སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

ྋསྐུའི་བླ་སྨན་པ་རྣམ་པའི་ལོ་རྒྱུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


ྋསྐུའི་བླ་སྨན་པ་རྣམ་པའི་ལོ་རྒྱུས་མདོར་བསྡུས།

༡། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གི་ལོ་རྒྱུས་སྙིང་བསྡུས།

ྋསྐུའི་བླ་སྨན་པ་མཁས་དབང་བསྟན་འཛིན་ཆོས་གྲགས་མཆོག་ནི་བོད་དབུས་གཙང་སྙེ་མོ་དང་འདབས་འབྲེལ་དེང་དུས་རིན་སྤུངས་རྫོང་ཁོངས་གཡག་སྡེ་ཞེས་བྱ་བར་ཡབ་བཀྲ་ཤིས་ཚེ་རིང་དང་ཡུམ་༼གྱི་མཚན་ཅི་ཟེར་གྱི་ཡིག་ཆ་རག་མ་སོང་།༽གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༤ ལོར་འཁྲུངས་ཤིང་།  དགུང་ལོ་བཅུ་ལ་སླེབས་སྐབས་སྙེ་མོ་ཆོས་སྡེར་ཕེབས་ཏེ་རབ་ཏུ་བྱུང་ནས་ཡི་གེ་འབྲི་ཀློག་དང་དགོན་པའི་འདོན་ཆ་དག་ཟླ་ཤས་ནང་བློ་འཛིན་ཐུབ་པ་བྱུང་།  ཕྱིས་སུ་ཤེལ་དཀར་ལྷ་རྗེ་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱི་སར་སྙེ་མོ་ཆོས་སྡེ་དགོན་ནས་སྨན་སློབ་གཏོང་བར་གྲྭ་བ་མང་པོར་ཟན་བརྟག་བསྐོར་དུས་ཁོང་གི་མཚན་བབས་རྐྱེན་ཁོང་ལ་ལྷ་སྲུང་གིས་སྨན་སྦྱོང་དགོས་པའི་ལུང་བསྟན་པས་ཁོང་དགུང་ལོ་བཅུ་བདུན་སྟེང་ཤེལ་དཀར་ལྷ་རྗེ་མཆོག་གི་དྲུང་དུ་སྨན་སློབ་ལ་མངགས།

 

ལྕགས་སྦྲུལ་ཕྱི་ལོ་ ༡༩༤༡ ལོར་སྨན་རྩིས་སློབ་གཉེར་ཆེད་ལྷ་ས་སྨན་རྩིས་ཁང་དུ་ཕེབས་ཏེ་ཚེ་འཛིན་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས་བརྩོན་ལྷོད་མེད་ཀྱིས་རྒྱུད་གསུམ་རྒྱུགས་འབུལ་ཞུས་ཏེ་དབུས་སྨན་རྩིས་སྨན་སྦྱོར་ཁང་དུ་སྨན་སྦྱོར་གྱི་ལས་དོན་ཙག་ཙིག་གནང་སྟེ་ཕྱི་ལོ་ ༡༩༤༤ ལོར་དབུས་སྨན་སྦྱོར་འགན་འཛིན་གྱི་ལས་ཁུར་ཞུས། ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་ཏེ་དཀའ་བཅུ་བའི་སྦྱངས་འབྲས་རྒྱུགས་འབུལ་ཞུས། བོད་རབ་བྱུང་བཅུ་དྲུག་ཤིང་ལུག་ཕྱི་ལོ་ ༡༩༥༥ བོད་ཟླ་ལྔ་བའི་ནང་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བླ་སྨན་གཞོན་པར་བསྐོ་བཞག་བསྩལ་པའི་བཀའ་ཕེབས་བཞིན་ཡིག་རྒྱུགས་ཨང་དང་པོའི་གྲས་ཀྱི་སྨན་པ་དྲུག་ཙམ་ཡོད་པ་དེ་དག་འཕགས་པ་ལོ་ཀི་ཤྭ་རིའི་རྟེན་དྲུང་དུ་ཟན་བརྟག་བསྒྲིལ་བྱས་པར་སྔ་རྗེས་སུ་ཁོང་ྋརྒྱལ་བའི་བླ་སྨན་བྱ་རྒྱུའི་ལུང་བསྟན་བབས་པ་ལྟར་ྋསྐུའི་བླ་སྨན་པར་མངའ་གསོལ་ཞུས།

 

ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་བཙན་འཕྲོག་སྐབས་ཁོང་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་འོག་ལོ་བཅུ་བདུན་རིང་བཙོན་ཁང་དུ་བཞུགས་པའི་ལོ་ཟླའི་བྱུང་བ་ནི་བརྗོད་ལས་འདས་པས་འདིར་འགོད་ཐབས་བྲལ། ཕྱི་ལོ་ ༡༩༨༠ ཟླ་ ༡༢ པའི་ནང་རྒྱ་གར་དུ་ཕེབས་ཏེ་ལོ་དེ་གརྋབླ་སྨན་བགྲེས་པར་བསྐོ་བཞག་བསྩལ། ཕྱི་ལོ་ ༡༩༨༢ ལོའི་ནང་འཕགས་ཡུལ་དྷརྨ་ཤཱ་ལཱ་སྨན་རྩིས་ཁང་དུ་བཙོ་བཀྲུ་ཆེན་མོའི་ཕྱག་བཞེས་སླར་གསོའི་གཙོ་འགན་བཞེས་གནང་མཛད།

 

ཕྱི་ལོ་ ༡༩༨༣ ཟླ་ ༧ པའི་ནང་ཨི་ཊ་ལིའི་རྒྱལ་ས་ཝེ་ནི་སིར་རྒྱལ་སྤྱིའི་བོད་སྨན་ཚོགས་འདུར་ཆེད་ཕེབས་པ་ནས་ཡོ་རོབ་ནང་གི་རྒྱལ་ཁབ་ཁག་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོར་ལན་མང་ཕེབས་ཏེ་བོད་ཀྱི་ཐུན་མིན་གསོ་བ་རིག་པའི་བསྟན་པའི་ཞབས་འདེགས་དང་ནད་གདོན་གྱིས་མནར་བའི་ལུས་ཅན་ཁྲི་ཕྲག་མང་པོར་བརྟད་དཔྱད་སྨན་བཅོས་ཀྱིས་སྲོག་གི་སྦྱིན་པས་དབུགས་དབྱུང་མཛད་པ་དང་། ལྷག་དོན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ཀྱི་ཐུགས་འགན་གཙོ་བཞེས་ཐོག་འདི་གའི་རྒྱུན་འཛིན་སྨན་པ་ཡོངས་གཞུང་བཤད་མན་ངག་དང་མཐོང་བརྒྱུད་ལག་ལེན་དང་བཅས་པའི་སྦྲང་ཆར་དུས་སུ་བསྩལ་བ་སོགས་ཕྱི་ནང་ཡུལ་གྲུ་ཀུན་ལ་གསོ་བཅོས་ཀྱི་མཛད་པ་ལྷུར་ལེན་གྱིས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་མི་ཉམས་གོང་སྤེལ་དང་ཉམས་སླར་གསོའི་ཐད་མཛད་རྗེས་བླ་ལྷག་ཏུ་ཆེ་ཞིང་།  མདོར་ན་ཁོང་ནི་གསོ་རིག་གཞུང་ལུགས་ཀུན་ལ་ཐོས་བསམ་གྱི་མཁྱེན་རྒྱ་ཤིན་ཏུ་ཡངས་ཤིང་། མཐོང་བརྒྱུད་མན་ངག་དུ་མས་རབ་ཏུ་ཕྱུག་པ། གཞན་ཕན་ལྷག་བསམ་གྱི་མཛོད་དུ་གྱུར་བའི་ངེས་དོན་གྱི་འཚོ་བྱེད་སློབ་དཔོན་ཞིག་ཡིན་པས་གང་ཉིད་ཀྱི་མཛད་པ་འཕྲིན་ལས་ཡོངས་སུ་བརྗོད་ཐབས་བྲལ། ཕྱི་རབས་པ་རྣམས་ལ། འབྱུང་བ་བཞི་ལས་ལུས་ནད་གཉེན་པོ་བདག་ཉིད་གཅིག་འབྲེལ་ཚུལ། ཞེས་པ་དང་། གསོ་རིག་ལས་རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་བཞག་བཅས་དེབ་ཆུང་གཉིས་ཙམ་ལྗགས་རྩོམ་གནང་བ་སོགས་མཛད་རྗེས་བླ་མེད་བཞག་སྟེ་ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༦ ཉིན་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཞིང་།  

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས་ྋགོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དབུ་བཞུགས་ཐོག་དམ་པ་དེ་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་བཀའ་དྲིན་ཆེ་བའི་མཛད་རྗེས་གཟེངས་རྟགས་ཕུལ་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

 

༢། ྋསྐུའི་བླ་རྩིས་པ་དུས་འཁོར་བ་བློ་གྲོས་རྒྱ་མཚོའི་ལོ་རྒྱུས་སྙིང་བསྡུས།

ྋསྐུའི་བླ་རྩིས་པ་དུས་འཁོར་སྨྲ་བ་རྩིས་དགེ་ཆེན་མོ་བློ་གྲོས་རྒྱ་མཚོ་དམ་པ་གང་ཉིད་ནི། བོད་རབ་བྱུང་བཅོ་ལྔ་པའི་ས་བྱ་ (ཕྱི་ལོ་ ༡༩༠༩) ལོར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཆོས་སྡེའི་དགོན་བདག་དཔོན་ཚང་གི་མི་ངོ་ཡུམ་རྡོ་རེ་དང་། ཡབ་རྒན་རྒྱའི་འབྲོག་པ་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བདུན་གྱི་ཐོག་དཔལ་ལྡན་བཀྲ་ཤིས་འཁྱིལ་དུས་འཁོར་གྲྭ་ཚང་དུ་ཆོས་ཞུགས་མཛད། དེ་ནས་དགུང་གྲངས་བཅུ་གཉིས་བར་དུས་འཁོར་གྲྭ་ཚང་གི་བཞེད་སྲོལ་འདོན་ཆ་སོགས་ཐུགས་འཛིན་མཛད། དགུང་གྲངས་བཅུ་གཉིས་ནས་དགུང་གྲངས་ཉེར་གསུམ་བར་གྲྭ་ཚང་གི་སྤྱི་སྲོལ་ལྟར་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱིི་ལམ་ལ་འཇུག་དགོས་པས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་མོ་ཚུལ་ཁྲིམས་ཞབས་དང་།  དུས་འཁོར་བ་ཨ་ཁུ་ཨོམ་ཕྱེ་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞབས་ལ་གཏུགས་ནས་རྩིས་རིག་སྐར་ནག་དབྱངས་གསུམ་སྒྲ་དང་སྡེབ་སྦྱོར་སྙན་སུམ་བརྡ་དག་དེ་བཞིན་དུས་འཁོར་གྱི་ས་ཆོག་གར་འཆམ་ལ་སོགས་པ་ཆ་ལག་ཐམས་ཅད་དང་དཀྱིལ་འཁོར་རས་བྲིས་རྡུལ་ཚོན་བློས་བསླང་གསུམ་གྱི་བཞེངས་ཐབས་སོགས་མདོར་ན་ཐ་སྙད་རིག་པའི་ལམ་དང་། ཆོ་ག་ཕྱག་ལེན་ཐམས་ཅད་བྱང་ཆུབ་པར་མཛད་ནས་དགུང་གྲངས་ ༢༣ ཐོག་འཇམ་བཞད་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱི་བཀའ་དགོངས་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཆོད་དཔོན་ཆེན་མོའི་གོ་སར་བཞུགས། 

 

དེ་ནས་ལོ་ངོ་བཅུ་གྲངས་མཆོད་དཔོན་མཛད་མཐར་སླར་ཡང་གནས་འཕར་གྱི་གཟིམ་དཔོན་མཁན་པོ་མཛད། དེ་ནས་གཟིམ་དཔོན་མཁན་པོར་མཛད་མུར་འཇམ་བཞད་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་སྟབས། བླ་བྲང་ཞབས་ཞུ་སོགས་སྤྱི་མོས་ཀྱིས་ནང་མཛོད་ཀྱི་མཛད་ཁུར་བཞེས་དགོས་ཞུས་པ་ལྟར་བླ་བྲང་གི་བསྟན་སྲིད་སྤྱི་དང་ལྷག་པར་འཇམ་བཞད་ཡང་སྤྲུལ་གདན་ཞུའི་མཛད་ཁུར་བཞེས་ནས་ཡང་སྤྲུལ་ཁྲི་འདོན་སོགས་གྲུབ་རྗེས་དགུང་གྲངས་ཞེ་བརྒྱད་མེ་སྤྲེལ་ཕྱི་ལོ་ ༡༩༥༦ ལོར་མཛད་པའི་ཁུར་དགོངས་ཞུ་གནང་མཛད་ནས་དབུས་གཙང་སོགས་སུ་གནས་མཇལ་ལ་ཕེབས། དེ་རྗེས་དུས་ཟིང་སྐབས་སྤྱི་དོན་ཞབས་ཞུ་མཛད་མཐར་དགུང་གྲངས་ ༥༠ ས་ཁྱི་ཕྱི་ལོ་ ༡༩༥༨ ལོར་ཀ་སྦུག་ཏུ་ཆོལ་གསུམ་མི་དམངས་སྤྱི་མཐུན་གྱི་བདེ་དོན་ཚོགས་པའི་མདོ་སྨད་ཀྱི་འཐུས་མིའི་གྲས་སུ་ཞུགས་ནས་མཛད་ཁུར་གལ་ཆེ་བཞེས་ཡོད་ཅིང་། ༡༩༥༩ ལོར་༧གོང་ས་ཆེན་པོ་མཆོག་འཕགས་ཡུལ་དུ་ཞབས་སོར་འཁོད་རྗེས་བྱེས་འབྱོར་བོད་མི་བཙན་བྱོལ་སྤྱིའི་ཁོངས་སུ་ཀ་སྦུག་ཏུ་རང་འཚོར་བཞུགས། དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་འབྲེལ་རང་རེའི་ཐུན་མིན་རིག་པའི་གཞུང་རྣམས་མི་ཉམས་རྒྱུན་འཛིན་མཛད་རྒྱུའི་འཕྲིན་ལས་ཀྱི་ཆ་ཤས་གཙུག་ལག་རྩིས་ཀྱི་རིག་གཞུང་རྒྱུན་འཛིན་མཛད་དགོས་པ་གལ་ཆེར་གཟིགས་ནས་ཀ་སྦུག་ཏུ་བཀའ་ཡིག་ཆེད་བསྩལ་ཀྱིས་འདི་ག་རྩིས་རིག་སྡེ་ཚན་གསར་འཛུགས་མཛད་རྒྱུའི་དགེ་ཆེ་བསྐོ་བཞག་བསྩལ་བར་དགུང་གྲངས་ ༥༢ པ་ལྕགས་གླང་ཕྱི་ལོ་ ༡༩༦༡ ལོར་ཞབས་བཅར་གྱིས་རྩིས་རིག་སློབ་གྲྭ་གསར་འཛུགས་མཛད། དེ་རྗེས་ ༡༩༦༧ ལོར་སྨན་རྩིས་ཕྱོགས་སྒྲིལ་གནང་།

 

དགུང་གྲངས་ ༦༠ ཕྱི་ལོ་ ༡༩༦༨ ལོར་སྐུ་ཁམས་བདེ་མིན་གྱིས་དགོངས་ཞུ་མཛད་ནས་བར་ལམ་མ་སུ་རི་དང་། ཌེ་རཱ་ཌུན་དོན་གྲུབ་གླིང་བཀྲ་ཤིས་འཁྱིལ་དགོན་པ་སོགས་སུ་བཞུགས། སླར་ཡང་དགུང་གྲངས་ ༦༤ ཕྱི་ལོ་ ༡༩༨༢ ཟླ་ ༤ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བརྩེས་གཟིགས་པས་འདི་ག་རྩིས་རིག་སྡེ་ཚན་གྱི་རིག་གཞུང་འཛིན་དུ་བཞུགས་དགོས་པར་བཀའ་ཕེབས་བཞིན་རིག་གཞུང་གཙོ་འཛིན་འགན་བཞེས་གནང་།  དེ་རྗེས་ ༡༩༨༣ ཟླ་ ༩ པར་ད་ཕན་མཛད་ཁུར་གང་སར་ཐུགས་ཁུར་ཆེན་པོས་ལྷག་བསམ་ཕུལ་དུ་བྱུང་བ་མཛད་པའི་བདག་རྐྱེན་དུ་རྩིས་རིག་སྡེ་ཚན་གྱི་རིག་གཞུང་གཙོ་འཛིན་མཚན་གནས་རང་འཇགས་ཐོག་ཕྱག་ལས་ལ་ཕེབས་མ་དགོས་པའི་བགྲེས་དགོངས་བསྩལ་ནས་ལྷོད་བཞུགས་མཐར་དགུང་གྲངས་ ༧༥ ཐོག་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༤ དགོང་མོའི་ཆུ་ཚོད་བདུན་དང་སྐར་ཆ་སུམ་ཅུའི་ཐོག་སྨན་རྩིས་ཁང་དུ་དགོངས་པ་རྫོགས་ཡོད་ཅིང་། དམ་པ་དེ་ནི་སྨན་རྩིས་ཁང་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཉིན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་བཅས་རྣམ་ཐར་མདོ་བསྡུས་སོ།།


༣། ྋསྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གི་ལོ་རྒྱུས་སྙིང་བསྡུས།

བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཕྱི་ལོ་ ༡༩༢༧ ལོར་གོང་དཀར་དུ་འཁྲུངས་ཤིང༌། དགུང་ལོ་དྲུག་སྟེང་གོང་དཀར་བཤད་སྒྲུབ་གླིང་དགོན་པར་ཆོས་ཞུགས་མཛད། དགུང་ལོ་བཅུ་གཉིས་ནས་བཟུང་ལྷ་ལྡན་སྨན་རྩིས་ཁང་དུ་སྨན་རྩིས་གཙོས་པའི་རིག་པའི་གནས་མཐའ་དག་ལ་སློབ་གཉེར་གནང་སྟེ་དགུང་གྲངས་ཉི་ཤུའི་སྟེང་སློབ་ཐོན་བྱུང༌། ས་ཕག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་ཡུད་ཙམ་བཞུགས་སྐབས་རང་གཞུང་གི་བཀོད་མངགས་ལྟར་ཌལ་ཧོར་དུ་ཆེད་རྫོང་གནང་བ་བཞིན་ཁུལ་དེར་བཞུགས་མུར་ྋགོང་ས་མཆོག་གི་བཀའ་འབྲེལ་ངྷ་སར་གདན་ཞུས་དང་སྨན་སྦྱིན་ཁང་གསར་འཛུགས་ཀྱིས་དགེ་རྒན་ཆེན་མོ་དང་སྨན་པ་གཙོ་བོའི་ཐུགས་འགན་གཅིག་ལྕོགས་སུ་གནང༌། སྐབས་དེར་བོད་མི་རྣམས་ས་ཆ་མ་འཕྲོད་པ་སོགས་པའི་དཀའ་ངལ་ཇི་སྙེད་ཅིག་ཡོད་པའི་གནས་སྟངས་ཡ་ང་བའི་སྐབས་སུ། གཅིག་ནས་སྨན་དཀོན་པ་དང་གཉིས་ནས་མཐུན་རྐྱེན་ཞན་པའི་དབང་གིས་འཕྲོད་བསྟེན་དཀའ་ངལ་གཉན་འཕྲང་ཧ་ཅང་ཆེ་བའི་སྐབས་དཀའ་སྤྱད་འཛེམས་མེད་དང་ལྷག་བསམ་ཆེར་བསྐྱེད་ཀྱིས་སྐབས་བབ་སྨན་པའི་བགྱིད་སྒོ་ལེགས་པར་བསྒྲུབས། སྐབས་དེར་རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་ལུགས་གསོ་རིག་ལག་ལེན་བྱེད་མི་ཆོག་པའི་འདྲི་རྩད་ལན་མང་བྱུང་བར་སྨན་དགེ་མཆོག་གིས་གསུང་སྒྱུར་དཔེ་མཛོད་འགན་འཛིན་རྒྱ་མཚོ་ཚེ་རིང་བརྒྱུད་གཞུང་བཤད་ལག་ལེན་ཟུང་འབྲེལ་གྱིས་གསལ་བཤད་ར་སྤྲོད་གནང་བར་བརྟེན་བོད་ཀྱི་གསོ་རིག་གི་སྙིང་དོན་ལ་ཡིད་ཆེས་དང་དགའ་ཞེན་སྐྱེས་ཏེ་མཐར་ལག་ལེན་བསྟར་ཆོག་པའི་ཆོག་མཆན་དང་ནད་པ་བཅུའི་ཉལ་ཁྲི། འགྲོ་གྲོན་རོགས་དངུལ་བཅས་ཐོབ། སྔར་ནས་ྋརྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱིས་གཙོས་རིས་མེད་སྐྱེས་ཆེན་དམ་པ་མང་པོར་གསོལ་སྨན་གྱི་ཞབས་ཕྱི་ཞུ་བཞིན་པའི་ཐོག་ཕྱི་ལོ་ ༡༩༦༣ ཕྱི་ལོ་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་ྋསྐུའི་བླ་སྨན་པར་བསྐོ་བཞག་སྩལ་བ་ནས་ཕྱི་ལོ་ ༡༩༨༠ བར་ཏེ་ལོ་བཅུ་བདུན་རིང་ྋསྐུའི་བླ་སྨན་ཞབས་ཞུ་ཞུས། 

 

མེ་ལུག་ཕྱི་ལོ་ ༡༩༦༦ ལོར་སྨན་རྩིས་ཁང་ནས་དགོངས་ཞུ་གནང་རྗེས་ངྷ་སར་སྒེར་གྱི་སྨན་ཁང་གསར་འཛུགས་ཀྱིས་ད་ལྟའི་བར་ཕྱི་ནང་གི་ནད་པ་མང་པོར་མི་འཇིགས་སྲོག་གི་སྦྱིན་པ་གཏོང་བཞིན་ཡོད་ལ། ཕྱི་ལོ་ ༡༩༧༠ ལོར་སི་ཕན་རྒྱལ་ཁབ་ནས་གདན་ཞུ་གནང་བ་ལྟར་རྒྱལ་ཁབ་གང་ས་ནས་ཕེབས་པའི་ཁྱད་མཁས་གྲགས་ཅན་མང་པོ་འཛོམས་པའི་འཛམ་གླིང་རྒྱལ་སྤྱིའི་སྨན་གྱི་ཚོགས་འདུར་ཞུགས་ཏེ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་བོད་ཀྱི་གསོ་རིག་ལོ་རྒྱུས་དང་གསོ་རིག་སྐོར་བགྲོ་གླེང་གཟེངས་ཐོན་གནང་ཐུབ་པ་བྱུང་བ་བཅས་ནི་རིག་གཞུང་དང་ཆབ་སྲིད་གཉིས་ལ་ཕན་པའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད།

 

ཚོགས་འདུ་དེར་ནད་ཅན་དང་ནད་མེད་སྐོར་ཅིག་དང་ལྷག་པར་སྙིང་ནད་ཅན་གྱི་ནད་པ་གཤག་བཅོས་བྱེད་མི་དགོས་པར་སྨན་བཅོས་གནང་བར་ཕན་པ་གང་ལེགས་བྱུང་བ་ལ་བརྟེན་ནས་གྲགས་པ་ཆེན་པོ་ཐོབ་འདུག ལྷག་པར་སྔ་རྗེས་སུ་ཨ་རི་དང༌། སི་པན། ཨིན་ལནཌ། ནོར་ཝེ། ཌེན་མཱརྐ། ཨི་ཊ་ལི་སོགས་འཛམ་གླིང་ཤར་ནུབ་གང་སར་ཞབས་ཀྱིས་བཅགས་ཤིང་གཞན་ཕན་གྱི་འགྲོ་དོན་བསྐྱངས་ཏེ་ཕྱི་ལུགས་སྨན་བཅོས་ལས་གསོན་ཐབས་བྲལ་བའི་འབྲས་ནད་སོགས་ཛ་དྲག་གི་ནད་པ་མང་པོ་བོད་ལུགས་གསོ་རིག་གཞུང་ནས་ཇི་སྐད་གསུང་བའི་མན་ངག་ལག་ལེན་ལྟར་སྨན་བཅོས་དྲག་སྐྱེད་བྱུང་བས་རྒྱལ་ཁབ་ཕྱི་ནང་གང་སར་གྲགས་པའི་སྙན་པ་ཤིན་ཏུ་ཆེ། ཁྱད་པར་དུ་ཨ་རིར་ཐེངས་མང་ཕེབས་ཏེ་ཕྱི་ལུགས་སྨན་པ་དང་མཉམ་རུབ་ཀྱིས་སྒོ་ནས་བོད་སྨན་གྱི་ཕན་ནུས་ཞིབ་འཇུག་གནང་བའི་གྲུབ་འབྲས་ལེགས་ཐོན་བྱུང་སྟེ། བོད་ཀྱི་གསོ་བ་རིག་པའི་རིན་ཐང་དང་མཚན་མཐོང་དགུང་དུ་འདེགས་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་སུ་འཚོ་ཞིང་བཞུགས་སོ།།


༤། ྋསྐུའི་བླ་སྨན་འཇམ་དབྱངས་བཀྲ་ཤིས་མཆོག་གི་ལོ་རྒྱུས་སྙིང་བསྡུས།

ྋསྐུའི་བླ་སྨན་འཇམ་དབྱངས་བཀྲ་ཤིས་མཆོག་ནི། བོད་ལྷོ་ཁ་མཚོ་སྣ་ཞེས་བྱ་བར་ཡབ་དབང་གྲགས་ཆོས་འཕེལ་ལགས་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུང་དུས་ནས་མཚོ་སྣ་དགོན་པ་རྩེར་ཆོས་སྒོར་ཞུགས་གནང་། དགུང་ལོ་བཅུ་དྲུག་ཐོག་མཚོ་སྣ་དགོན་པ་ནས་མཚོ་སྣ་རིན་པོ་ཆེས་འདེམས་སྒྲིག་གནང་སྟེ་ལྷ་ས་སྨན་རྩིས་ཁང་དུ་ཕེབས། དེ་གའི་ཕྱག་སྲོལ་བཞིན་རྒྱུགས་སྤྲོད་གཙང་དག་ཟིན་རྗེས་ལོ་ངོ་བརྒྱད་རིང་ལ་ལྷ་ས་སྨན་རྩིས་ཁང་དུ་སྨན་གཉེར་གྱི་ཕྱག་ལས་གནང་། དེ་རྗེས་བླ་སྨན་མཁྱེན་རབ་ནོར་བུ་མཆོག་ནས་དགོངས་འཁྲོལ་དང་སྦྲགས་ལག་འཁྱེར་ཞུས་ཏེ་མཚོ་སྣ་རིན་པོ་ཆེའི་བླ་སྨན་ཞུས། ཕྱི་ལོ་ ༡༩༦༠ ལོར་བོད་མི་སྤྱི་མཚུངས་ལྟར་རྒྱ་གར་དུ་འབྱོར་ཏེ་ལམ་བཟོར་ཞུགས་། ༡༩༦༢ ལོར་རྒྱ་དཀར་ནག་དམག་འཁྲུགས་སྐབས་སྐྱབས་བཅོལ་ཐེངས་གཉིས་པ་ཕེབས་དགོས་བྱུང་།  དེ་ནས་པོན་ཊ་བཟོ་གཞིས་སུ་བཞུགས་སྐབས་དྷརྨ་ཤཱ་ལཱ་ཆོས་དོན་ལྷན་ཁང་ནས་བཀའ་རྒྱ་ཕེབས་དགོངས་བཞིན་སྨན་རྩིས་ཁང་དུ་ ༡༩༦༤ ལོར་བཅར་ཏེ་སྨན་སྦྱོར་ཁང་གི་འགན་འཛིན་གནང་། དེ་ནས་བཟུང་བློ་ཕུགས་གཞུང་ལ་གཏད་དེ་སྒེར་དོན་རྒྱབ་བསྐྱུར་གྱིས་ཕྱག་ལས་ཞུས་ཡོད།

 

སྐབས་དེར་དྷ་ས་སྨན་སྦྱིན་ཁང་གི་སྨན་པ་མང་ཆེ་བ་ཞིག་དགོངས་ཞུ་གནང་ཡོད་རུང་དམ་པ་འདི་ཉིད་ྋརྒྱལ་བ་རིན་པོ་ཆེའི་དགོངས་བཞེད་དང་བོད་གཞུང་ཆོས་དོན་ལྷན་ཁང་གི་བཀའ་དོན་སྤྱི་བོར་བླངས་ནས་སྨན་ཁང་འདིའི་དོན་དུ་ས་ཐེག་རྡོ་ཐེག་གི་སྐུ་ངལ་སྐྱོན་ཏེ་གང་དགོས་གང་འཇོན་གྱིས་སྨན་པའི་རང་འཁྲིའི་འགན་བབ་བསྒྲུབས། ཕྱི་ལོ་ ༡༩༧༦ ལོར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་སྨན་དུ་བསྐོ་བཞག་གནང་།  ཕྱི་ལོ་ ༡༩༨༤ ལོར་སྐུ་ནའི་བབ་དང་བསྟུན་ཏེ་སྨན་ཁང་ནས་བགྲེས་ཡོལ་ཞུས་ཏེ་ལྷོད་བཞུགས་ཐོག་ྋསྐུའི་བླ་སྨན་ཞབས་ཞུ་མུ་མཐུད་གནང་། བརྒྱུད་འཛིན་སྨན་རམས་པ་བློ་བཟང་ཚུལ་ཁྲིམས་དང་མཚོ་སྣ་སྨན་པ་བསྟན་འཛིན་མཆོག་ལྡན་གཉིས་ནས་གསོ་རིག་ལག་ལེན་བྱེད་མུས་ཡིན། ༡༩༩༦ ཟླ་ ༣ ཚེས་ ༢༣ ཉིན་༧སྐུའི་བླ་སྨན་པ་འཇམ་དབྱངས་བཀྲ་ཤིས་དམ་པ་དེ་ཉིད ༡༩༦༣ ནས་བཟུང་ལོ་ཉི་ཤུ་ལྷག་གི་རིང་སྨན་རྩིས་ཀྱི་བསྟན་པ་ཉག་ཕྲའི་དུས་རིམ་ནས་སྨན་སྦྱོར་འགན་འཛིན་དང་།  བརྟག་དཔྱད་སྨན་པ། དེ་རྗེས་༧རྒྱལ་བའིསྐུའི་བླ་སྨན་གྱི་མཛད་འགན་བཞེས་པ་བཅས་སྐུ་ཚེ་ཧྲིལ་པོར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་གནང་བར་དབུས་སྨན་རྩིས་ཁང་ནས་དྲན་རྟེན་མཛད་རྗེས་ཕྱག་འཁྱེར་གནང་།

 

གཞན་ཡང་སྨན་སློབ་ཐོན་པ་ཁག་ལ་སྨན་སྦྱོར་སྔོ་སྨན་སོགས་མཐོང་བརྒྱུད་ཕྱག་ལེན་སློབ་ཁྲིད་དང་བོད་ཀྱི་གསོ་རིག་མཐོ་སློབ་ཁང་གི་སློབ་བུ་ལྔ་བཅུ་བརྒལ་བར་གསོ་རིག་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པའི་ལྗགས་ལུང་གནང་བ་སོགས་གསོ་རིག་བསྟན་པར་བྱ་བ་དོན་ལྡན་མཛད་དེ་ཕྱི་ལོ་ ༡༩༨༦ ཟླ་བ་ ༣ ཚེས་ ༢༨ བོད་མེ་སྟག་ཟླ་ ༢ ཚེས་ ༨ ཉིན་གློ་བུར་དུ་སྐུ་གཤེགས།

 

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས་༧གོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དབུ་བཞུགས་ཐོག་ྋསྐུའི་བླ་སྨན་པ་འཇམ་དབྱངས་བཀྲ་ཤིས་མཆོག་ལ་སྨན་རྩིས་ཁང་ཉག་ཕྲའི་སྐབས་ལྷག་བསམ་རྣམ་དག་གི་ཞབས་ཞུ་གནང་བར་བཀའ་དྲིན་རྗེས་དྲན་མཛད་རྗེས་གཟེངས་རྟགས་གནང་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།


༥། ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་ནི། ལྷ་སའི་བྱང་ཕྱོགས་འཕྱོངས་རྒྱས་ཞེས་པར་ཡབ་ཕུར་བུ་རྡོ་རྗེ་དང་ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་ལོ་ ༡༣ ཐོག་བཀྲ་ཤིས་བདེ་ཆེན་དགོན་དུ་ཆོས་ཞུགས་གནང་། དགུང་ལོ་ ༢༡ ཐོག་སྨན་རྩིས་ཁང་དུ་ཕེབས་ཏེ་སྨན་རྩིས་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༤༧ ལོར་སློབ་སྦྱོང་མཐར་སོན་ཏེ་ ༡༩༥༨ བར་སྨན་རྩིས་བླ་སྨན་མཁྱེན་རབ་ནོར་བུའི་དྲུང་དུ་ཉམས་མྱོང་དང་ཞབས་ཕྱི་ཞུས།

 

ཕྱི་ལོ་ ༡༩༥༩ ལོ་ནས་ཕྱི་ལོ་ ༡༩༧༣ བར་རྒྱ་དམར་གྱི་བཙོན་ཁང་ནང་དུ་བཞུགས་དགོས་བྱུང་། ༡༩༧༣ ལོ་བཙོན་ནས་ཐར་རྗེས་ ༡༩༨༢ བར་རྒྱ་མིའི་སྨན་ཁང་དུ་སྨན་པའི་ལས་འགན་གནང་བ་དང་། ཕྱི་ལོ་ ༡༩༨༤ ལོར་འཕགས་ཡུལ་དུ་ཕེབས་ཏེ་ྋགོང་ས་མཆོག་གི་གསེར་ཞལ་སྤྱི་བོར་ཐོབ་་རྗེས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པར་སྨན་རྩིས་ཁང་དུ་བཞུགས་ཤིང་།  ལོ་དེར་ྋརྒྱལ་བའི་བླ་སྨན་གཞོན་པར་བསྐོ་བཞག་གནང་སྟེ་མཛད་འགན་བཞེས་པ་ནས་བཟུང་། གངས་ལྗོངས་བོད་ཀྱི་གསོ་རིག་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་བགོས་ཏེ། ྋབླ་སྨན་སྐུ་བགྲེས་བསྟན་འཛིན་ཆོས་གྲགས་མཆོག་དང་། བླ་སྨན་འཇམ་དབྱངས་བཀྲ་ཤིས་སོགས་དང་ལྷན་དུ། ཕྱི་རྒྱལ་ཨ་རི་དང་།  ཨིན་ལན། ཕི་རཱན་སི་སོགས་རྒྱལ་ཁབ་གང་མང་དུ་སྔ་ཕྱིར་ལན་མང་ཕེབས་ཏེ་ནད་ཅན་འགྲོ་བ་ཀུན་ལ་མི་འཇིགས་སྲོག་གི་ཕྱག་རྒྱ་དང་། ནད་མེད་རྣམས་ཡུན་གནས་ཐུབ་ཐབས་སུ་འཕྲོད་བསྟེན་སློབ་གསོ། མཁས་དབང་ཁག་དང་ལྷན་དུ་བོད་ཀྱི་གསོ་རིག་དང་འབྲེལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང༌། རིག་གཞུང༌། ལོ་རྒྱུས་ཁག་དང༌། བསྟན་སྲིད་ལ་སྨན་པའི་མཛད་པ་སོགས་བརྗོད་དུ་མེད་པའི་རྣམ་དཀར་འཕྲིན་ལས་རྒྱ་ཆེར་བསྐྱངས་པ་དང་།  དེ་བཞིན་དུ་ ༼སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ལུང་ལྟར་ྋསྤྱི་ནོར་ྋགོང་ས་ྋ་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལས་འཕྲོས་པའི་འབྲེལ་ཡོད་ལོ་རྒྱུས་མདོ་ཙམ་གླེང་བ།༽ ཞེས་པའི་གསུང་རྩོམ་ཡང་མཛད་པ་བཅས་བོད་ཀྱི་གསོ་རིག་འདི་ཉིད་འཛམ་གླིང་འདིར་ཁྱབ་པ་ལ་བླ་མེད་བྱས་རྗེས་གཟེངས་སུ་ཐོན་པ་མཛད། སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱིའི་མཛད་འགན་བཞེས་པ་དང་། གངས་སྐྱིད་སྨན་ཁང་དང་དིལླི་ནི་ཛ་མུ་དིན་སོགས་ཡན་ལག་སྨན་ཁང་ཁག་ཏུ་ཐུགས་འགན་ཆེ་བཞེས་ཀྱིས་ཡང་ཡང་ཕེབས་ཏེ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་པ་རྣམས་ལ་སྨན་བཅོས་རྒྱ་ཆེར་གནང་བའི་མཛད་རྗེས་བརྗོད་ལས་འདས་ཤིང་། མདོར་ན་གསོ་རིག་བསྟན་པར་ཕུལ་དུ་བྱུང་བའི་མཛད་པ་བསྐྱངས་ཏེ་ ༢༠༠༣ ཟླ་ ༥ ཚེས་ ༡༩ དགུང་ལོ་ ༨༣ ཐོག་སྐུ་གཤེགས་ཤིང་། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས་ྋགོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དབུ་བཞུགས་ཐོག་དམ་པ་དེ་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་བཀའ་དྲིན་ཆེ་བའི་མཛད་རྗེས་གཟེངས་རྟགས་ཕུལ་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།


༦། ྋསྐུའི་བླ་སྨན་དམ་པ་ནང་རོང་ཤག་ཀུན་དགའ་འགྱུར་མེད་མཆོག་གི་ལོ་རྒྱུས་སྙིང་བསྡུས།

ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བླ་སྨན་ནང་རོང་ཤག་ཀུན་དགའ་འགྱུར་མེད་མཆོག་ནི། བོད་རབ་བྱུང་བཅུ་དྲུག་གི་ཤིང་ཕག་ (ཕྱི་ལོ་༡༩༣༥) ལོར་ཡབ་རྗེ་སྨན་པ་རིག་འཛིན་དཔལ་འབྱོར་ལགས་དང་ཡུམ་ཚེ་རིང་དཔལ་མོ་ལགས་གཉིས་ཀྱི་སྲས་སུ་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས། དགུང་གྲངས་ལྔ་ལ་སོན་སྐབས་སྐྱེད་བྱེད་མཆོག་གི་དྲུང་ནས་བོད་ཡིག་སློབ་མགོ་ཚུགས་ཤིང་དགུང་ལོ་བརྒྱད་ནས་གཞན་རྗེས་སུ་འཛིན་པ་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་གཉེར་དབུ་འཛུགས་གནང་། དེ་ཡང་ཡབ་རྗེ་སྨན་པ་དམ་པ་མཆོག་གི་ཐུགས་སྐྱེད་བཀའ་དྲིན་ལ་བརྟེན་ནས་སྙན་ནས་སྙན་དུ་བརྒྱུད་པའི་གསོ་རིག་རྒྱུད་ཀྱི་ལྗགས་ལུང་དང་།  དཔལ་ལྡན་རྒྱུད་བཞིའི་ཞལ་ཁྲིད་གདམས་པ་ཐོབ་པར་མ་ཟད། སློབ་ཁྲིད་ཀྱི་ཞར་ཞོར་དུ་སྨན་རྩྭ་འཐུ་སྒྲུབ་དང་། བདུད་རྩི་སྨན་རིགས་སྦྱོར་བཟོའི་ལག་ལེན། ཁྱད་པར་དུ་ཉིན་རེའི་སྨན་བཅོས་ཀྱི་མྱོང་བའི་མན་ངག་ལག་ལེན་དམར་ཁྲིད་ཀྱི་གོ་སྐལ་ཐོབ་པ་རྣམས་ལ་སྐྱེས་བུ་དམ་པའི་རྟུལ་ཞུགས་ཀྱི་ཐུགས་རྩེ་གཅིག་ཏུ་བསྡུས་ནས་གསན་བསམ་གྱི་སྙིང་རུས་བཅངས་པའི་ཉེར་ལེན་ལས་གཞུང་དང་ལག་ལེན་ཟུང་ལ་ཐོགས་པ་མེད་པའི་ཡབ་རྗེ་དམ་པའི་ཐུགས་འགེལ་ལོས་ཆོག་པའི་ཐུགས་སྲས་སུ་གྱུར་ཏེ་མཐར་དགུང་གྲངས་བཅུ་བདུན་ནས་དངོས་སུ་སྨན་བཅོས་ཀྱི་ལས་འཁུར་བླངས་ཏེ་ཉམ་ཐག་བྲོ་འཚལ་རིས་མེད་ཀྱི་ཚོགས་ལ་ཞི་བསིལ་སྨན་གྱི་བདུད་རྩི་སྟེེར་བའི་བསིལ་ཟེར་གཞོན་ནུ་ཞིག་ཏུ་གྱུར། དེ་ཡང་ཕྱག་ལས་གནང་ཡུལ་ཡབ་རྗེ་དམ་པའི་ཡབ་མེས་ནས་འཛུགས་སྐྲུན་གནང་བའི་བར་སྐོར་སྨན་ཁང་ཞེས་པ་དེར་ཡིན།

 

ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་ལྷག་པར་དུ་ ༡༩༦༧ ནས་རིག་གནས་གསར་བརྗེ་སྐབས་བོད་ཀྱི་ནང་ཆོས་དང་དེ་འབྲེལ་སྨན་རྩིས་རིག་གཞུང་ཁག་རྨོངས་དད་དང་། མི་གསོད་ལག་དམར་བ་ཞེས་པའི་ཉེས་མིང་འོག་སྨན་པའི་ཆ་བྱད་དང་། སྨན་ཡོད་ཚད་བཙན་འཕྲོག་དང་རིག་པ་དེ་འཛིན་གྱི་སྐྱེས་བུའི་ཚོགས་ལ་དམྱལ་བ་མི་ཡུལ་དུ་མྱོང་བའི་མནར་གཅོད་ཀྱི་སེར་བ་དྲག་ཏུ་བབས་པའི་རྒོལ་ངན་བྱུང་། དེ་རྗེས་སྲིད་དབང་བསྒྱུར་འགྲོས་དང་བསྟུན་ཕྱི་ལོ་ ༡༩༧༦ ལོ་ནས་བོད་སྨན་ནི་དངོས་གཙོ་རིང་ལུགས་དང་མཐུན་པའི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ངོ་མ་རེད་ཅེས་སྲིན་བུ་རྒྱ་དམར་རྨོངས་གཉིད་ལས་སད་པའི་ཐ་ཚིག་ཅིག་བསྒྲགས་ནས་བོད་སྨན་བསྐྱར་བཟོ་བྱེད་ཆོག་པ་དང་བསྟུན་སྔོན་མའི་སྒེར་གྱི་སྨན་ཁང་དེ་བར་སྐོར་ཨུ་ཡོན་ལྷན་ཁང་ཟེར་བའི་འཛིན་སྐྱོང་འོག་མཉམ་ལས་སྨན་ཁང་ཞེས་སླར་ཡང་གསར་འཛུགས་བྱས་ཤིང་། དམ་པ་ཉིད་ཀྱང་སྨན་ཁང་དེའི་གཙོ་འགན་སྨན་པའི་ཕྱག་ལས་གནང་རྒྱུའི་གོ་སྐབས་ཐོབ་སྟེ་སྨན་བཅོས་ཀྱི་བརྒྱུད་རིམ་ནང་ནད་རིགས་འདྲ་མིན་སྣ་ཚོགས་ལ་བརྟག་དཔྱད་བགྱིས་པ་ལས་ཀུན་གྱིས་ལས་ཁུངས་ཨེམ་རྗེ་ལགས་ཞེས་གཅིག་ནས་གཅིག་ཏུ་བརྒྱུད་སྙན་པའི་གྲགས་པ་ཆེས་ཆེར་གཡོས།

 

ཕྱི་ལོ་ ༡༩༨༣ ལོར་དམ་པ་གང་ཉིད་ལ་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཨུ་ཡོན་ཟེར་བའི་གོ་གནས་ཀྱི་ཕྱག་འཁྱེར་ཐོབ་པས། ཆབ་གྲོས་ཀྱི་ཚོགས་འདུ་ཁག་ལ་ཕེབས་དགོས་པ་དང་། སྨན་ཁང་གི་གསོལ་ཕོགས་སྟེང་ཨུ་ཡོན་གྱི་གསོལ་ཕོགས་ཀྱང་བཞེས་གནང་གི་ཡོད་འདུག

 

ཕྱི་ལོ་ ༡༩༨༥ ལོར་ཕྱིར་བསྐྱོད་ཆོག་པའི་ཕྱག་འཁྱེར་ཞུས་ནས་གནས་མཆོག་རྒྱ་གར་འཕགས་ཡུལ་དུ་གནས་འཇལ་དང་ྋགོང་ས་མཆོག་གི་གསེར་ཞལ་མཇལ་ཆེད་ཕེབས་པ་དང་། རྡ་སར་ཕེབས་པའི་ཉིན་དེ་རང་དུ་ྋགོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཐོབ་སྟེ། ྋརྒྱལ་དབང་མཆོག་ནས་སྨན་པ་ཉིད་ཀྱི་ལས་དོན་དང་སྨན་བཅོས་ལག་རྩལ་ལ་གཟིགས་བསྐྱངས་ཆེར་མཛད་དེ་རྒྱ་གར་དུ་བཞུགས་དགོས་པའི་བཀའ་ཕེབས་པར་བཀའ་སྲུང་དང་ལེན་ཞུས་ནས་དྷ་སྟེང་ཡན་ལག་སྨན་ཁང་དུ་སྨན་པའི་ཐུགས་འགན་བཞེས།

 

ཕྱི་ལོ་ ༡༩༨༥ ལོར་བཀའ་འབྲེལ་ལྟར་དིལླི་ནི་ཛ་མུ་དིན་སྨན་རྩིས་ཁང་དུ་གཏོང་གནང་མཛད་ནས་སྨན་རྩིས་ཁང་གསར་འཛུགས་སྐབས་ནས་སྨན་པའི་ཞབས་འདེགས་ཀྱི་ལས་ཁུར་བཞེས་ཏེ་ཕྱི་ལོ་ ༡༩༩༤ བར་བགྲང་བྱ་བཅུ་མ་ཟིན་ཙམ་བཞུགས་པ་དང་། ཕྱི་ལོ་ ༡༩༨༥ ཟླ་བཅུ་པའི་ཚེས་ཤར་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དོལླིར་ཆིབས་བསྒྱུར་གནང་རིམ་བཞིན་ཕྱག་རྩ་བརྟག་དཔྱད་ཞུ་བར་འཆར་ཅན་ཕེབས་བཅར་གནང་ཡོད་འདུག ཕྱི་ལོ་ ༡༩༩༥ ཟླ་ ༨ ནང་སླར་ཡང་དྷ་སྟེང་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱི་སྨན་ཞབས་གཙོ་འགན་བཞེས།

 

ཕྱི་ལོ་ ༡༩༩༨ ལོའི་ཟླ་དང་པོའི་ཚེས་ཤར་ནས་བཟུང་བསྐལ་བ་དུང་ཕྱུར་མང་པོར་བསགས་པའི་ཚོགས་དང་བསོད་ནམས་ཀྱི་འབྲས་བུ་སྨིན་པ་བཞིན་ྋགོང་ས་མཆོག་སྐུ་ངོ་མས་གང་ཉིད་ཀྱི་བླ་སྨན་དུ་ཐད་བསྐོས་གནང་བར་མཛད། བླ་སྨན་གྱི་ཞབས་ཞུ་གནང་བཞིན་པའི་ཞོར་དུ་སྨན་རྩིས་ཁང་འཛིན་སྐྱོང་ནས་བཀའ་མངགས་གནང་བའི་ཐུགས་འགན་གཙོ་བོ་ཁག་ནི། ཡན་ལག་སྨན་ཁང་ཁག་གི་སྨན་པ་སོ་སོར་སྐབས་འཕྲལ་ཛ་དྲག་སོ་སོར་སློབ་སྟོན་གནང་རྒྱུ་དང་།  རྒྱུན་དུ་དྷ་ས་སྟེང་ཤོད་སྨན་ཁང་གཉིས་ལ་བརྟག་དཔྱད་ཞིབ་འཇུག་གནང་རྒྱུ། སྨན་རྩིས་ཁང་དང་འབྲེལ་བའི་འཆར་འཕར་ལས་དོན་རིགས་གནང་རྒྱུ། སྨན་རྩིས་ཁང་ནས་གཏན་འབེབས་ཇི་ཞུས་བཞིན་ཕྱིར་བསྐྱོད་རིགས་ལ་ཕེབས་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱངས། དམ་པ་ཉིད་གང་དུ་ཕེབས་པ་དེར་འགྲོ་བ་ནད་པ་འཚང་ཁ་ཤིག་ཤིག་ཁེངས་ཤིང་། མཐའ་ན་ཉིད་ཀྱི་གཟིམ་ཁང་དུ་ཡང་སྐུ་ལྷོད་དུ་བཞུགས་དབང་མེད་པར་གཟིམ་ཤག་གི་སྒོ་འགྲམ་དུ་བང་སྒྲིག་ནས་ཡོད་པའི་ནད་པའི་ཚོགས་ལ་ཐུགས་བསུན་དང་དབྱེ་འབྱེད་མེད་པར་སྨན་བཅོས་ཀྱིས་མ་བོར་བར་མཛད།

 

རྒྱ་གར་དུ་ཕེབས་ནས་མི་ལོ་བཅུ་བདུན་ཙམ་འདས་པའི་ནང་དམ་པ་དེ་ཉིད་ཀྱིས་རྒྱ་གར་གྱི་ས་ཕྱོགས་མུམ་བཻེ་དང་། བེངྒ་ལོར། ཀོལ་ཀཏ་ཏ། གོ་འ། སིམ་ལ། མ་སུ་རི། རྡོར་གདན། ཝྭ་ར་ཎ་སི། ལྷོ་ཕྱོགས་གདན་ས་སེར་འབྲས་དགའ་གསུམ། ཧུན་སུར། ཨོ་རི་ས། ཀཱརནཱ་ཊ་ཀ ཀུ་ལི་མ། དཱམ་བག ཌེ་རཱ་ཌུན་སོགས་སུ་སྨན་བཅོས་ཀྱི་འགྲོ་དོན་བསྐྱངས། ལྷག་པར་དུ་ཕྱི་ལོ་ ༡༩༨༩ ལོ་ནས་ལུས་སེམས་གཉིས་ཀའི་གསོས་སུ་གྱུར་བའི་ཐུན་མོང་མ་ཡིན་པའི་གངས་ཅན་གསོ་རིག་གཞུང་ལུགས་འདི་ཉིད་འཛམ་གླིང་མི་དམངས་ལ་ཞབས་འདེགས་ཞུ་བའི་གསོས་སུ་འགྱུར་ཆེད་སྔ་ཕྱིར་ཕྱི་རྒྱལ་ཡུལ་གྲུ་ཧོ་ལན་དང་། སུད་སི། ཨསྟྲིཡ། པོ་ལནཌ། ཧངྒ་རི། བེལ་ཇི་ཡམ། བལ་ཡུལ། ཐའེ་ལནཌ། ཨ་རི་སོགས་ལ་ཐེངས་མང་ཕེབས་ནས་བོད་སྨན་སྐོར་གྱི་གསུང་བཤད་དང་བརྟག་དཔྱད་སྨན་བཅོས་ཀྱི་ཞབས་འདེགས་ལེགས་པར་ཞུས་གནང་བར་མ་ཟད། ྋགོང་ས་མཆོག་གི་བཀའ་དགོངས་ལྟར་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཁམས་སྙུན་གསོས་སྨན་བཅོས་ཕྱིར་རྒྱ་ནག་ཏུ་གསང་བའི་ཐོག་ནས་ཕེབས་ཞོར་ཧོང་ཀོང་དང་། སི་ཁྲོན། ཁྲེན་ཏུའུ། གྷོང་ཀྲའུ་སོགས་སུ་བདུད་རྩི་སྨན་བཅོས་ཀྱི་ཆོས་འཁོར་བསྐོར་བར་ཞབས་ཀྱིས་བཅགས་ནས་བྲོ་འཚལ་བ་ཀུན་ལ་མཐོ་དམན་གྱི་དབྱེ་འབྱེད་མེད་པར་བྱང་ཆུབ་སེམས་པའི་རྒྱན་གྱིས་བཏགས་པའི་གསོ་རིག་བསྟན་འཛིན་སྐྱེས་བུའི་རང་མདངས་མངོན་པར་མཛད་པས་འཛམ་གླིང་ཤར་ནུབ་ཀུན་ཏུ་གང་གི་གྲགས་པའི་བ་དན་ཕྱོགས་བཞིར་གཡོས། འོན་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ་དངོས་པོའི་ཆོས་ཉིད་དང་སྐྱེས་པའི་མཐའ་མ་འཇིག་དགོས་པ་ནི་ལྡོག་ཏུ་མེད་པའི་རང་བྱུང་གི་ཆོས་ཉིད་ཅིག་ཡིན་པ་ལྟར། ཕྱི་ལོ་ ༢༠༠༡ ཟླ་བ་ལྔ་པའི་ནང་གཞུང་གི་བཀའ་འབྲེལ་ལྟར་ཨ་རི་མི་ནི་སོ་ཀྲའི་སློབ་གྲྭ་ཆེན་མོའི་ (Center for Spirituality and Healing) ཞེས་པའི་ཚོགས་པས་གོ་སྒྲིག་གནང་བའི་བོད་ལུགས་གསོ་རིག་སྨན་ཐང་སྒྱུ་རྩལ་སྐོར་གྱི་ཚོགས་འདུར་གདན་ཞུ་གནང་བ་ལྟར་བོད་སྨན་སྐོར་གསུང་བཤད་དང་།  བཅའ་འདྲི་ཁག་ལ་རྒྱུད་གཞུང་ལས་དྲངས་པའི་ལན་འདེབས། ཚོགས་འདུ་གྲོལ་རྗེས་ནད་མནར་བ་རྣམས་ལ་བརྟག་དཔྱད་སྨན་བཅོས་ཀྱི་བཀའ་དྲིན་བསྐྱངས་པའི་སྐབས་དེ་དུས་ནས་དམ་པ་དེ་ཉིད་ནད་ཀྱིས་མནར་ཡང་གཞན་ལ་སྦ་གསང་གི་ཚུལ་དུ་བཞུགས་ཀྱང་ཕྱི་ཟླ་ ༥ ཚེས་ ༡༩ ནས་ཨ་རིའི་གྲོང་ཁྱེར་ཆི་ཁཱ་ཁོའོ་རུ་བོད་སྨན་སྐོར་གྱི་གསུང་བཤད་དང་བརྟག་དཔྱད་སྨན་བཅོས་ཆེད་ཕེབས་ཐོན་སྐབས་སྙུན་གཞི་གློ་བུར་དུ་ལྕི་རུ་གྱུར་བ་དང་། རྗེས་སུ་ནད་གཞི་ཤིན་ཏུ་ཛ་དྲག་ཏུ་གྱུར་བས་ཕྱི་ཟླ་ ༦ ཚེས་ ༡༢ ནས་ ༢༠ བར་ནེའུ་ཡོག་གི་ལས་རིམ་ཚང་མ་ཕྱིར་འཐེན་གྱིས་རྒྱ་གར་དུ་ཕྱི་ལུགས་སྨན་པ་གདན་འདྲེན་ཞུས་ཀྱིས་སྨན་བཅོས་གནང་ཡང་ཕན་འབྲས་མ་བྱུང་བར་མཐར་ཕྱི་ཟླ་ ༨ ཚེས་ ༡༢ ཞོགས་པར་སྐུ་ཚེའི་འཕེན་པ་རྫོགས།

 

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས་ྋགོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དབུ་བཞུགས་ཐོག་དམ་པ་དེ་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་བཀའ་དྲིན་ཆེ་བས་མཛད་རྗེས་གཟེངས་རྟགས་ཕུལ་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།། །།

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།