ྋརྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་སྨན་སྤེལ་ཚུལ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022 |
ྋརྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་སྨན་སྤེལ་ཚུལ།
འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལེའུ་རབ་འབྱམས་སོ་དྲུག་པ་ལས། སྟོན་པའི་གསུང་རབས་སྟེང་དུ། དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱི་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་དང་། ཡི་གེ་མ་ཞེས་གཞོན་ནུ་ཞེས། །དང་པོ་ཐ་མ་ཆོས་ལ་དགའ། །ཞེས་མཚན་སྒྲ་མཛད་པ་སོགས་དང་། བཀའ་གདམས་གླེགས་བམ་ཕ་ཆོས་ལས། དེའི་དུས་ཀྱི་སྐྱེ་བ་དེ་མེའི་ས་བོན་ལས་རུས་བྱས་པའི་ལུགས་ཡིན། ཆོས་གང་བྱས་ངར་ཆེ། ལྷག་པར་ལྷ་དྲག་པོའི་བསྙེན་པ་ལ་དགྱེས་ཤིང་བསྔགས། བདུད་སྡེ་དང་སྡིག་ཅན་གྱིས་མི་བཟོད་པར་ཚར་གཅོད་པའི་རིགས་ཡིན། གསང་སྔགས་ཀྱི་དྲག་ལས་ལ་དགྱེས་པའི་རྒྱུ་དེས་སླར་རྩོད་པ་མང་བ་དང་ཕན་ཚུན་གྱི་ཟེར་སྒྲོས་མང་། འོ་ནའང་རང་ཕམ་པར་མི་ནུས། ཞེས་སྐུ་རུས་དགུང་སྙིང་མཛད་པ་དང་བཅས་པ་བསྟན། དེ་མཚུངས་བུ་ཆོས་ལས་ཀྱང་། བོད་ཁ་བ་ཅན་པའི་སེམས་ཅན་རྣམས། །བུ་སྙིང་མེད་ཕ་ལ་གཤེ་བ་བཞིན། །ང་ཕན་བདེའི་འབྱུང་གནས་རིན་ཆེན་ལ། སེམས་རྟོག་པ་ཆེ་ཞེས་དམོད་པར་བྱེད། །ཅེས་མཛད་པ་སོགས་ལུང་གསལ་བར་བསྟན། སློབ་པོའི་བཀའ་ཐང་ལས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཉིད༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔ༔ འཕྲུལ་ལྔ་བསྒྱུར་བའི་སྟོབས་སུ་འགྱུར༔ འདྲ་མིན་ཞིག་དང་མ་ནོར་ན༔གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔ བྱང་མི་འདུལ་སྐྱོང་གནམ་སའི་བདག༔ ཟ་ཧོར་ཆབ་ལས་འབེབས་པ་འབྱུང་༔ ཞེས་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་མདོ་སྔགས་ཀྱི་བསྟན་པ་སྐྱོང་བ་ལྔ་རེ་འབྱོན་ཞིང་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པའི་མཐུ་སྟོབས་དང་ལྡན་པ་བྱང་མི་ཤས་ཆེ་བའི་གདུལ་བྱ་སྐྱོང་བ། ཟ་ཧོར་གྱི་གདུང་སོགས་དང་། རཏྣའི་སྤྱི་ལུང་ཆེན་མོ་ལས། དེ་ནས་སྔོན་གྱི་ཐུགས་བསྐྱེད་རྒྱལ་པོ་ནི༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་དབུས་ནས་འབྱུང༔ བློ་གྲོས་སྟོབས་ལྡན་བཟང་པོའི་མཚན་སྒྲ་ཅན༔ སྣ་ཚོགས་ཐབས་ཀྱི་འགྲོ་བའི་ཁ་ལོ་བསྒྱུར༔ ཆོས་ཀྱི་རྒྱལ་པོ་དཔུང་དང་བཅས་པ་འབྱུང༔ ཞེས་དང་། དབུས་གཙང་ཐམས་ཅད་སྐུ་ཡི་ཆབ་འོག་འདུས༔ རྫུ་འཕྲུལ་མཐུ་ལྡན་བསྟན་པའི་བདག་པོ་འབྱུང༔ ཞེས་སྤྲུལ་གཞི། མཚན་ཟུར། དུས་རྟགས། མཛད་པ་ལ་སོགས་པ་གསལ་བའི་ཤིན་ཏུ་རྒྱས་པ་དང་། ཞིག་པོ་གླིང་བའི་གཏེར་ལུང་དུ། ཁྲ་འབྲུག་མཆོད་རྟེན་སྲིན་པོའི་ཁ་གནོན་འདི༔ ཞིག་གསོ་མེད་པར་རང་འགྱེལ་བྱུང་བའི་དུས༔ སྲོང་བཙན་ཕྱོགས་ཀྱི་ཟ་ཧོར་བརྒྱུད་པ་ཡིས༔ བསྟན་པ་དབུས་གཙང་ཡོངས་ལ་གཅུ་བར་འགྱུར༔ ཞེས་དང་། དེ་བཞིན་དུ་རྡོ་རྗེ་གླིང་བ། རིག་འཛིན་སྲོག་སྒྲུབ། ཡོལ་མོ་སྤྲུལ་སྐུ། གཏེར་བདག་གླིང་བ། ཟླ་བ་རྒྱལ་མཚན་སོགས་ཟབ་གཏེར་གྱི་ལུང་བསྟན། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་སྐྱེས་བུ་དམ་པའི་ཉམས་སྣང་དང་བཅས་པའི་ལུང་གིས་གསལ་བོར་ཟིན་པ། བདག་གི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཆེན་པོ། འཇིག་རྟེན་ཐམས་ཅད་ལ་རྒྱུ་མེད་པར་ཡང་གཅིག་ཏུ་མཉེས་གཤིན་པའི་ངང་ཚུལ་ཅན། རིང་མོ་ཞིག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་གི་ཕ་རོལ་ཏུ་སོན་པས་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་གཞལ་དུ་མེད་པའི་ཡོན་ཏན་རྣམས་དང་མཚན་དཔེས་རབ་ཏུ་བརྒྱན་པ་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་མཛད་དེ། མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་འཁོར་ལོ་བསྒྱུར་པ་དང་། ཁམས་ཀྱི་རྒྱལ་པོ་དང་། བརྒྱ་བྱིན། ཚངས་པ། ཁྱིམ་བདགརབ་བྱུང་ལ་སོགས་པ་གདུལ་བྱ་དང་འཚམ་པའི་རྣམ་པར་འཕྲུལ་བ། ཇི་ལྟར་ནམ་མཁའི་ལམ་ལས་ཟླ་བའི་དཀྱིལ་འཁོར་གཅིག་གིས་སའི་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་པ་ཞིག་གི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་འབད་རྩོལ་མེད་པར་སྟོན་པ་བཞིན། བསིལ་ལྡན་ཁ་བའི་ལྗོངས་ཀྱི་འགྲོ་བ་རྣམས་ཀྱི་ངོར་སྡོམ་བརྩོན་རྒྱལ་པོའི་ཚུལ་དུ་རྫོགས་པའི་སངས་རྒྱས་དང་བལྟམས་པའི་གཟའ་སྐར་སོགས་ཆ་ཕྲ་མོས་ཀྱང་དབྱེ་བ་མེད་པར་ཕེབས་པ། དོན་སླད་མཚན་ནས་སྨོས་པ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཆེན་པོའི་ཆོས་སྲིད་གདུགས་དཀར་གྱིས་རྒྱ་བོད་ཧོར་གསུམ་ཕེབས་ཏེ། གནམ་སའི་བདག་པོར་གྱུར་པ་ནས་ཐུབ་བསྟན་སྤྱི་དང་བྱེ་བྲག་མདོ་སྔགས་རིག་གནས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་མཛད་ཅིང་། གསོ་བ་རིག་པ་ལ་སྤྱིར་སངས་རྒྱས་འཕགས་པར་མ་ཟད་རྣམ་པའང་རྒྱུད་བཞི། བདུད་རྩི་བུམ་པ། བྱེ་བ་རང་བསྲེལ། གོང་སྨན་པའི་ཉམས་ཡིག་སོགས་གསོ་དཔྱད་ཀྱི་ཡིག་ཆའི་ལུང་མ་ལུས་པ་དང་། ཟབ་མོ་གཡུ་ཐོག་སྙིང་ཏིག་གི་གདམས་པ་ཉམས་སུ་བཞེས། བདུད་རྩི་བུམ་པའི་རྣམ་དག་དབང་གི་ཆུ་རྒྱུན་གྱི་གསལ་བྱེད་བདུད་རྩིའི་ཟླ་སྣང་བསྩལ་བ་སོགས་རིགས་འདུས་སྨན་པའི་རྒྱལ་པོར་གྱུར་ནའང་། ཚུར་མཐོང་གི་ངོེར་རྒྱུད་ཆུང་གསུམ་ཐུགས་འཛིན་དང་བཤད་པ་ས་དཔྱད་རྡེལ་འགྲེམས་ཕྱག་ལེན་སྨན་གྱི་ངོ་སྤྲོད་རགས་པ་གསན་ཚུལ་ལས་ཕྲ་ཞིབ་མཁྱེན་པའི་ཚུལ་དང་བཀའ་འབུམ་གྱི་རིགས་མ་སྩལ་ཞིང་། དེ་དག་གི་དབང་གི་བྱད་ངོས་ནས་ནང་སོ་དར་རྒྱས་ཀྱིས་ཞབས་བསྐུལ་ཞུས་པ་བཞིན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་གྲྭ་ཐང་པར་མའི་བུ་ཇི་བཞིན་ལ་འདྲ་ཞུས་སློབ་དཔོན་དོན་གྲུབ་དཔལ་བ་སོགས་བྱེད་འཇུག་གནང་པ་དང་། དར་མོ་སྨན་རམས་པས་གསོལ་བ་བཏབ་པ་དང་མ་དཔེ་འབུལ་མི་གང་བྱུང་ལྟར་གྱི་ཆ་ལག་བཅོ་བརྒྱད་། དར་མོ་ནས་རྣམ་གླིང་པཎ་ཆེན་ཟུང་གིས་གསོལ་བ་བཏབ་ཅིང་རྣམ་པཎ་རང་ཞུས་དག་བྱེད་འཇུག་པ་གནང་བའི་ཟུར་མཁར་བའི་མེས་པོའི་ཞལ་ལུང་རྩ་ཤད་གཉིས་དང་ཕྱི་རྒྱུད་ཆུ་མདོ་ཡན་སོགས་ལ་རྗེ་ཉིད་ཀྱི་ལྗགས་ཞུས་ཚད་ལྡན་མ་སྩལ་ཏེ་ཕྱོགས་ཙམ་གྱི་མེད་པ་ལས་དྲག་པར་དགོངས་ཏེ་ཡོ་བྱད་མཐའ་དག་འབད་མེད་དུ་སྦྱར་བར་གནང་སྟེ་པར་དུ་བསྐྲུན་པའི་འཛད་མེད་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ། འབྲས་སྤུངས་དགའ་ལྡན་ཕོ་བྲང་ནུབ་མར་ཐོག་མ་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སློབ་དཔོན་དང་། རྗེས་སུ་བྱང་ངོས་ནས་ཀྱིས་དོ་དམ་བྱས་ཏེ་གསོ་རིག་འགྲོ་ཕན་གླིང་དང་། གཞིས་ཀ་བསམ་གྲུབ་རྩེར་ཚ་རོང་བས་དོ་དམ་བྱས་དྲང་སྲོང་འདུས་པའི་གླིང་སྟེ་སློབ་གྲྭ་ཁག་གཉིས་ཀྱི་རྒྱུན་འཛུགས་པ་གནང་བས་རྒྱུད་བཞིའི་རྒྱུགས་འབུལ་བ་ཡང་སྔ་ཐོག་མང་བ་བྱུང་བར་སྣང་ཞིང་། ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བྱང་ངོས་ནང་སོ་དར་རྒྱས་དང་རྗེས་སུ་དར་མོ་སྨན་རམས་པའི་སློབ་གྲྭ། གཞན་ཡང་ལྷག་བསམ་དང་ན་བཟའ་གླིང་བ་ཚོགས་ཀྱི་སློབ་མ་ལ་ཡང་ཕོགས་མཐུན་རྐྱེན་སོགས་སྩལ། རྒྱུད་ལས། རིན་པོ་ཆེ་ཡི་མི་སེལ་གང་ཡང་མེད། །ཅེས་པ་ལྟར་དུག་རིགས་སོགས་ལྡན་འདུས་གཙོར་གྱུར་གྱི་ནད་རིགས་བཞི་བརྒྱ་རྩ་བིཞིའི་གཉེན་པོ་བླ་ན་མེད་པ་ཚེ་བསྲིང་བ། ལང་ཚོ་དར་ལ་འབབ་པ། ལུས་ལ་བཅངས་པ་ཙམ་གྱིས་ཐོག་སེར་མཚོན་དང་སྡེ་བརྒྱད་ལ་སོགས་ཀྱི་གནོད་པ་བསྲུང་བ། ལོངས་སུ་སྤྱད་པས་ངན་སོང་གི་སྐྱེ་སྒོ་གཅོད་པ་སོགས་ཕན་ཡོན་དུ་མ་དང་ལྡན་པའི་རིན་ཆེན་རིལ་བུ་སྔར་རྒྱལ་རྩེ། ཡར་སྟོད་པ། ཡར་རྒྱབ། ཞྭ་དམར་ནགའབྲི་གུང་། རྩེ་ཆེན་པ་སོགས་སྡེ་དཔོན་བླ་ཆེན་མང་དག་གིས་རྩོལ་བ་མཛད་ཀྱང་སྨན་སྣ་གྱ་གསུམ་ཙམ་ལ་མང་མཐའ་དང་། རིན་པོ་ཆེ་དཀོན་པའི་རིགས་ཆུར་སྦངས་པ་བསྲེས་པ། བུ་མོ་སྟག་ལོ་མ་གློ་བུར་དུ་བསད་དེ་ཁ་ན་མ་ཐོ་བས་སྦགས་པ་སོགས་ཚད་དང་མཐུན་པ་ཞིག་བྱུང་བར་མི་སྣང་བས། འགྲོ་སྲོག་སྐྱོབ་པའི་མཆོད་སྦྱིན་དུ་དགོངས་ཏེ་ཕྱག་མཛོད་ཁག་ནས་མ་ཐོན་པ་ལས་སྒོ་ཡས་མས་ཚང་མར་རྩོལ་སྒྲུབ་ཀྱི་སྨན་འཛོམ་ཆེ་བའི་སྟེང་ཏྭང་ཀུན་གྱི་རྒྱལ་ཁབ་ཆེན་པོར་ཆིབས་བསྒྱུར་སྐབས་ཁབ་ལེན་རྡོ་དང་ལྕགས་ཕྱེ་ལྟར་འབུལ་མི་བྱུང་བ་དང་། རྒྱལ་མོ་རྡོ་རྗེ་རབ་བརྟན་མས་སྟོད་ཧོར་ནས་བྱུང་བ། ཅུང་ཝང་གིས་ཕུལ་པ་སྟེ་སྲིད་ན་དཀོན་པའི་རིན་པོ་ཆེ་མང་པོ། འོ་སྐོལ་གྱི་སྟོན་པས་གཙོས་བྱང་སེམས་ཉན་རང་སློབ་མར་བཅས་པའི་རིང་བསྲེལ། ཨ་རུ་ར་གསེར་མདོག་སྙིམ་པ་ཙམ་པ། དུང་དཀར་གཡས་འཁྱིལ། སེང་གེ་དཀར་མོའི་འོ་མ། སྟག་གསོན་མའི་སྨ་ར། ཕ་ལམ། བེེ་ཌཱུརྱ་ཁ་དོག་སྣ་ཚོགས། སྦུར་ལེན། སྤུགམུ་ཏིག་སོགས་ལྷ་ཀླུ་མིའི་རྡོ་རྗེ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ས་རྡོ་ལྟ་བུར་འཕང་མེད་ཏུ་གཏོང་བ་གནང་སྟེ། སྔོན་གྱི་རིན་ཆེན་རིལ་བུ་དུ་མའི་རྟ་དང་བཅས་གྲང་སྦྱོར། ཚ་སྦྱོར། རྟ་རི་མ། དབང་ཕྱུག་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ལས་གསུང་རྒྱུད་མེ་ལྕེ་འབར་མའི་དགོངས་དོན་གྱི་དུག་འཇོམས་དབང་རིལ་སོགས་ཕོན་ཆེ་བར་ལྷའི་བདུད་རྩི་འཆི་མེད། ལྷ་མིན་གྱི་བདུ་རྩི་འཆི་གསོས། མིའི་བདུད་རྩི་བདེ་བྱེད་དུ་འགྱུར་བར་བྱིན་གྱིས་བརླབས་ཏེ་དགེ་བའི་རྒྱུན་བཟང་བཙུགས་། འཕགས་ཡུལ་ནུབ་ཕྱོགས་མ་ཧོ་རའི་བྲམ་སེ་སེནྱ་སི་གོད་ར་རཉྩོ་ར་དང་། མ་ཧཱ་ལོ་ཙཱ་བ་འདར་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གཉིས་ཀྱི་ཚེའི་རིག་བྱེད་མཐའ་དག་གི་སྙིང་བོ་བསྡུས་པ་དང་། རྒྱ་གར་ཕ་ཧའི་སྨན་པ་དཱ་ན་ད་བའི་སྨན་བཅོས་ཕན་བྱེད་ཀྱི་འཁོར་ལོ་རིགས་མི་གཅིག་པ་བདུན་ཅུ་རྩ་གཉིས། མ་དྷུ་རའི་རྒྱལ་རིགས་ཚེའི་རིག་བྱེད་འཛིན་པ་ར་གུ་ནཱ་ཐས་ཚངས་པ་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་ཞེས་བྱ་བ་དང་། ཕན་བྱེད་མན་ངག་ལག་ལེན་ཐོར་བུ། ཤཱ་ཛང་གི་སྨན་པ་མ་ན་ཧོས་མིག་འབྱེད་མཐོང་བ་དོན་ལྡན་རྣམས་ལོ་ཙཱ་བ་གོང་བཞིན་གྱིས་བྱས་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ལར་བསྒྱུར་བའི་བཀའ་ལུང་ཕེབསམ་ཤིང་མཐུན་རྐྱེན་བསྩལ། གངས་ཅན་གྱི་ལྗོངས་ནས་ཀྱང་གྲ་ཕྱི་སྟོད་ལུགས་པ་གནས་ལུགས་ཆེད་ཀྱིས་བོས་ཏེ་མི་ཏྲ་ཛོ་ཀི་དང་བོད་ལུགས་ཀྱི་མིག་འབྱེད། གཙང་སྟོད་དར་མགོན་གྱི་བརྒྱུད་པ་དགེ་སློང་གཞན་ཕན་སྙིང་པོ་བསྡུས་པ། ཟིན་ཏིག་གཅེས་བསྡུས། གསེར་བྲེ། བྱང་བ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གི་བཤད་རྒྱུད་འགྲེལ་ཆེན་སོགས་ལུང་མན་ངག་དུ་མ། གཉའ་ནང་ནམ་མཁའ་ལྟར་གྲུབ་ཐོབ་ཨྱོན་པ་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་རྣམས་དར་མོ་སྨན་རམས་པ་དང་ལྷག་བསམ་གཉིས་གཙོར་གྱུར་གྱི་གཉུ་མར་གནས་པ་རྣམས་ལ་འགྲོ་ཕན་གྱི་ཆེད་སློབ་ཏུ་འཇུག་པ་གནང་། རྣམ་གླིང་པཎ་ཆེན་དང་དར་མོ་བ་བློ་བཟང་ཆོས་གྲགས་ཟུང་དུ་འཇུག་པས་མེས་པོའི་ཞལ་ལུང་གི་འཕྲོ་ཕྱི་རྒྱུད་མཆུ་མདོ་མན་གྱི་འགྲེལ་བ་རྡོ་རྗེ་མདུད་འགྲོལ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་མེར་མོ་བ། ལ་ར་བ་རྣམས་ཀྱི་འབྲི་མཆན་སོར་བཞག་གི་འབྲུ་འགྲེལ་མ་ཡིན་པར་འབྲི་མཆན་དང་། སྔར་འགྲེལ་ཡོད་རྣམས་དེ་བསྟན་དང་། འགྲེལ་མེད་རྣམས་རང་སར་བཞག་པའི་དཀའ་འགྲེལ་གྱི་ཚུལ་གསེར་རྒྱན། གཡུ་ཐོག་གསར་རྙིང་གི་རྣམས་ཐར་ཡང་ལ་ར་བས་ཡིག་རྙིང་ལས་བསྡུས་པ་རྣམ་ཀྱང་གདུལ་བྱའི་བློ་བསྟུན་གྱི་བགྱིད་འཇུག་ཏུ་སྩལ། དེ་དག་ཞབས་བསྐུལ་དང་བསྟུན་པར་དུ་བརྐོ་རྒྱུའི་པར་བྱང་སོགས་བསྩལ། གཞན་ཡང་སྐུ་འདི་ཐོག་ཉི་ཐང་ཞབས་དྲུང་ངག་དབང་གཞོན་ནུས་རྒྱུད་ཆུང་གསུམ་གྱི་འགྲེལ་བ་དང་། བོད་མཁས་མི་ཕམ་དགེ་ལེགས་ཀྱི་བྱང་ཁོག་ཡུལ་ཐིག། སྨན་གྱི་རོ་ནུས། ལྷུན་སྡིངས་རྣམས་རྒྱལ་རྡོ་རྗེས་རྡོ་རིང་རྒྱན་མཆོག་སོགས་བསྟན་བཅོས་རྩོམ་མིའང་མང་ཙམ་བྱུང་བ་སྣང་།
མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:56 PM
<< སྔ་མ།