ཨེ་ཤ་ཡའི་སྲོལ་རྒྱུན་སྨན་གྱི་བགྲོ་གླེང་ཚོགས་ཆེན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.09.2013 |
མདུན་ངོས། >> གསར་འགྱུར། |
རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པ་ལྷོ་ཀོ་རི་ཡར་འཚོགས་པ།
རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པ་དེ་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༩ ནས་ ༡༣ བར་ཉིན་ལྔའི་རིང་ལྷོ་ཀོ་རི་ཡར་སྐོང་འཚོགས་གནང་ཡོད་པ་དང་། བགྲོ་གླེང་ཚོགས་ཆེན་དེར་རྒྱལ་ཁབ་སུམ་ཅུ་ནས་ཚོགས་བཅར་བ་དང་མཁས་དབང་ཁྱོན་བསྡོམས་༢༠༠ ལྷག་མཉམའཛོམས་ཐོག་དུས་རབས་ཉེར་གཅིག་ནང་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་རྣམས་ཟུང་འབྲེལ་གྱི་རྒྱ་ལས་བརྒལ་བའི་མདུན་སྐྱོད་བྱེད་ཕྱོགས་སྐོར་གཙོ་དོན་དུ་བཟུང་སྟེ་བགྲོ་གླེང་གནང་ཡོད་པ་རེད།
ཉིན་ལྔའི་བགྲོ་གླེང་ཚོགས་ཆེན་སྐབས་སྲོལ་རྒྱུན་སྨན་ལུགས་སོ་སོའི་ལོ་རྒྱུས་དང་། ཉམས་ཞིབ་ཡིག་ཆ་སྒྲོགས་བྱང་། ལག་ལེན་དང་ཕན་ཡོན་སྐོར་སོགས་བརྗོད་གཞི་མི་འདྲ་བ་ ༢༣༧ སྐོར་གཏམ་བཤད་བགྲོ་གླེང་གནང་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་འགན་འཛིན་སྨན་རམས་པ་འཇམ་དབྱངས་སྒྲོལ་མ་ལགས་ཚོགས་བཅར་ཞུས་ཡོད་པ་དང་། དེང་སྐབས་ཕྱི་ལུགས་ནས་བཅོས་དཀའ་བའི་ནད་གཞིར་བོད་སྨན་གྱི་ཕན་ནུས་དང་བདེ་འཇགས་རང་བཞིན་སྐོར་གསུང་བཤད་དང་། ཚུག་དང་ཧོར་གྱི་མེ་བཙའི་སྐོར་ལ་དམར་འཁྲིད་ལག་ལེན་ཡང་གནང་ཡོད་པ་རེད།
ཐེངས་དེའི་ཚོགས་ཆེན་སྐབས་རྒྱ་བོད་གཉིས་དང་བལ་ཡུལ་བཅས་ནས་བོད་ཀྱི་གསོ་རིག་རྒྱུད་འཛིན་སྨན་པ་དྲུག་དང་། ཡུ་རོབ་དང་ཨ་རི། ཉི་ཧོང་དང་ཨོས་ཏྲེ་ལི་ཡ། ཨིན་ཡུལ་སོགས་བོད་ཀྱི་གསོ་རིག་སྐོར་ཉམས་ཞིབ་པ་བཅས་བསྡོམས་མི་གྲངས་༢༠ཙམ་འདུ་འཛོམས་ཐུབ་ཡོད། ཚོགས་བཅར་བ་དག་ཟུར་དུ་ཚོགས་འདུ་སྐོང་འཚོགས་གནང་སྟེ་རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་པའི་ལྷན་ཚོགས་ནང་གསོ་བ་རིག་པའི་ལས་ཚན་ཞིག་ཆེད་འཛུགས་བྱ་རྒྱུའི་ཐག་གཅོག་གནང་སྟེ། ལས་ཚན་དེ་བརྒྱུད་ནས་གསོ་རིག་རྒྱུད་འཛིན་སྨན་པ་དང་ཉམས་ཞིབ་པ་རྣམས་ཕན་ཚུན་བགྲོ་གླེང་དང་ཤེས་བྱ་སྤེལ་རེས་བྱེད་ཐབས་ཤིག་རེད་འདུག
རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་པའི་ལྷན་ཚོགས་ནས་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༧༩ ལོར་ཨོ་ས་ཏྲི་ལི་ཡའི་རྒྱལ་ས་ཀན་བྷ་ར་(Kenberra)ནང་སྐོང་འཚོགས་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་༡༩༨༤་ལོར་ཨིན་དྲོ་ནེ་ཤ་ཡ་(Indonesia)། ༡༩༩༠ལོར་རྒྱ་གར། ༡༩༩༤ ལོར་ཇཱ་པན། ༢༠༠༢ ལོར་ཇར་མ་ནི། ༢༠༠༦ ལོར་ཨ་རི། ༢༠༠༩ ལོར་འབྲུག་ཡུལ་ལ་རིམ་པར་སྐོང་འཚོགས་གནང་བ་རེད། འདི་ལོ་ཀོ་རི་ཡའི་སྲོལ་རྒྱུན་སྨན་གྱི་གཞུང་ལུགས་<<ཤར་ཕྱོགས་གསོ་དཔྱད་མེ་ལོང་མ་>> (Dongui Bogam)ཞེས་པ་དཔར་སྐྲུན་ཞུས་ནས་ལོ་ངོ་ཧྲིལ་པོ་ ༤༠༠ འཁོར་བའི་དུས་དྲན་སྲུང་གཙིའི་ཆེད། ཀོ་རི་ཡའི་སྨན་གྱི་ལོ་རྒྱུས་ཚོགས་པས་རྒྱལ་སྤྱིའི་སྲོལ་རྒྱུན་སྨན་གྱི་འགྲེམས་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་པ་སྦྲགས། རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་པའི་སྨན་ཚོགས་དང་མཉམ་དུ་རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་སྨན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པ་དེ་ལྷོ་ཀོ་རི་ཡའི་ནང་ཚོགས་གནང་བ་རེད། ཚོགས་ཆེན་ཐེངས་དགུ་པ་དེ་༢༠༡༦ ཡང་ན་༢༠༡༧ ལོར་རྒྱ་གར་ནང་འཚོགས་གཏན་འཁེལ་ཡོད་འདུག
མཐའ་མའི་འདོན་ཐེངས་།: 07.10.2013 ཉིན། 4:43 PM
<< སྔ་མ།