་བདུད། གུར་གུམ་༡༣། གྷི་ཏིག མན་བསིལ། གསེར་མདོག༡༡། གསེར་ཏིག གར་ནག་༡༠ ཞི་གསེར། དེ་བཞིན་སྨན་གསར་བཟོས་ཅན་རྣམ་རྒྱལ་གསེར་མདོག ཕྱོགས་རྩེ། གཡུ་རྙིང་སོགས་ལུས་ཁམས་དང་ན་ཚོད་བཅས་གང་ལ་དེ་འཚམས་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད་པར་ནད་སྟེང་ཕན་བསྐྱེད་ཀྱང་ངོ་སོ་ཐོན་པ་འབྱུང་བཞིན་ཡོད། དེ་བཞིན་མཁས་པ་ལ་ལས་རང་གི་ཉམས་མྱོང་ལག་ལེན་ཁྲོད་དུ་ཐང་ཆེན་༢༥ སྟེང་དུ་གུར་གུམ་བཟང་པོ་ཁ་ཚར་བཏབ་ནས་ལྕགས་སྣོད་དུ་བསྐོལ་བའི་བསྡུས་ཐང་ཉིན་ཉེར་གཅིག་སོགས་གསོ་ཐེངས་རེ་ལ་བསྟེན་དུ་བཅུག་པ་དང་།  གུར་གུམ་མཆོག་བདུན་དང་།  སྐྱུ་རུ་ཉེར་ལྔ། གཡུ་རྙིང་ཉེར་ལྔ་སོགས་ནད་རྟགས་དང་བསྟུན་ནས་བཏང་བས་ཕན་པ་མྱོང་གྲུབ་ཡིན་ཞེས་ཀྱང་གསལ་འདུག་པ་དགོངས་པ་བཞེས་རྒྱུ་གལ་འགངས་ཆེ་བར་མངོན།

 

༧། ནད་གཞིའི་སྔོན་འགོག་བྱ་ཐབས།

ནད་འདི་ཕྱི་རོལ་ཟས་སྤྱོད་ཀྱི་རྐྱེན་པས་ནད་འབྱུང་ལུས་འཁྲུགས་པ་ལས་བྱུང་བ་སྟེ། རྒྱུད་ལས། རྒྱུ་རྐྱེན་ཚ་སྐྱུར་ཟས་དང་དྲག་ཤུལ་བསྐྱེད། །ཅེས་པ་ལྟར་མཆིན་དུག་འདིའི་སྔོན་འགོག་ཀྱང་ནད་སློང་རྐྱེན་གཉིས་ལ་གཞིགས་པའི་གཙོ་བོ་ཆང་ཨ་རག་སོགས་རྣོ་ཞིང་ཚ་བའི་ཟས་དང་སུར་པན་དང་སྤོད་སྣ་སོགས་རོ་ཚ་བ། ཆང་དང་ཞོ་སོགས་རོ་སྐྱུར་བ། འབྲུ་མར་དང་མར་རྙིངས། བྱ་ཤ་དང་ཕག་ཤ་སོགས། མདོར་ན་ཚིལ་སྣུམ་ཆེ་བའི་རིགས་བཟའ་བཏུང་མི་བྱེད་པའམ་མི་བསྟེན་པ་དང་།  འོས་འཚམས་ཀྱི་ཚལ་རིགས་དང་།  ཤིང་ཏོག རོ་ཁ་ལྡན་གྱི་ཟས་སྐོམ་བཅས་མང་ཙམ་བསྟེན་དགོས་པ། དེ་བཞིན་སྤྱོད་ལམ་དུའང་ལུས་འཁྲུགས་པའི་ལས་དྲག་ཤུལ་དང་མེ་ཉིའི་གདུང་བ་སྤང་ནས་ལུས་སེམས་ཞི་ལྷོད་དལ་བར་འདུག་པའི་ངང་ནད་གཞིའི་གཡུལ་ལས་རྒྱལ་བར་བྱ་རྒྱུར་འབད་དགོས་སོ།། །།

 

འདི་ནི་སྤྱི་ལོ་༢༠༠༣ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་བདུན་པ།》ནང་དུ་བཞུགས་ཡོད་པ་དེ་ནས་ཟུར་འདོན་ཞུས་པ་ཡིན། 


མཐའ་མའི་འདོན་ཐེངས་།: 08.05.2014 ཉིན། 5:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།