སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

ྋགོང་ས་མཆོག་གིས་སྨན་རྩིས་ལྔ་བཅུའི་དུས་དྲན་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.04.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ནོར་༸གོང་ས་མཆོག་གིས་སྨན་རྩིས་ལྔ་བཅུའི་དུས་དྲན་ལ་གནང་བའི་བཀའ་སློབ།

སྤྱི་ལོ་ ༢༠༡༡ ལོའི ཟླ་ ༣ ཚེས་ ༢༣ ཉིན་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸ གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་༸ རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་འཕགས་ཡུལ་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་དོན་ཞལ་བཞེས་ལྟར་བཞུགས་སྒར་རྡ་ས་དབུས་སྨན་རྩིས་ཁང་དུ་བཀའ་དྲིན་ཞབས་སོར་ཆིབས་བསྒྱུར་བསྐྱངས་ཏེ་མི་འཇིགས་གདོང་ལྔའི་བཞུགས་ཁྲིའི་སྟེང་སྐུ་བཞེངས་མཛད་དེ་བཀའ་སློབ་བསྐལ་བཟང་སྙིང་གི་ནོར་བུ་བཀའ་བསྩལ་གནང་བ་གཤམ་གསལ།

དེ་རིང་འདིར་ཆེད་དུ་གཉེར་ནས་ཕེབས་པའི་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་། དེ་བཞིན་ང་ཚོའི་གྲོགས་པོ་རྣམ་པ། ཕྱི་མི་རྣམ་པ། གཙོ་བོ་སྨན་རྩིས་ཁང་གི་འགན་འཛིན། དགེ་སློབ། ལས་བྱེད་རྣམ་པ་བཅས་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་བཞིན་ཡོད།  དེ་རིང་འདིར་ལོ་ལྔ་བཅུ་ཕྱིན་པའི་དུས་དྲན་བྱེད་རྒྱུ་བྱུང་བ་རེད།  ང་ལ་ཞེ་དྲག་ཞུ་རྒྱུ་མི་འདུག་ལ་དུས་ཚོད་ཀྱང་ཞེ་དྲག་མི་འདུག  ད་ལྟ་འདིར་ལས་བསྡོམས་ནང་བཀོད་པ་ནང་བཞིན་ལོ་ལྔ་བཅུའི་རིང་ལ་གང་ལ་གང་འཚམས་ཀྱི་གྲུབ་འབྲས་ཐོན་བསྡད་པ་དེ་གསལ་པོ་ཞེ་དྲག་རེད།      ཚང་མས་མཐོང་ཆོས་སུ་གྱུར་པ་དེ་རེད།  ད་ལྟ་ང་ཚོར་གྲུབ་འབྲས་གང་ཙམ་ཐོན་ཐུབ་པ་དེར་ཆོག་ཤེས་བྱས་ནས་འགྲིག་བསྡད་ཡོད་བསམས་པ་བྱས་ན་ཡར་རྒྱས་འགྲོ་རྒྱུའི་འགོག་རྐྱེན་དེ་རེད།  དཔེར་ན།  ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང་རེད། ང་རང་ཉིད་ལ་ཆ་བཞག་ན་ཡང་ཕྲན་བུའི་གོ་རྟོགས་མཐོ་རུ་ཕྱིན་པའི་སྐབས་སུ་ད་ང་འགྲིག་བསྡད་ཡོད་བསམས་ནས་བསྡད་ན་ས་ལམ་གྱི་རྟོགས་པ་བརྙེས་རྒྱུ་མེད་པ་དེ་གསལ་པོ་ཞེ་དྲག་རེད།

བྱས་ཙང་དེ་ནང་བཞིན་བྱས་ནས་ང་རང་ཚོ་ལས་ཀ་གང་འདྲ་ཞིག་ཡིན་ནའང་ཆོག་ཤེས་ངང་རྒྱུན་ལྡན་ལྟར་བྱས་ནས་བསྡད་པ་ཡིན་ན་ཡར་རྒྱས་འགྲོ་རྒྱུ་མེད།  གསོ་བ་རིག་པར་ཆ་བཞག་ནའང་རེད། གདན་ས་གསུམ་ལ་ཆ་མཚོན་ནའང་རེད། ངས་རྟག་པར་བཤད་བསྡད་ཀྱི་ཡོད།  འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ་ནམ་རྒྱུན་ང་ཚོས་རྩོད་བསྡད་པའི་འགྲོ་སྟངས་གཅིག་པུ་དེ་རང་ལ་བསྐོར་བ་བརྒྱབས་ནས་བསྡད་ན་ཡར་རྒྱས་འགྲོ་རྒྱུ་མེད།  ང་ཚོས་རིགས་ལམ་གྱིས་གཞུང་ཆེན་བལྟ་ཀློག་བྱེད་བཞིན་པ་དག་སོ་སོའི་རིགས་ལམ་གྱི་འགྲོ་སྟངས་དེ་འཁྱེར་ནས་སློབ་ཚན་གཞན་དག་གི་ནང་དུའང་རིགས་ལམ་དེས་དཔྱད་པ་བྱེད་ཐུབ་རྒྱུ་དང་བློ་གྲོས་རྒྱ་བསྐྱེད་གཏོང་དགོས།  གདན་ས་ཚོར་ཡིན་ནའང་ཚན་རིག་སློབ་སྦྱོང་བྱེད་དགོས་ཞེས་བཤད་བསྡད་ཀྱི་ཡོད།    དེ་དག་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་ད་ལྟ་ང་ཚོའི་གཞུང་ཆེན་དག་གིས་ལྡེང་གི་མི་འདུག་ཅེས་ཟེར་གྱི་མེད།  ང་ཚོས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་དེ་ནི་ཤེས་བྱ་མཐའ་དག་ཤེས་པ་ཞིག་དགོས་ཀྱི་ཡོད།

 ང་རང་ཚོ་དེ་སྔའི་དུས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་ལབ་དུས་ཕལ་ཆེར་རིག་གནས་ཆ་ཚང་ཚང་བ་ལྟ་བུ་ཞིག་རེད། དེ་རིང་ཁ་སང་གི་དུས་ཚོད་ལ་རིག་གནས་གསར་པ་མི་འདྲ་བ་དག་ཤེས་དགོས་ཀྱི་ཡོད་རེད། རྟོགས་དགོས་ཀྱི་ཡོད་རེད།  གདན་ས་གསུམ་ལ་ཆ་མཚོན་ནའང་ལོ་བརྒྱ་ཕྲག་མང་པོའི་རིང་ལ་གོམས་གཤིས་ཡོད་བསྡད་པ་དག་ལ་ཆོག་ཤེས་བྱས་ནས་བསྡད་ན་འགྲིག་གི་མི་འདུག་ཅེས་འབོད་བསྐུལ་བྱེད་ཀྱི་ཡོད།   ཁྱེད་རང་ཚོ་འདིར་ཆ་བཞག་ནའང་དེ་དེ་བཞིན་རེད།  ད་ལྟ་ཡག་ཐག་ཆོད་ཡོད་བསམས་ཏེ་བསྡད་ན་འགྲིག་ཐབས་མེད ། ཁྱེད་རང་ཚོ་སྒེར་པའི་སྨན་པ་ཚོར་ཆ་བཞག་ནའང་གང་ལ་གང་འཚམས་ཤིག་ཤེས་བསྡད་པ་དེ་གཅིག་པུས་འགྲིག་ཐབས་མེད།  ངས་རྩེད་མོ་དང་སྦྲགས་བཤད་བསྡད་ཀྱི་ཡོད། ནད་ཚ་གྲང་གི་དབྱེ་བ་ཤེས་པ་ཙམ་གྱིས་དེ་ཚ་བའི་ནད་རེད་ཅེས་བསིལ་སྨན་དང་། དེ་གྲང་བའི་ནད་རེད་ཅེས་དྲོད་སྨན་ཏོག་ཙམ་སྤྲད་ནས་བསྡད་ན་དེས་ལྡེང་གི་མེད།  གང་འཚམ་ཞིག་སོ་སོའི་གཞུང་ནས་བཤད་བསྡད་པ་དེའི་སྟེང་སོ་སོའི་ཉམས་མྱོང་དང་སྦྲེལ།  སྔོན་མ་ཡེ་ཤེས་དོན་ལྡན་ལགས་ཀྱིས་ཟེར་བསྡད་ཀྱི་ཡོད། བོད་ས་མཐོའི་གནམ་གྲང་མོའི་ནང་ལ་བཟའ་རྒྱུའི་སྨན་གྱི་རིགས་ཁ་ཤས་རྒྱ་གར་ཚ་བའི་ལུང་པའི་ནང་ལ་མི་འཕྲོད་པ་ཡོང་གི་རེད་ཅེས་ཨེམ་ཆི་ལགས་ཀྱིས་བཤད་བསྡད་ཀྱི་རེད། དེ་ཚོ་བདེན་པ་རེད།  ཡུལ་གྱི་གནས་སྟངས་འགྱུར་བ་ཕྱིན་ཏེ། དེ་སྔ་བོད་ལ་ཡོད་བསྡད་པ་དེ་རྐྱང་རྐྱང་གི་ཐོག་ནས་ཕྱིན་ན་རན་དང་མི་རན་དཔེ་ཆའི་ཐོག་ནས་བཤད་རྒྱུ་མེད་ལ་ཉམས་མྱོང་བསགས་ཏེ་དེའི་ཐོག་ནས་ལག་ལེན་གང་འདྲ་ཞིག་བསྐྱེལ་དགོས་མུ་མཐུད་དེ་ཡར་རྒྱས་གཏོང་དགོས།

དེ་འདྲ་ཡིན་དུས་སྔོན་ལ་ཁྱེད་རང་ཚོས་བོད་ཀྱི་གསོ་བ་རིག་པ་རང་ཉིད་ཀྱི་ཐོག་ལ་སོ་སོས་སློབ་སྦྱོང་བྱས་ཏེ་གཞི་རྩ་འདྲ་ཡོད་བསྡད་པ་དེའི་ཐོག་ལ་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ནས་དུས་དུས་ལ་ཉམས་མྱོང་དམིགས་བསལ་བྱུང་བསྡད་པ་ས་གནས་དང་ཡན་ལག་འདྲ་མི་འདྲ་དེ་ཚོའི་ནང་ནད་མི་འདྲ་བ་དག་འཕྲད་པའི་སྐབས་ལ་ངས་སྨན་འདི་བཏང་ནས་ཕན་སོང་།  ངས་སྨན་འདི་བཏང་ནས་འཕྲོད་ཀྱི་མི་འདུག་ཅེས་ཡིག་ཐོག་ཏུ་ཕབ་དགོས་ལ་སོ་སོ་གཅིག་པུས་ཤེས་བསྡད་ན་འགྲིག་གི་མེད།  ང་ཚོ་འདིར་སྒྲིག་འཛུགས་ཤིག་ཆགས་ཡོད་ལ་ཆེ་ས་ནས་བཤད་པ་ཡིན་ན་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཆེན་པོ་ཞིག་ཆགས་བསྡད་ཡོད།  དེ་འདྲ་ཡིན་དུས་དེའི་ཞབས་འདེགས་འགྲོ་རྒྱུར་སོ་སོར་ཉམས་མྱོང་གང་ཙམ་བྱུང་། ཕྲན་བུའི་ཤེས་ཚད་དང་གོ་རྟོགས་གསར་པ་འདྲ་ཞིག་བྱུང་བ་ཡིན་ན་དེ་ཁྱེད་རང་ཚོ་སྒྲིག་འཛུགས་སྤྱི་ལ་ཕན་པ་ཞིག་དང་བགོ་བཤའ་བརྒྱབ་དགོས་རྒྱུ་དེ་གལ་ཆེན་པོ་གཅིག་ཆགས་ཀྱི་འདུག   དེ་གཅིག་ལབ་སྙིང་འདོད་བྱུང་། 

འཆར་ཅན་བཞིན་ཆོག་ཤེས་བྱས་ནས་མ་སྡོད།  སྔོན་མ་ངས་རྩེད་མོ་རྩེ་ནས་རྟ་མགྲིན་ལ་གཅིག་ལབ་མྱོང་།  ཆམ་པ་ན་ནའང་སྤང་རྒྱན་བཅོ་ལྔ། གློ་བརྒྱབ་ནའང་སྤང་རྒྱན་བཅོ་ལྔ།  ག་རེ་བྱུང་ནའང་སྤང་རྒྱན་བཅོ་ལྔ།  ངས་རྩེད་མོ་རྩེ་ནས་བཤད་བསྡད་ཀྱིན་ཡོད། བྱས་ཙང་དེ་འདྲ་ཡིན་དུས་སྔོན་མ་དགེ་དཀར་ལགས་གཅིག་བཤད་བསྡད་ཀྱི་ཡོད། དེ་དུས་ཨེམ་ཆི་ལགས་ཀྱིས་མང་སྦྱོར་བཟོས་མ་ཐག་པའི་དུས་དེར་ཆམ་པ་བརྒྱབ་ན་ཡང་མང་སྦྱོར། གློ་བརྒྱབ་ན་ཡང་མང་སྦྱོར་ཞེས་དེ་དུས་བཤད་པ་རེད།  གང་ལྟར་སྨན་སྣ་མང་པོ་ཞེ་པོ་གཅིག་ཡོད་རེད།  དེ་རིང་ཁ་སང་དེ་འདྲ་གོ་རྒྱུ་འདུག ནད་དེ་འདྲ་ཞིག་ལ་སྨན་དེ་འདྲ་གཅིག་དགོས་ཀྱི་འདུག་སྟེ། སྨན་རྩིས་ཁང་ལ་སྨན་དེ་ཡོད་མ་རེད་ཅེས་བཤད་ཀྱི་འདུག་དེ་ནི་ཞབས་འདྲེན་རེད། སྨན་སྣ་ལྡེང་ངེས་ཤིག་དགོས་ཀྱི་རེད།  དཔེ་ཆའི་ནང་བཤད་བསྡད་པ་དེ་དག་གཞིར་བཞག་སྟེ་ཉམས་མྱོང་བསགས་པའི་ཐོག་ནས་ཡང་སྨན་གྱི་སྦྱོར་བ་ཕྲན་བུ་མི་འདྲ་བ་ཚོད་བལྟ་བྱེད་ཀྱིན་སྦྱོར་དགོས་རྒྱུ་དེ་འདྲ་དཔེ་གལ་ཆེན་པོ་རེད།  དེ་གཅིག་བཤད་སྙིང་འདོད་བྱུང་།

 དེ་ནས་ངས་ནམ་རྒྱུན་གྲྭ་ས་ཚོར་བཤད་བསྡད་ཀྱི་ཡོད།  དེ་སྔ་ཡིན་ན་མུ་སྟེགས་པའི་ལྟ་གྲུབ་དེ་ཚོའི་གྲས་དེ་ང་རང་ཚོའི་དཔེ་ཆར་བསྒྱུར་བ་དེ་ཚོའི་ནང་གསལ་བསྡད་པ་དག་ལ་སློབ་སྦྱོང་རྐྱང་རྐྱང་བྱེད་བསྡད་ཀྱི་ཡོད་རེད།  ད་ལྟ་ང་ཚོ་མུ་སྟེགས་པའི་ལུང་པའི་ནང་ལ་སླེབས་བསྡད་ཡོད་རེད།  བྱས་ཙང་མུ་སྟེགས་པའི་མཁས་པ་ཚོ་གདན་འདྲེན་ཞུས་ཏེ་དཔེ་ཆའི་ནང་བསྔས་བཅོལ་མ་དགོས་པར་མུ་སྟེགས་པའི་ལྟ་གྲུབ་འཛིན་མཁན་གྱི་མཁས་པ་མི་གསོན་པོ་ཡོད་བསྡད་པ་ཡིན་དུས་དེ་ཚོ་དང་མཉམ་དུ་བགྲོ་གླེང་བྱས་ནས་དེ་ཚོའི་གཞུང་ནས་མུ་སྟེགས་པའི་ལྟ་གྲུབ་ཀྱི་གནད་འགག་ཐད་བསམ་བློ་གཏོང་སྟངས་དེ་ཚོའི་གྲས་དེ་དག་སློབ་དགོས་ཀྱི་རེད་ཅེས་བཤད་བསྡད་ཀྱི་ཡོད།  དེ་ནང་བཞིན་བྱས་ནས་བོད་ཀྱི་གསོ་བ་རིག་པར་ཆ་བཞག་ན་རྒྱ་གར་གྱི་ཚེ་ཡི་རིག་བྱེད་དམ་ཨ་ཡུརྦེ་ད་ཟེར་བ་དེ་ཁུངས་བཅོལ་ས་ཞིག་ཆགས་བསྡད་ཡོད་རེད།  དེ་བཞིན་ཁ་ཆེའི་ཡུ་ན་ནི་ཟེར་བ་དེ་ཡང་འབྲེལ་བ་ཞིག་ཡོད་རེད།

 ང་ཚོ་རྒྱ་གར་ལའང་མིང་ཙམ་གྱིས་ཀླུ་སྒྲུབ་ལ་སོགས་པ་དེ་ཚོས་མཛད་ནས་བཞག་པའི་སྐད་ཆ་གཅིག་པུ་མ་ཡིན་པར་ད་ལྟ་དེ་ཚོའི་ཐོག་ལ་ལག་ལེན་བྱེད་མཁན་དང་ཉམས་མྱོང་ཡོད་མཁན་མང་པོ་ཞིག་ཡོང་གི་ཡོད་རེད། དེ་བཞིན་གསོ་བ་རིག་པ་ཞེས་ལབ་དུས་དེང་དུས་ཨ་ལོ་པྰ་ཐི་མེ་ཌི་སིན་ཞེས་དེང་རབས་ཀྱི་སྨན་འཛམ་གླིང་ཀུན་ལ་དར་བཞིན་ཡོད་པ་དག་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཚོ་ཕྱི་ལུགས་ཀྱི་སྨན་རེད་ཅེས་ཕར་འཇོག་རྒྱུ་ཞིག་ཁྱོན་ནས་མ་རེད།  དེ་ཚོ་ཡང་ང་ཚོས་ཕྱི་ལུགས་དང་བོད་ལུགས་ཟུང་འབྲེལ་བྱས་ནས་སྨན་གཏོང་རྒྱུའི་མཚོན་དེ་ཚོ་ང་ཚོས་ཡར་རྒྱས་གཏོང་དགོས།   ང་རང་ཚོས་ཟུར་དུ་བཙུགས་ཐུབ་ན་ནི་ཡག་པོ་རེད་ལ་བཙུགས་མ་ཐུབ་ནའང་ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་དེ་འདྲ་ཁ་ཤས་ཀྱིས་དེང་དུས་ཀྱི་ཨ་ལོ་པྰ་ཐིའི་སྨན་བཏང་ནས་ན་ཚ་དྲག་བསྐྱེད་མ་བྱུང་བ་དེ་འདྲར་བོད་སྨན་བསྟེན་དགོས་ཞེས་སྨན་པས་བཤད་པ་དེ་འདྲ་ཡོང་བཞིན་འདུག དེ་ཚོའི་གྲས་རིམ་པས་སྨན་ཁང་ཆེ་ས་དེ་ཚོའི་ནང་དུ་བོད་སྨན་གྱི་སྡེ་ཚན་དེ་འདྲ་བཙུགས་ཐུབ་ཀྱི་འདུག་གམ་མི་འདུག་ལྟོས།  དེ་མིན་ནའང་བོད་པའི་སྨན་ཤེས་མཁན་ཞིག་གིས་རྩ་བརྟག་ཆུ་བརྟག་དེ་འདྲ་ཕལ་ཆེར་ཡོང་སྲིད་ཀྱི་རེད།  དེ་འདྲ་བྱུང་བ་ཡིན་ན་རྒྱ་ཆེ་རུ་འགྲོ་རྒྱུ་རེད།

 ད་ལྟ་རྒྱ་གར་ནང་དུ་ཆ་བཞག་ན་ཁྲིམས་མཐུན་ཆགས་བསྡད་ཀྱི་ཡོད་རེད།  ངོས་ལེན་ཡོད་བསྡད་པ་ཞིག་ཆགས་ཡོད་རེད།  བྱས་ཙང་དེ་འདྲ་ཡིན་དུས་ད་ལྟ་ང་ཚོ་རྒྱ་གར་གྱི་ཚེ་ཡི་རིག་བྱེད་དམ་ཨ་ཡུརྦེ་ད།  ཁ་ཆེའམ་ཡུ་ན་ནི་སྨན། དེ་བཞིན་རྒྱ་ཡི་གནའ་རབས་ཀྱི་ཀྲུང་དབྱི་སྨན་བཅོས་དེ་ཚོ་དེ་རིང་ཁ་སང་ཐེ་ཝན་ནང་དུ་ཡིན་ནའང་རེད། རང་དབང་གི་ལུང་པའི་ནང་དུ་ཡོད་བསྡད་པའི་རྒྱ་རིགས་དེ་འདྲའི་ནང་ནས་ང་ཚོས་འབྲེལ་བ་བྱ་རྒྱུའི་གོ་སྐབས་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད།  ཚུར་གདན་ཞུ་བྱ་དགོས་ན་ཚུར་གདན་འདྲེན་ཞུས། ཕར་འགྲོ་དགོས་ན་ཕར་ཕྱིན་ཏེ་ག་ལེར་རྒྱ་ནག་ནང་དུའང་འབྲེལ་བ་བྱ་རྒྱུ་དེ་འདྲ་ཏན་ཏན་ཡོང་སྲིད་ཀྱི་རེད། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྨན་པ་མཁས་པ་དེ་འདྲ་བོད་ཀྱི་ནང་དུ་ཡོང་བསྡད་ཀྱི་འདུག  དེ་ཚོས་སྨན་གསར་བཟོ་བྱས་ཏེ་དཔེར་ན།  མཁྲིས་པའི་སྐྲན་ལ་སྨན་གསར་སྦྱོར་བྱས་ཏེ་མདོ་སྨད་ཁུལ་དུ་སྨན་ཁང་གཅིག་མ་རེད་དམ། སུ་རེད་ཨ་ལགས་ཀྱིས་༼ཨ་ལག་འཇིགས་མེད༽ཤེས་ཀྱི་ཡོད་དམ། གང་ལྟར་དེ་འདྲ་ཞིག་ཡོང་བསྡད་ཀྱི་འདུག  ཁོ་རང་ཚོ་སྟབས་མ་བདེ་བ་ཡོད་ན་ནི་ང་ཚོར་བྱ་རྒྱུ་གང་ཡང་མེད། དེ་མིན་ཁོ་རང་ཚོ་སྟབས་བདེ་པོ་ཡོད་ན་ཚུར་ང་རང་ཚོས་དེ་ཚོའི་གྲས་གདན་འདྲེན་ཞུས་ཏེ་གོ་བསྡུར་བྱས།  ཡང་དེ་མིན་ང་རང་ཚོའི་མི་ཕར་ཕྱིན་ཏེ་གོ་བསྡུར་འདྲ་བྱས། ཁོ་རང་ཚོའི་ཉམས་མྱོང་དག་ཚུར་ཞུས་ང་ཚོའི་རྒྱ་གར་ནང་གི་ཉམས་མྱོང་རྣམས་ཕར་ཕུལ་བྱས་ན་ཡག་པོ་ཡོང་གི་རེད།   འབད་བརྩོན་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཞིག་རེད། 

དེ་རིང་ད་ལྟ་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་གྱི་བློན་ཆེན་རང་ཉིད་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་པ་ཡིན་པ་རེད།  ཁྱེད་རང་རྒན་ཡོལ་དུ་ཕེབས་ན་སྨན་རྩིས་ནང་དུ་རྒྱ་གར་ཨ་ཡུརྦེ་དའི་སློབ་སྟོན་པ་ཞིག་ཏུ་ཕེབས་རོགས་གནང་ཞུ་རྒྱུ་ཡིན།  ༼ཞེས་སྐབས་མཚམས་འདིར་ཐུགས་དགྱེས་མཉེས་ཆེན་པོས་བཞད་གད་གནང་ཏེ་མངའ་སྡེའི་བློན་ཆེན་མཆོག་ལ་གཟིགས་ཞིབ་གནང་སྐབས་དད་ལྡན་འདུས་ཚོགས་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་ཤུགས་ཆེར་བསྒྲགས་མཚམས་དབྱིན་སྐད་ནང་དུ་བཀའ་སློབ་གནང་བ་གཤམ་གསལ་ལྟར་ཕབ་བསྒྱུར་ཞུས།༽མངའ་སྡེའི་བློན་ཆེན་རང་ཉིད་ཀྱིས་རྒྱ་གར་གྱི་སྲོལ་རྒྱུན་ཚེ་ཡི་རིག་བྱེད་ལ་སློབ་གཉེར་གནང་སྟེ་དེ་རིང་འདིར་དངོས་སུ་ཕེབས་ཐུབ་པ་བྱུང་བ་དེ་ཧ་ཅང་གི་དོན་སྙིང་ལྡན་པ་བྱུང་ཡོད།  དེ་ཙམ་མིན་པར་ད་དུང་མི་རབས་ནས་སྲོལ་རྒྱུན་སྨན་གྱི་བརྒྱུད་པའི་ལག་ལེན་ཐོག་ལོ་ངོ་བཞི་བཅུ་ཞེ་གཅིག་ཙམ་གྱིས་རིང་དུ་ལག་ལེན་གནང་བ་ད་ལྟ་ཁོང་རང་གིས་གསུངས་བ་ལྟར་རེད་ཅེས་གསུངས་ནས་འདི་ནས་ཡང་མུ་མཐུད་དེ་བོད་སྐད་ནང་དུ་བཀའ་སློབ་གནང་བ་འདི་ལྟ་སྟེ།   གང་ལྟར་ཧི་མ་ཅལ་མངའ་སྡེའི་གཞུང་གིས་དམིགས་བསལ་ཐུགས་འཁུར་དང་དོ་སྣང་གནང་སྟེ་ང་ཚོས་ཕར་མཎྜལ་རྟེན་དོད་འཁྱེར་ནས་ཕར་ཞབས་བསྐུལ་ཞུ་མི་དགོས་པར་ཚུར་ཁོ་རང་ཚོས་འཁུར་བླངས་ནས་བཤད་བསྡད་ཀྱི་ཡོད་རེད།   དེ་འདྲ་ཡིན་ཙང་ང་ཚོས་ཡིན་གཅིག་མིན་གཅིག་ནམ་རྒྱུན་ཆགས་ཅན་བྱེད་བསྡད་རྒྱུ་དང་ད་འགྲིག་བསྡད་ཡོད་བསམས་ཏེ་ཡིག་ཐོག་ཏུ་འདྲ་ཆགས་པོ་འདྲ་བཀོད་ནས་བསྡད་ན་འགྲིག་ཐབས་མེད།  ད་ལྟ་ཕུགས་རྒྱང་རིང་པོའི་ཐོག་ལ་བསམ་བློ་གཏོང་དགོས། 

དེ་རིང་ངས་འགྲེམས་སྟོན་ནང་བལྟ་བསྐོར་དུ་ཕྱིན་པའི་སྐབས་སུ་དེབ་ཀྱི་ནང་དུའང་བྲིས་ཡོད།  ང་ཚོའི་གསོ་བ་རིག་པ་ཟེར་བ་དེ་མི་སྤྱི་ལ་ཞབས་འདེགས་སྒྲུབ་པའི་ཆེད་དུ་རེད།  ད་ལྟ་ཕན་ཆེད་འདས་པའི་ལོ་བཞི་བཅུ་ཙམ་ཕྱིན་པའི་རིང་ལ་མི་མང་པོ་ཞིག་བོད་སྨན་ཟོས་ནས་ན་ཚ་དྲག་བསྐྱེད་བྱུང་སོང་ཟེར་མཁན་དང་ཡང་ཁ་སང་རང་ངས་རྒྱ་གར་གྱི་གྲོགས་པོ་མང་པོ་ཞིག་ཐུག་པ་ཡིན།  ཁོ་རང་ཚོས་གསོ་བ་རིག་པར་དོ་སྣང་བྱུང་བ་དེ་ཡང་རིག་གནས་གསར་པ་འདྲ་པོ་ཞིག་དང་ཡ་མཚན་པོ་འདྲ་ཞིག་བྱས་ནས་དོ་སྣང་བྱུང་བ་ཡང་མ་རེད།  ཁོ་རང་ཚོ་རང་ཉིད་ལ་ནད་ཀྱི་དཀའ་ངལ་འཕྲད་ནས་བོད་སྨན་བསྟེན་ཏེ་བོད་སྨན་གྱིས་ཕན་པར་གྱུར་སྟབས་གཞི་ནས་བོད་སྨན་ལ་རྒྱབ་བསྐྱོར་བྱེད་བསྡད་མཁན་ཞིག་ཆགས་ཡོད་རེད།  གང་ལྟར་མི་སྤྱིའི་འཕྲོད་བསྟེན་གྱི་ཆེད་དུ་ཞབས་འདེགས་ཞུ་མཁན་ཞིག་ཆགས་ཀྱི་ཡོད་རེད། ད་ལྟ་ཡོ་རོབ་བམ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་པོ་ལན་ཌའི་ནང་དུ་ཆ་བཞག་ནའང་ཁྲིམས་མཐུན་གྱི་སྨན་ཁང་ཆུང་ཆུང་ཞིག་བཙུགས་ནས་གང་ལ་གང་འཚམས་ཀྱིས་ཕན་ཐོགས་ཡོད་བསྡད་པ་ཞིག་རེད།  དེ་དང་འདྲ་བ་བྱས་ནས་རྒྱ་གར་གྱི་ནང་དུ་ཁྲིམས་མཐུན་ཆགས་ཚར་དུས་རིམ་པས་ལུང་པ་གཞན་དག་གི་ནང་དུ་ཡང་ཏན་ཏན་ཡོང་སྲིད་པ་རེད།  བོད་སྨན་དེ་ཡང་དཔེར་ན། རྒྱ་སྨན་ནམ་ཨ་ཁྱིའུ་པང་ཆར་༼སྐམ་ཁབ༽ཟེར་བ་ལྟར་འཛམ་བུ་གླིང་ག་ས་གང་ལ་དོ་སྣང་བྱེད་པ་དེ་བཞིན་བོད་པའི་སྨན་ཡང་དེ་ནང་བཞིན་བྱས་ནས་ཏན་ཏན་ཡོང་གི་རེད། 

དེ་འདྲ་ཡིན་དུས་བློ་རྒྱ་བསྐྱེད་ནས་ཤུགས་བརྒྱབ་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད།  དེ་འདྲ་ཞིག་ཡོང་བ་ལའང་མཐུན་རྐྱེན་གཙོ་བོ་གཅིག་ནི་མི་ཆགས་དགོས་པ་རེད།  ཁ་སང་སྐད་ཆ་བྱུང་བ་ལྟར་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཟེར་བ་དེ་ཉུང་དྲགས་ཀྱི་འདུག  སྨན་པ་སྟོང་ཕྲག་སྟོང་ཕྲག་ཐོན་ཐུབ་པ་གཅིག་ང་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག དེ་འདྲ་ཡིན་དུས་སྒྲིག་འཛུགས་རྒྱ་བསྐྱེད་དང་སློབ་སྦྱོང་བྱ་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད། 

ངས་དྲང་པོ་བྱས་ཏེ་སེམས་ལ་དྲན་པ་དེ་བཤད་ཀྱི་ཡོད། ང་རང་ཚོའི་སྨན་པས་བོད་སྨན་རྒྱུས་མངའ་མེད་སའི་ཁུལ་དུ་ཞེ་བོ་ཞིག་ཡིན་པའི་བཟོ་འདྲ་པོ་ཞིག་བྱས། སོ་སོ་སྒེར་གྱི་དོན་དག་དེ་ཡག་ཐག་ཆོད་བསྒྲུབས། སྤྱི་བའི་དོན་དག་གི་ཐོག་ལ་མ་ལྕོགས་པ་ལྟ་བུ་ཞིག་ཏུ་བསྡད་པ་དེ་འདྲ་བྱེད་རྒྱུ་མེད། ཤེས་སོང་ངམ། བྱེད་ཀྱི་མིན་ན་བྱེད་ཀྱི་མེད་པ་རང་རེད། སོ་སོ་སྒེར་པ་བྱས་ནས་ཕྱིར་ཐོན་ཕྱིན། སྨན་རྩིས་ཁང་ལ་བསྡད་པའི་རིང་ལ་སོ་སོའི་ནུས་པ་དང་དུས་ཚོད་བརྒྱ་ཆ་དྲུག་ཅུ་བདུན་ཅུ་དེའི་ཐོག་ལ་གཏོང་དགོས་རེད་མ་གཏོགས་ཕྱི་ལོགས་སུ་ཕར་ལ་ཕྱིན་ཚུར་ལ་འོང་བྱས་ནས་འབུལ་སྡུད་འགྲོ་གིན་ཡོད་པའི་བཟོ་འདྲ་པོ་མ་བྱེད།   ཤེས་སོང་ངམ། དེ་དཔེ་གལ་ཆེན་པོ་རེད།

སྔོན་མ་བསྟན་འཛིན་ཆོས་གྲགས་ལགས་ཡོད་པའི་སྐབས་སུ་ཕྱི་ལོགས་སུ་འགྲོ་བསྡད་ཀྱི་ཡོད་རེད། དེ་དུས་ཚུར་འཁོར་དུས་ཨ་མི་རི་ཀའི་དངུལ་ལམ་ཌོ་ལོར་ཌོ་ལོར་ཞེས་ཁོ་རང་ལ་དངུལ་ག་རེ་ཡོད་པ་དེ་སྨན་རྩིས་ཁང་ལ་རྩིས་སྤྲད་ཀྱི་ཡོད་རེད།  ཤེས་སོང་ངམ།  དེ་རིང་ཁ་སང་དེ་འདྲ་གོ་རྒྱུ་མིན་འདུག  ཕྱི་ལོགས་སུ་ཕྱིན་པ་ཡིན་ན་སོ་སོའི་ཨམ་ཕྲག་ནང་ཆ་ཚང་བླུགས་བཞག་པ་མ་གཏོགས་དེ་འདྲའི་སྐད་ཆ་མི་འདུག  བྱས་ཙང་དེ་ཚོའི་གྲས་དེ་གང་ལྟར་སྨན་རྩིས་ཁང་གི་མིང་གི་ཐོག་ནས་ཕྱི་ལོག་ཏུ་འགྲོ་གིན་ཡོད་རེད། སོ་སོའི་སྒེར་གྱི་དོན་དག་དགོས་ཀྱི་རེད་མོད། ཡིན་ནའའ་དོན་དག་གལ་ཆེ་བ་དེ་སྤྱི་པའི་དོན་དག་དེའི་ཐོག་ལ་སེམས་ཤུགས་བསྒྲིལ་ནས་བྱེད་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ང་རང་ཚོའི་གསོ་རིག་བསྟན་རྒྱས་སྨོན་ལམ་དེའི་ནང་ཅིག་འདུག  ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་རྣམ་དག་ཅིང་། །ཕྱི་ནང་བར་གཅོད་ཉེར་འཚེས་མི་བརྫི་བར། །རྒྱ་ཆེར་ཐོས་བསམ་སྒོམ་པའི་བགྱི་བ་ལ། །ཉིན་མཚན་ཀུན་ཏུ་གཡེལ་བ་མེད་པར་ཤོག །ཅེས་གང་ལྟར་བློ་སྦྱོང་ཡོད་པ་དང་། བསླབ་པ་གསུམ་ཞེས་ལབ་དུས་སོ་སོ་སྒེར་གྱི་སྤྱོད་པ་དེ་ཡག་པོ་ཡོད་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་ཡོད་མཁན། དེ་བཞིན་ཏིང་ངེ་འཛིན་གྱི་བསླབ་པ་ཚད་ལོང་བ་དེ་འདྲ་མེད་ནའང་གང་འཚམས་ཀྱིས་རྣམ་གཡེང་ཁོ་ནའི་སྒང་ལ་འགྲོ་བསྡད་མཁན་མ་ཡིན་པ།  དེ་ནས་ཤེས་རབ་ཅེས་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་དོན་དང་འབྲེལ་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ནུས་པ་ཡོད་བསྡད་པ་གཅིག་དགོས་ཀྱི་འདུག

གལ་ཆེ་ཤོས་ཤིག་ལ་ཤེས་ཚད་གཅིག་པུས་ལྡེང་གི་ཡོད་པ་མ་རེད། སྨན་པ་གཅིག་ལ་མཚོན་ན་མིའི་སྲོག་སྐྱོབ་མཁན་ཞིག་ཡིན་དུས་བསམ་པ་བཟང་པོ་དགོས་ཀྱི་ཡོད་རེད། དཔེར་ན།ང་རང་ཚོས་ཤེས་ཀྱི་རེད། སྨན་ཁང་ཆེན་པོ་ཞིག་ནང་ཕྱིན་པའི་སྐབས་སུ་སྨན་པ་མཁས་པ་ཡོད་རེད། ཏན་ཏན་མཁས་པ་ཡིན་གྱི་རེད། དེ་བཞིན་འཕྲུལ་ཆས་དེ་ཚོའི་གྲས་ཧ་ལས་པ་ཡོད་ནའང་སྨན་པ་དེའི་ངོ་གདོང་གི་སྒང་ལ་མིའི་ཚོར་བ་མེད་པའི་བཟོ་འདྲ་པོ་གད་མོ་གཅིག་ཀྱང་མ་བགད་པའི་བཟོ་འདྲ་པོ་ཞིག་མཐོང་བ་ཡིན་ན་ཨེམ་ཆི་དེས་ང་ལ་ཚོད་བལྟ་ཞིག་བྱེད་ཀྱི་མིན་འགྲོ་བསམ་པ་དྲན་གྱི་རེད།  

 སྔོན་མ་དེ་འདྲ་གོ་རྒྱུ་ཡང་ཡོད་རེད། རྒྱ་གར་གྱི་སྨན་ཁང་དེ་འདྲ་ཁ་ཤས་ཀྱི་ནང་ལ་ངོ་ཤེས་གཅིག་མེད་ན་ནད་པར་ཚོད་བལྟ་བྱས་པའི་བཟོ་འདྲ་པོ་དེ་བཞིན། དེ་རིང་ཁ་སང་རྒྱ་ནག་གི་ནང་དུ་ཡང་ཞེ་པོ་ཞིག་བཤད་ཀྱི་འདུག  མིའི་དབང་པོ་དང་དོན་ལྔ་སྣོད་དྲུག་གི་ཆ་ཤས་དེ་འདྲ་བཏོན་ནས་ཚོང་བརྒྱབས་པ་དེ་འདྲ་མང་པོ་ཡོང་གི་འདུག  བར་སྐབས་ཤིག་ལ་ང་ཕྱི་རྒྱལ་གྱི་ལུང་པ་དེ་འདྲའི་ནང་དུ་མི་མི་འདྲ་བ་ཁག་གཉིས་ཙམ་ཐུག་སོང་བས་མིའི་མཆིན་པ་དང་། གློ་བ། སྙིང་སོགས་ཚོང་བརྒྱབས་ནས་དེ་ཚོའི་དོན་དག་ལ་མི་ལྐོག་བསད་བཏང་བ་དེ་འདྲ་ཡང་བཤད་ཀྱི་འདུག

དེ་ཚོའི་གྲས་དེ་མི་ལ་བརྩེ་བ་ཟེར་བ་དེ་མེད་ན་དེ་འདྲ་འབྱུང་བཞིན་ཡོད།  ང་རང་དེ་སྔ་བོད་ལ་ཡིན་ནའང་ཡེ་ཤེས་དོན་ལྡན་ལགས་ཀྱིས་ཕལ་ཆེར་ཤེས་ཀྱི་རེད། དེ་འདྲ་བཤད་ཡོང་བ།  ཨེམ་ཆི་ཅིག་ཅིག་འདྲ་མཁས་པ་ཞེ་དྲག་ཡོད་རེད་ཡིན་ནའང་ཐུགས་སེམས་བཟང་པོ་ཞེ་དྲག་ཡོད་མ་རེད། བྱས་ཙང་ཞེ་དྲག་ཕན་གྱི་ཡོད་མ་རེད་ཅེས་བཤད་ཡོང་།  ཡང་སྨན་པ་ཅིག་ཅིག་འདྲ་ཐུགས་སེམས་བཟང་པོ་ཞེ་པོ་ཞིག་ཡོད་རེད་སྨན་དེ་ཕན་པོ་ཞེ་པོ་ཞིག་ཡོད་རེད་ཅེས་བཤད་ཀྱི་རེད།  དེ་འདྲ་ཡིན་དུས་སྨན་པ་ཞིག་ཡིན་ན་གསོ་བ་རིག་པ་ཞེས་གཞན་གྱི་ལུས་སྲོག་གསོ་བའམ་ལུས་སྲོག་སྐྱོབ་པར་བྱེད་མཁན་ཞིག་ལ་ཕན་པའི་བསམ་པ་བཟང་པོ་ཞིག་མེད་པར། དེ་ངའི་ལག་ཤེས་ཤིག་ཡིན་བསམ་པ་འདྲ་པོ་དང་། དེ་ངའི་ལྟོ་གོས་ཀྱི་ཆེད་དུ་ཡིན་བསམ་པ་འདྲ་པོ་བྱས་ན་ཁག་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་ཕན་པའི་བསམ་བློ་ཟེར་བ་ཞེ་པོ་ཞིག་གལ་ཆེན་པོ་རེད། ཕན་པའི་བསམ་པ་སྐྱེ་རྒྱུ་དེ་ལ་སྨན་གཞུང་གི་ཐོག་ནས་ལག་རྩལ་དེ་སློབ་ཀྱི་ཡོད་རེད། ཕན་པའི་བསམ་པ་སྐྱེ་རྒྱུ་དེ་སངས་རྒྱས་ཀྱི་ཆོས་ནས་བཤད་ཀྱི་ཡོད་རེད། 

རྒྱུ་དང་འབྲས་བུའི་རྟེན་ཅིང་འབྲེལ་བ་འབྱུང་བ་ཟེར་བ་དེའི་ཐོག་ནས་ཇི་ཙམ་གྱིས་གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་བསམ་པ་བཟང་པོ་ཞིག་བསྐྱེད་དེ་གཞན་ལ་ཕན་བདེ་བསྒྲུབས་པ་ཡིན་ན་རང་ལ་གནས་སྐབས་དང་མཐར་ཐུག་ལ་ཕན་ཐོགས་ཡོད་བསྡད་པ་ཞིག་རེད།  ཇི་ཙམ་གྱིས་རང་དོན་ཁོག་ལ་བཅུགས་ནས་བྱས་པ་ཡིན་ན་གང་ལྟར་གཞན་དོན་མི་འགྲུབ་པའི་ཁར་རང་དོན་དེ་ཡང་མི་འགྲུབ་པ་ཞིག་སངས་རྒྱས་པའི་གཞུང་ནས་གསུང་བཞིན་ཡོད། དེ་དང་སྨན་པའི་གཞུང་ནས་བསྟན་པའི་ལག་རྩལ་དེ་གཉིས་ཟུང་དུ་སྦྲེལ་ནས་ཕྱིན་པ་ཡིན་ན་གསོ་བ་རིག་པ་ཟེར་བ་དེ་བྱང་ཆུབ་སེམས་པའི་སྤྱོད་ལམ་གྱི་གྲས་ཤིག་བསྟན་ཡོང་གི་རེད།  གང་ལྟར་སྨན་བཅོས་བྱས་པ་ཟེར་བ་དེ་སྦྱིན་པའི་ཉམས་ལེན་གཙོ་བོ་ཞིག་ཆགས་ཀྱི་རེད། དེ་ཁྱེད་རང་ཚོས་སེམས་ལ་ངེས་པ་ཞིག་བྱོས།

བྱས་ཙང་ང་རང་ཚོ་དུས་སྐབས་གསར་པ་ཞིག་ལ་སླེབས་ནས་མི་མང་པོ་ཞིག་ཐུག་རྒྱུ་དང་ཉམས་མྱོང་མང་པོ་ཞིག་གསོག་རྒྱུ་བྱུང་བ་དེ་རྐྱེན་ངན་གྲོགས་ལ་ཤར་བ་ཞིག་རེད། སོ་སོའི་ལུང་པ་བྲལ་ནས་ཐབས་སྐྱོ་པོ་ཞེ་པོ་ཞིག་རེད། ཡིན་ནའང་ང་ཚོར་གོ་སྐབས་བཟང་པོ་ཞེ་པོ་ཞིག་རེག་བཞིན་ཡོད།  དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཚང་མས་འཆར་ཅན་བྱས་ནས་བསྡད་པ་དང་ཆོག་ཤེས་བྱས་ནས་བསྡད་པ་ལྟ་བུ་མ་ཡིན་པར་མུ་མཐུད་ནས་ཡར་རྒྱས་འགྲོ་ཐུབ་པ་གཅིག་དང་བློ་གྲོས་སམ་རྣམ་དཔྱོད་དེ་ལོ་རེ་ལོ་རེ་ནས་གོང་དུ་སྤེལ་ཐུབ་པ་ཞིག་ཡོང་ཐུབ་རྒྱུའི་བསམ་བློ་དེ་གཏོང་དགོས་པ་རེད།

 དེ་མིན་ཁྱེད་རང་ཚོ་ནང་ཚགས་ཕན་ཚུན་གོ་བསྡུར་བྱེད་རྒྱུ་དེ་ཞེ་པོ་ཞིག་གལ་ཆེན་པོ་རེད། གཅིག་གིས་གཅིག་ལ་ངོ་གནོང་གི་ཡོད་པའི་བཟོ་འདྲ་པོ་དང་། ཡང་གཅིག་གིས་གཅིག་ལ་ཕྲག་དོག་བྱེད་ཀྱི་ཡོད་པའི་བཟོ་འདྲ་པོ་དེ་འདྲ་བྱེད་རྒྱུ་མེད། གཅིག་གིས་གཅིག་ལ་ལེགས་བཤད་དང་ཉམས་མྱོང་གསར་པ་འདྲ་པོ་དེ་འདྲ་ཡོད་པ་ཡིན་ན་དེ་ཁྱེད་རང་ཚོ་ཚང་མས་གོ་བསྡུར་བྱས་ཉམས་མྱོང་དེ་དག་བགོ་བཤའ་བརྒྱབ་ཐུབ་པ་གཅིག་བྱུང་བ་ཡིན་ན་ཚང་མར་ཕན་ཐོགས་ཡོང་གི་རེད། ངས་དེ་གཅིག་ལབ་སྙིང་འདོད་བྱུང་། དེ་མིན་ངར་བཤད་རྒྱུ་གཞན་མེད།

དེ་ནས་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། དེ་བཞིན་སྦྱིན་བདག་ཁྱེད་རང་ཚོར་ཡང་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ༼མཚམས་འདི་ནས་ཡང་དབྱིན་སྐད་ནང་དུ་གསུང་བཤད་གནང་བ་གཤམ་གསལ། ཁྱེད་རང་ཚོས་སོ་སོའི་འདོད་མོས་ལྟར་དོ་སྣང་གཅིག་པུ་བྱས་པ་ཙམ་མ་ཡིན་གཞན་ལ་ཕན་པའི་སེམས་ཚོར་ཞིག་གིས་ཀུན་ནས་བླངས་ཏེ་རོགས་རམ་གནང་བཞིན་ཡོད་པ་དེར་ངས་ཆེད་དུ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་ལ་རྗེས་སུ་ཡི་རང་ཡོད།  ང་ཚོས་སྒྲུབ་བཞིན་པའི་ལས་ཀ་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཁོ་ནའི་ཆེད་དུ་ཙམ་མ་ཡིན་པར་དེ་ནི་དེང་སང་ཨ་ལོ་པྰ་ཐི་ཞེས་དེང་རབས་ཕྱི་ལུགས་ཀྱི་སྨན་དེ་ཧ་ལས་པའི་ཡར་རྒྱས་དང་གཟེངས་སུ་ཐོན་པ་ཞིག་རེད། ཡིན་ན་ཡང་མཚམས་ལ་ལར་རྫས་འགྱུར་ཧ་ཅང་མང་བའི་རྐྱེན་གྱིས་ཟུར་ཕོག་གི་གནོད་རྐྱེན་མང་པོ་འབྱུང་བཞིན་ཡོད།  དེར་བརྟེན་བོད་ཀྱི་རང་བྱུང་སྔོ་སྨན་གྱི་ཐོག་ལ་མི་ཚོས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། དེ་ནི་རྫས་འགྱུར་མེད་པའི་སྔོ་སྨན་ཞིག་ཡིན་པའི་དབང་གིས་རེད། མ་རེད་དམ།  ང་ཚོའི་ཚོགས་པ་འདི་ནི་ཆུང་ཆུང་ཞིག་ཡིན་ནའང་ངའི་བསམ་པར་དེ་ནི་ཡར་རྒྱས་གཏོང་ཐུབ་རྒྱུའི་གོ་སྐབས་ངེས་ཅན་ཞིག་ཡོད་རེད་བསམ་གྱི་ཡོད།  ད་དུང་དེའི་མི་ཚད་འཛམ་བུ་གླིང་གི་མི་སྤྱི་ལ་ཕན་པའི་ཐབས་ལམ་ཞིག་བསྐྲུན་ཐུབ་རྒྱུ་རེད་སྙམ་སྟེ་རྗེས་སུ་ཡི་རང་ཡོད།  ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། ༽ཞེས་དབྱིན་སྐད་ནང་གསུངས། དེ་ནས་བོད་སྐད་ནང་དུ་འདི་ལྟ་སྟེ།  དེ་ག་ཡིན། ཐུགས་རྗེ་ཆེ། བཅས་བཀའ་སློབ་ཡོངས་སུ་མཇུག་བསྒྲིལ་མཚམས་ནས་མར་སྐུ་བཞུགས་གནང་མ་ཐག་ཏུ་སྐུ་མགྲོན་སོགས་ཚོགས་བཅར་བ་ཚང་མས་དད་གུས་དང་དགའ་བདེའི་ཚོར་བ་དཔག་མེད་ཀྱི་ངང་ནས་དགའ་བསུའི་ཐལ་སྒྲ་ཚད་མེད་བསྒྲགས་པ་དང་བཅས་མཛད་རིམ་ལེགས་པར་གྲུབ།

ཅེས་སྨན་རྩིས་རིག་གཞུང་ཞིབ་འཇུག་ཁང་ནས་སྤྱི་ལོ་ ༢༠༡༡ལོའི་ཟླ་ ༤། ཚེས་ ༣ ཉིན་གོང་གསལ་༸ རྒྱལ་བའི་བཀའ་སློབ་རྣམས་དྲ་བརྙན་དང་སྒྲ་སྡུད་འཕྲུལ་འཁོར་གལ་ཆེར་བརྩིས་ཏེ་ཡིག་ཐོག་ཏུ་ནས་ཇི་བཞིན་ཕབ་བསྒྱུར་དང་ལེགས་བསྒྲིགས་ཞུས།

མཐའ་མའི་འདོན་ཐེངས་།: 05.08.2014 ཉིན། 2:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།