ཨོ་མི་ཀོ་རོན་ངོ་སྤྲོད་མདོ་ཙམ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.01.2022 |
ཨོ་མི་ཀོ་རོན་ (Omicron) སྐོར་ངོ་སྤྲོད་མདོ་ཙམ།
དང་པོ། འབྱུང་ཁུངས།
ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་(WHO)སུ་ལྷོ་ཨ་ཧྥི་རི་ཀ་ནང་ཏོག་དབྱིབས་གཉན་རིམས་རྣམ་གྱུར་ཨང་ B.1.1.529 གསར་ཐོན་བྱུང་བ་སྙན་འབུལ་ཞུས་འདུག ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཏོག་དབྱིབས་ནད་འབུ་གསར་པ་དེར་ཨོ་མི་ཀོ་རོན་ (Omicron) ཞེས་ཐ་སྙད་གསར་དུ་བཏགས་པ་དང་། ནད་དུག་དེ་ཉིད་ Variant of Concern (VOC) ཞེས་ཏོག་དབྱིབས་རྣམ་པ་གྱུར་བའི་ངོ་བོ་ཅན་དང་སྐྱེ་མཆེད་མགྱོགས་པའི་གཉན་རིམས་ཞིག་ཏུ་ཐོག་མའི་ངོས་འཛིན་གསལ་བསྒྲགས་བྱས།
གཉིས་པ། མཆེད་ཚུལ།
ཏོག་དབྱིབས་ནད་འབུ་གསར་པ་འདི་ནི་དེ་སྔོན་ཏོག་དབྱིབས་ནད་དུག་རྒྱུན་ལྡན་དང་མི་འདྲ་ཞིང་། ངོ་བོ་འགྱུར་ལྡོག་མང་ལ་འགོས་ཁྱབ་མགྱོགས་པ་དང་། མིའི་ལུས་ཀྱི་སྔོན་འགོག་མ་ལག་ཡོངས་ལ་གནོད་སྐྱོན་བྱེད་ནུས་པ་ཡོད་ཅེས་མཁས་པས་སྡོམ་ཚིག་བཀོད་ཡོད་ཀྱང་། ནད་ཡམས་དཔྱད་ཞིབ་རིག་པའི་ཐོག་ནས་ནད་དུག་གསར་པ་དེར་ད་དུང་མུ་མཐུད་ཉམས་ཞིབ་བྱས་དང་བྱེད་མུས་ཡིན།
གསུམ་པ། ཉེན་ཚབས།
ཨོ་མི་ཀོ་རོན་ (Omicron) ནད་དུག་ནི་དེ་སྔོན་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ལས་དམིགས་བསལ་ནད་རྟགས་ཡོད་མེད་སོགས་ད་ལྟའི་ཆར་བཤད་མི་ཐུབ་པ་དང་། སྐབས་བབ་ཀྱི་བརྒྱུད་ལམ་ཁག་དང་། སྨན་ཁང་། འཕྲོད་བསྟེན་སྡེ་ཚན་སོགས་ཀྱི་དཔྱད་ཁྲ་ཁག་ལ་གཞིགས་ན་ཏོག་དབྱིབས་ནད་དུག་ Delta ལས་ནད་རྟགས་ཉུང་བའམ་ཞི་འཇམ་པ་ཐོན་ཞིང་། ད་ལྟའི་ཆར་ནད་པའི་གྲངས་འབོར་རམ་བརྟག་དཔྱད་སྨན་པའི་ཟིན་ཐོ་སོགས་ཉུང་དྲགས་པས་ཏོག་དབྱིབས་ནད་དུག་གསར་པའི་ཉེན་ཚབས་དང་། ནུས་ལྡན་གྱི་སྨན་ཁབ་གསར་པ་སོགས་སྨན་བཅོས་གང་དགོས་ཐད་ད་དུང་ཉམས་ཞིབ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཨོ་མི་ཀོ་རོན་(omicron)ནད་དུག་ཆེད་བརྟག་ཐབས་འཕྲུལ་ཆས་སོགས་ཀྱི་བྱ་རིམ་དམིགས་བསལ་བརྒྱུད་དགོས་ཀྱི་ཡོད་ནའང་། རྒྱ་གར་དང་བལ་ཡུལ་ལྟ་བུར་མཚོན་ན་སྨན་ཁང་རེ་ཟུང་ཞིག་ལ་མ་གཏོགས་བརྟག་ཐབས་ཡོ་ཆས་དེའི་མཐུན་རྐྱེན་མེད་པ་རེད་འདུག
བཞི་པ། ད་ལྟའི་གནས་བབས།
འཛམ་གླིང་རྒྱལ་ཁབ་ ༡༠༨ ལྷག་ནང་ཏོག་དབྱིབས་ནད་དུག་གསར་པ་ཨོ་མི་ཀོ་རོན་གྱི་ནད་པའི་གྲངས་ ༡༥༠༠༠༠ ལས་བརྒལ་ཡོད་པ་དང་། ༢༠༢༢ ཟླ་ ༡ ཚེས་ ༧ བར་རྒྱ་གར་དུ་ཨོ་མི་ཀོ་རོན་ནད་པའི་གྲངས་ ༣༠༠༧ བྱུང་ཡོད་པ་དང་། ཁྱད་པར་ཨ་རིའི་ཏོག་དབྱིབས་ནད་གྲངས་ཀྱི་བརྒྱ་ཆ་ ༨༠ ཙམ་ཞིག་ཨོ་མི་ཀོ་རོན་ཡིན་པ་ཤེས་རྟོགས་བྱུང་ཡོད།
ལྔ་པ། སྔོན་འགོག
- ད་བར་ཏོག་དབྱིབས་འགོག་ཁབ་རྒྱབ་ཟིན་མཁན་རྣམས་ལ་ནད་རྟགས་ཉུང་བ་ཐོན་པ་དང་། སྨན་ཁང་དུ་བསྙལ་དགོས་རྒྱུའི་གནས་སྟངས་དེ་ཙམ་བྱུང་མེད་པས་འགོག་ཁབ་རྒྱག་རྒྱུ་གལ་གནད་ཆེ་བ་ཞིག་ཡིན་ཞིང་། འགོག་ཁབ་དེས་ཨོ་མོ་ཀོ་རོན་ལས་ཚེ་སྲོག་སྐྱོབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
- དེ་སྔོན་ལྟར་ཏོག་དབྱིབས་འགོག་ཁབ་བརྒྱབ་ཟིན་པ་རྣམས་ལའང་ཨོ་མི་ཀོ་རོན་ནད་དུག་འགོས་སྲིད་པས། དུས་རྟག་ཏུ་ཕྱི་ལ་བསྐྱོད་སྐབས་ཁ་རས་དང། ལག་པ་ཡང་ཡང་འཁྲུ་བ། རྒྱང་ཐག་འཇོག་པ། ཡིག་ཚང་སོགས་ལ་རླུང་འགྲོ་དགོས་པ་དང་། འདུ་འཛོམས་རིགས་སྤང་བ་བཅས་ལ་དོ་སྣང་མུ་མཐུད་བྱེད་དགོས། ཏོག་དབྱིབས་གཉན་རིམས་འགོག་ཁབ་བརྒྱབ་ཟིན་མཁན་ལ་ནད་རྟགས་ཉུང་བ་དང་། ཉེན་ཚབས་ཆུང་བ་མངོན་ཡོད་པས་རྟག་ཏུ་འགོག་ཁབ་མི་ཆད་པར་བྱ་རྒྱུ་ཧ་ཅང་གལ་ཆེ།
- ལྷག་པར་བྱིས་པ་དང་། རྒན་གྲས། ནད་གཅོང་དང་གློ་ནད་ཅན་གྱི་གང་ཟག་རྣམས་ནས་ཟས་སྤྱོད་ཚུལ་བཞིན་བསྟེན་པ་དང་། ལུས་ཟུངས་གསོ་བྱེད་བོད་སྨན་སོགས་ངེས་པར་བསྟེན་གལ་ཆེ་བ་ཡིན། ཨོ་མི་ཀོ་རོན་དང་ཏོག་དབྱིབས་གཉན་རིམས་གཞན་ཇི་འདྲ་ཞིག་ཡིན་རུང་། གང་ཟག་སོ་སོར་མིའི་རང་ཆས་སུ་ཡོད་པའི་ཟུངས་སྟོབས་སམ་སྔོན་འགོག་ནུས་པ་སྟོབས་ལྡན་དགོས་པ་དང་། ཆོས་ཕྱོགས་ནས་གནང་དགོས་རྣམས་གནང་ཐུབ་ཚེ་ལྷག་པར་དགེ་ཕན་ཆེ་བ་ཡིན།
ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཞིབ་འཇུག་སྡེ་ཚན་ནས་ ༢༠༢༡ ཟླ་ ༡ ཚེས་ ༧ ལ།
མཐའ་མའི་འདོན་ཐེངས་།: 10.01.2022 ཉིན། 10:10 AM
<< སྔ་མ།