སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

ཨུཏྤལ་ཡི་སྐོར་ལ་མདོར་ཙམ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.11.2013
བོད་ཀྱི་སྨན་རྫས་རིག་པ། >>


བོད་ལུགས་གསོ་རིག་དང་རྒྱ་གར་ཚེ་ཡི་རིག་བྱེད་ནང་གི་སྨན་མིང་གཅིག་མཚུངས་སུ་འདོད་པ་ཨུཏྤལ་ཡི་སྐོར་ལ་

མདོར་ཙམ་དཔྱད་པ་བློ་གསར་དགེ་བསྐུལ་མ།

 


སྨན་པ་ཚེ་བརྟན་མི་འགྱུར།

སྨན་རྫས་ཉམས་ཞིབ་སྡེ་ཚན།
དྷ་ས་བོད་ཀྱི་སྨན་རྩིས་ཁང་། 


སྤྱིར་བོད་ཀྱི་གསོ་བ་རིག་པའི་ནང་སྨན་རྒྱུ་འགའ་ཞིག་གི་ཡོངས་གྲགས་སྨན་གྱི་ཐ་སྙད་དེ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ཡོངས་གྲགས་སྨན་གྱི་ཐ་སྙད་དང་གཅིག་མཚུངས་ཡིན་རུང་དངོས་སུ་ངོས་འཛིན་བྱེད་སྐབས་ཐ་དད་ཡིན་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་རང་རེ་ཙམ་མ་ཡིན་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དོགས་འདྲི་འཆར་བས་ཚུལ་བཞེས་ནས་དེ་དང་འབྲེལ་བའི་བཀའ་སློབ་ལན་མང་ཕེབས་ཡོད། དེ་ཡང་བློ་དམན་ཕྲན་གྱི་རྨོངས་འཆར་ཙམ་ལ་དེ་ལྟར་སྨན་མིང་གཅིག་མཚུངས་སུ་ཡོང་དགོས་དོན་གསུམ་དུ་སྣང་།

དང་པོ་ནི། བོད་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་ཉིད་གཙོ་བོ་རྒྱ་གར་ལེགས་སྦྱར་ལྷ་ཡི་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་ཞུས་པ་དང་། དེ་བཞིན་གསོ་རིག་སོགས་བསྟན་བཅོས་གཞན་མི་ཉུང་བ་ཞིག་ཀྱང་ཕབ་བསྒྱུར་ཞུས་པ་ལགས་ན་བཀྲིན་རྗེས་དྲན་དང་གཞུང་ལུགས་གང་དང་འབྲེལ་མིན། བཀྲིས་རྟེན་འབྲེལ་མཚོན་ཆེད་བཅས་ཀྱི་སླད་དུ་སྨན་རྒྱུ་འགར་ལེགས་སྦྱར་སྨན་མིང་འཇོག་པར་སྣང་།

གཉིས་པ་ནི། དེ་ལྟར་རྒྱ་གར་ལེགས་སྦྱར་ལྷ་ཡི་སྐད་ཉིད་ཆེས་རྩ་ཆེར་འཛིན་ཐོག་སྔོན་བྱོན་བོད་ཀྱི་གསོ་རིག་མཁས་དབང་རྣམས་པས་བོད་ས་མཐོའི་ལྗོངས་སུ་གསར་དུ་ངོས་འཛིན་གནང་བའི་སྨན་རྒྱུ་འགའ་དང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་རྒྱུའི་དབར་ཕན་ཡོན་དང་མདོག་དབྱིབས་སོགས་མཚུངས་པའི་དབང་གིས་ཀྱང་སྨན་མིང་གཅིག་མཚུངས་སུ་འཇོག་པར་སྣང་།

གསུམ་པ་ནི། མནའ་དུས་སྐབས་འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་དབང་གིས་རྒྱ་གར་སོགས་ས་གནས་ས་ཐོག་ཏུ་སྨན་རྒྱུ་འཚོལ་ཞིབ་དང་ངོས་འཛིན་ཆེད་ཕེབས་ཐུབ་པར་དཀའ་བས་སྨན་རྒྱུ་ཚོང་འགྲེམས་བྱེད་མཁན་རྣམས་ཀྱིས་སྨན་གང་ཞིག་ལ་མིང་གང་བཏགས་ཡོད་པ་རང་འཇགས་བཞག་ཡོད་སྲིད་པར་བརྟེན་ངོས་འཛིན་ཐད་འཁྲུལ་སོ་བྱུང་སྲིད་པའི་དབང་གིས་སྨན་མིང་ཐ་སྙད་དེ་ལྟར་འཇོག་པར་སྣང་།


གང་ལྟར་ཡང་སྨན་མིང་ཙམ་ལ་གཞི་བཞག་ཐོག་སྔོན་བྱོན་མཁས་དབང་བཀྲིན་ཅན་རྣམས་པས་ངོས་འཛིན་གཏན་འབེབས་གནང་བ་རྣམས་ལ་འཁྲུལ་བ་ཡོད་མེད་རལ་གྲི་གནམ་གཡུག་ལྟར་བྱེད་ན་ཐལ་ཆེ། དེ་ལས་ཕྱོགས་ལྷུང་མེད་པར་བློ་གཟུ་བོར་གནས་ཐོག་སྨན་གཞུང་ལས་གསུངས་པའི་སྨན་རྒྱུའི་ཕན་ནུས་དག་ལ་དེང་དུས་ཚན་རིག་གི་རྫས་སྦྱོར་བརྟག་དཔྱད་དང་། དེ་བཞིན་ནད་པར་དངོས་སུ་བེད་སྤྱོད་རྗེས་ཕན་ནུས་གང་ཐོན་མིན་སོགས་ལ་བརྟག་དཔྱད་གཟབ་ནན་དང་གཏིང་ཟབ་བྱ་ཐུབ་ཚེ་རང་རེའི་དོགས་གཞི་གང་ཙམ་ཞིག་སེལ་ཐུབ་པར་སྙམ། འོན་ཀྱང་སྐབས་སུ་བབས་པའི་སྨན་རྒྱུ་ཨུཏྤལ་ཡི་སྐོར་ལ་བློ་དམན་ཉིད་ཀྱིས་དེ་ལྟ་བུའི་ཉམས་ཞིབ་གཏིང་ཟབ་ཞུས་ཐུབ་མེད་རུང་ཉེ་འཁོར་མཐུན་རྐྱེན་གང་ཡོད་བེད་སྤྱད་ཀྱིས་ཚད་ལྡན་དཔེ་དེབ་དང་དྲྭ་རྒྱ་རྒྱུད་དཔྱད་པ་ཞུས་པ་ནི།

སྤྱིར་ཨུཏྤལ་ཞེས་པའི་ཐ་སྙད་ནི་རྒྱ་གར་ལེགས་སྦྱར་གྱི་ཐ་སྙད་ཡིན། དེ་ཡང་བདག་ཅག་སྟོན་པ་ཞལ་བཞུགས་པའི་སྐབས་སུ་འདམ་སྐྱེས་པདྨར་རིགས་དཀར་དམར་སེར་སྔོན་སོགས་དབྱེ་ཡོད་པའི་ནང་ནས་པདྨ་སྔོན་པོར་ལེགས་སྦྱར་སྐད་དུ་ཨུཏྤལ་ཞེས་ཡོངས་སུ་གྲགས་ཡོད། དེ་ལ་དེང་དུས་སྐྱེ་དངོས་སྨན་མིང་ནི་(Nymphaea Caerulea)ཡིན། འོན་ཀྱང་དེང་དུས་སྐྱེ་དངོས་རིག་པས་གཞིག་ན་ཨུཏྤལ་དེ་ཉིད་ནི་སྐྱེ་དངོས་(Nymphaea) ཡི་རིགས་སུ་གཏོགས་པ་ལས་འདམ་སྐྱེས་པདྨའི་རིགས་སུ་གཏོགས་མེད་པར་བཤད།

རྒྱ་གར་ཚ་ཡི་རིག་བྱེད་ཀྱིས་ངོསན་འཛིན་བྱས་པའི་ཨུཏྤལ།
པར་རིས་འདི་ནི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་ལས་ངོས་འཛིན་གནང་བཞིན་པའི་ཨུཏྤལ་རེད་ལ་དེང་དུས་སྐྱེ་དངོས་སྨན་མིང་ནི་(Nymphaea Caerulea) ཡིན། སྐྱེ་དངོས་སྨན་རྒྱུ་དེ་ཉིད་ནི་མཚེའུ་དང་རྫིང་བུ། དལ་བུར་རྒྱུ་བའི་རྒྱུག་ཆུ་ཆུང་ངུ་སོགས་ཀྱི་ནང་དུ་སྐྱེ་བ་དང་། ཐོག་མའི་སྐྱེ་གནས་ནི་ཨི་ཇིབ་ནང་གི་ཆུ་ཀླུང་ཆེན་པོ་ནཱལ་ཞེས་པའི་ཉེ་འགྲམ་དང་། ཨ་ཕྷོ་རི་ཀའི་གླིང་ཕྲན་གྱི་ཤར་ངོས་ཡུལ་གྲུ་ཁག་ཡིན། དེ་ནས་རིམ་བཞིན་འཛམ་གླིང་གི་ཡུལ་གྲུ་ཁག་གཞན་ལའང་ཁྱབ་ཡོད། ཡང་མནའ་དུས་ནས་རྒྱ་གར་དང་པ་ཀིསྟན། བྷང་ལ་དེཤ  ཐའི་ལེནཌ་བཅས་སུ་སྐྱེ་བཞིན་པ་ཡང་ཡིག་ཆ་འགར་གསལ།

སྨན་རྒྱུ་དེ་ཉིད་ཀྱི་ཕན་ཡོན་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་དུ་གསུངས་བ་ལྟར་ན། དེ་ཡིས་འཁྲུ་བ་ཁྲག་དང་བཅས་པ། གཞང་ལས་ཁྲག་འཛག་པ། གཞང་ལུག་པ། མཁྲིས་པ། བད་ཀན། ཁྲག་བཅས་ལ་ཕན་ཞེས་གསལ། འོན་ཀྱང་དེང་དུས་རྫས་སྦྱོར་རིག་པ་ལ་གཞིག་ན་དེ་ལ་སེམས་ཁམས་དང་འབྲེལ་བའི་ནད་སེལ་བས་ཕན་ནུས་(psychoactve properties) ལྡན་ཚུལ་གསལ།


དེ་ཡང་བོད་ཀྱི་གསོ་རིག་གཞུང་ལས་ངོས་འཛིན་གནང་བཞིན་པའི་ཨུཏྤལ་ལ་རིགས་དཀར་དམར་སྔོ་སེར་བཞི་ཡོད་ལ། དེ་དག་གི་དེང་དུས་སྐྱེ་དངོས་སྨན་མིང་ནི།
དཀར་པོར་ (Meconopsis baileyi) དང་།

དམར་པོར་ (Meconopsis napaulensis) །

སྔོན་པོར་ (Meconopsis grandsis) །

སེར་པོར་ (Meconopsis paniculata/Meconopsis integrifolia) ཞེས་ཟེར།
 

དེ་དག་གི་སྐྱེ་གནས་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། བོད། རྒྱ་ནག་སོགས་ཀྱི་མཐོ་ཚད་མི་ཀྲར་༢༥༠༠ ནས་ ༥༥༠༠ ཙམ་བར་ཡིན། བོད་ཀྱི་གསོ་རིག་གཞུང་ལས་སྨན་རྒྱུ་འདི་ཡི་ཕན་ནུས་ནི། རྒྱུད་ལས། ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ།། ཞེས་དང་། ཤེལ་ཕྲེང་ལས། དཔག་བསམ་ལྗོན་པར། ཨུཏྤལ་ཚད་པའི་ནད་ཀུན་དང་། །གྲེ་བ་ཚ་འགགས་སེལ་བར་བྱེད།། དེ་བཞིན་མངོན་རྟོགས་ལས། དཀར་པོས་བད་རླུང་སྔོན་པོས་ཚད་མཁྲིས་འཇོམས། །དམར་པོས་ཁྲག་འཇོམས་སེར་པོས་བད་ཀན་སྐྱུགས།། ཞེས་གསལ།

འོན་ཀྱང་དེང་དུས་རྫས་སྦྱོར་རིག་པ་ལ་གཞིག་ན། སྨན་རྒྱུད་དེ་ཉིད་ལ་སྐྲན་དང་། རྩ་དཀར། སྙིང་དང་འབྲེལ་བའི་ནད་གཞི་སེལ་བའི་ཕན་ནུས་ལྡན་སྐོར་གསལ།

གང་ལྟར་བོད་རྒྱ་གཉིས་ཀྱི་གསོ་རིག་གཞུང་དུ་ངོས་འཛིན་གནང་བཞིན་པའི་ཨུཏྤལ་ནི་གོང་གསལ་སྨན་རྒྱུ་སོ་སོའི་སྐྱེ་གནས་དང་། ཕན་ནུས། རྗས་སྦྱོར་རིག་པ་སོགས་ཡོངས་སུ་ཐ་དད་ཞིག་ཡིན་པ་གསལ་ཞིང་། དེ་ཡང་རྒྱ་གར་ཚེ་ཡི་རིག་བྱེད་དུ་ངོས་འཛིན་གནང་བཞིན་པའི་ཨུཏྤལ་ནི་ཨུཏྤལ་དངོས་དང་དེ་མིན་བོད་ལུགས་གསོ་རིག་དུ་ངོས་འཛིན་གནང་བཞིན་པའི་ཨུཏྤལ་དེ་དག་འཁྲུལ་བ་ཡིན་ཚེ། དེ་གཉིས་ཀའི་གཞུང་གསལ་ཕན་ནུས་རྩ་ཚིག་དང་བཅས་པ་ཕན་ཚུན་མཚུངས་དགོས་པ་དང་། རྒྱ་གཞུང་དུ་ངོས་འཛིན་པའི་ཨུཏྤལ་ཡི་གཞུང་གསལ་ཕན་ནུས་དང་དེའི་རྫས་སྦྱོར་རིག་པའི་ཕན་ནུས་དབར་མཚུངས་དགོས་པ། དེ་ལྟར་མཚུངས་པ་དེ་ཡང་བོད་ལུགས་ཀྱི་ཨུཏྤལ་ཡི་གཞུང་གསལ་དང་རྫས་སྦྱོར་ཕན་ནུས་བཅས་དང་མཚུངས་དགོས་རུང་དེ་དག་ཕན་ཚུན་མི་མཚུངས་པ་གསལ་ལ། བོད་ལུགས་ཀྱིས་ངོས་འཛིན་གནང་བཞིན་པའི་ཨུཏྤལ་དེ་ཉིད་སྐོར་ལའང་རྒྱ་གཞུང་ནང་ལོགས་སུ་གསལ་དགོས་རུང་དེ་ལྟར་ནི་མ་མཇལ།

དེ་བཞིན་སྨན་རྒྱུ་འདི་གཉིས་ཀྱི་གཞུང་གསལ་ཕན་ནུས་དང་དེང་དུས་རྫས་སྦྱོར་རིག་པའི་ཕན་ནུས་དབར་མི་མཚུངས་པའི་རྒྱུ་མཚན་དང་། སྐྱེ་གནས་ཐ་དད་སོགས་ཀྱི་རྒྱུ་མཚན་ལ་བརྟེན་སྨན་རྒྱུ་འདི་གཉིས་ཀྱི་སྨན་གྱི་ཐ་སྙད་ཙམ་མཚུངས་པ་ལས་དེ་དག་འཕགས་བོད་གསོ་རིག་སོ་སོའི་གཞུང་ནང་གསལ་བའི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཞིག་ཡིན་པ་དང་། དེ་དག་སོ་སོའི་རོ་ནུས་ཕན་ཡོན་སོགས་ཀྱང་སྔོན་བྱོན་འཕགས་བོད་གསོ་རིག་མཁས་དབང་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་གཏན་འབེབས་གནང་བ་ཞིག་ཡིན་པའི་རྨོངས་འཆར་ཙམ་ཞུས་པ་ལགས་ན། བོད་ལུགས་གསོ་རིག་མཁས་དབང་རྣམས་དང་རྗེས་འཛིན་པ་ལྷན་རྒྱས་ཚོས་བློ་དམན་ཉིད་ཀྱི་རྨོངས་འཆར་ལ་ཐལ་སྐྱོན་བྱུང་ཡོད་ཚེ་དགོངས་སེལ་དང་སྦྲགས་གསོ་རིག་བསྟན་པ་རྒྱས་ཕྱིར་ལམ་སྟོན་གང་མང་གནང་སྐྱོང་ཡོང་བ་ཞུ།། །།

 

 

 

དཔྱད་གཞིའི་ཡིག་ཆ་ཁག་གཤམ་གསལ།

1.  ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས། མི་རིགས་དཔེ་སྐྲུན་ཁང་།

2.  གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

3.  བདུད་རྩི་སྨན་གྱི་འཁྲུངས་དཔེ། ཀརྨ་ཆོས་འཕེལ། མི་རིགས་དཔེ་སྐྲུན་ཁང་།

4.  བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང་། ཟླ་བ། དྷ་ས་བོད་ཀྱི་སྨན་རྩིས་ཁང་།

5.  སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཚིག་ཉུང་དོན་གསལ། པོད་དང་པོ། རྡོ་རྗེ་དགྲ་འདུལ་དང་། བློ་  བཟང་ནོར་བུ། ཝྰ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།

6.  བོད་ལུགས་གསོ་བ་རིག་པའི་སྐྱེ་དངོས་སྨན་རྫས་སྔོ་འབུམ་ཀུན་བཏུས། དེབ་ཕྲེང་གཉིས་པ། སྨན་རམས་པ་ཚེ་རིང་ནོར་བུ། དྷ་ས་བོད་ཀྱི་སྨན་རྩིས་ཁང་།

7.  (Keyserver.lucidcentral.org/weeds/data/.../Nymphaea_caerulea.htm)

8.  (Ashtaanga hridaya. Bhaavaprakash, Vrindamaadhava)

9.  (books.google.co.in/books?isbn=3540010262 C.P. Khare -2004- Health & Fitness)

    10.(www.enthealogy.org/edoto/anmviewer.asp?a=65)

    11.(en.wikipedia.org/wiki/Talk%3ANymphaea_caerulea)

    12.(www.meconopsis.org/species/grandis/grandis.html)

    13.(www.valentine.gr/linkOfTheMonth-september2010.php)


     

    མཐའ་མའི་འདོན་ཐེངས་།: 19.11.2013 ཉིན། 3:51 PM

    << སྔ་མ།

    ནང་གསེས་དཀར་ཆག

    ཡིག་ཆ་གསར་ཤོས།

    སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

    ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

    བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

    གློ་བའི་འབྲས་ནད་སྐོར།

    བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

    འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

    སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

    ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

    མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

    ཡིད་སྐྱོའི་གནས་ཚུལ།

    ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

    སྤྲེའུ་འབྲུམ་གཉན་རིམས།(Mpox)

    TRADITIONAL TIBETAN MEDICINE

    འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

    ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།