ཨ་རིར་རིག་གཞུང་གོ་རྟོགས་ཆེད་བསྐྱོད་རྒྱུ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017 |
ཨ་རིར་རིག་གཞུང་གོ་རྟོགས་ཆེད་བསྐྱོད་རྒྱུ།
སྨན་རྩིས་མཐོ་སློབ་ཁང་གི་སྐབས་ ༡༧ པ་ཉམས་གསོག་སྨན་པ་དྲུག་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣ ནས་ ༢༩ བར་ Emory University School of Medicine, USA དང་། དེ་བཞིན་ཟླ་ ༩ ཚེས་ ༣༠ ནས་ཟླ་ ༡༠ ཚེས་ ༡༡ བར་ Centre for Spirituality & Healing, University of Minnesota, North western Health Science University in Minneapolis, USA བཅས་སུ་རིག་གཞུང་གོ་རྟོགས་སྤེལ་ཕྱིར་བསྐྱོད་རྒྱུ་རེད།
སྨན་རྩིས་སློབ་མ་རྣམས་དང་སྨན་རྩིས་པ་རྣམས་རང་གི་ཆེད་ལས་རིག་གནས་དང་འབྲེལ་བའི་ཤེས་ཡོན་གོ་རྟོགས་སྤེལ་ཕྱིར་ད་བར་ཉེ་རིང་གི་ས་ཕྱོགས་གང་སར་ཕེབས་མྱོང་ཡོད། འོན་ཀྱང་ད་ཐེངས་ཉམས་གསོག་སྨན་པ་ཨ་རིའི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དེ་དག་ཏུ་སྨན་དང་འབྲེལ་བའི་རིག་གཞུང་གོ་རྟོགས་སྤེལ་རེས་ལྟ་སྐོར་བསྐྱོད་རྒྱུ་དེ་ཐོག་མ་ལྟ་བུར་ཆགས་ཡོད།
ཐེངས་འདིའི་ཉམས་གསོག་སྨན་པ་བསྟན་འཛིན་མཚོ་མོ་(འབྲེལ་མཐུད་པ།)དང་། སྨན་པ་བདེ་སྐྱིད་ཉི་མ། སྨན་པ་ཚེ་རིང་གཡུ་སྒྲོན། སྨན་པ་ཉི་མ་ཚེ་རིང་། སྨན་པ་བསྟན་འཛིན་དགེ་ལེགས། སྨན་པ་སངས་རྒྱལ་ཁར། བཅས་ཡིན། ཁོང་ཚོ་ལོ་ལྔའི་སྨན་གྱི་བསླབ་པ་མཐར་སོན་པ་ཡིན་ལ། ཨིན་ཇིའི་སྐད་ཡིག་གོ་འཕེར་ཡོད་པ། ལྷག་པར་སྨན་རྩིས་ཁང་ལ་ཉུང་མཐར་ལོ་གསུམ་གྱི་ཞབས་འདེགས་ཞུ་འདོད་ཡོད་པའི་ཐོག་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་ཐོན་བྱུང་བ་ཞིག་ཡིན།
ཨ་རིར་ལྟ་སྐྱོར་འདིའི་དམིགས་ཡུལ་གཙོ་བོ་ནི་ཉམས་གསོག་སྨན་པ་ཚོའི་ཐོས་རྒྱ་མཐོང་རྒྱ་ཆེ་རུ་གཏོང་སླད་དང་། ཨ་རི་སྨན་གྱི་གཙུག་ལག་སློབ་གཉེར་ཁང་དུ་དངོས་སུ་བཅར་ནས་དེ་གའི་དགེ་སློབ་དང་མཇལ་འཕྲད། སྐུ་མགྲོན་སློབ་ཕྲུག་གི་ངོ་བོར་འཛིན་གྲྭའི་གཏམ་བཤད་ཀྱི་སློབ་ཐུན་འགའ་ཞིག་ལ་བཅར་རྒྱུ་དང་། ཕྱི་ལུགས་སྨན་པའི་ལས་ཀ་བྱེད་སྟངས་ལ་རྟོགས་ཞིབ། རིག་གཞུང་བྱེད་སྒོ་ཁག་ལ་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་སྒོ་ནས་མྱོང་ཚོར་དང་ཉམས་མྱོང་གསར་པ་གསོག་པའི་ཆེད་དུ་ཡིན། གཞན་ཡང་ཉམས་གསོག་སྨན་པ་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་སྐོར་དང་རང་གི་མི་ཚེའི་ལོ་རྒྱུས་སྐོར་ཡང་གླེང་སློང་བྱ་རྒྱུ་རེད།
སྨན་རྩིས་ཁང་ནས་འབྱུང་འགྱུར་ལོ་རྗེས་མར་ཡང་ཉམས་གསོག་སྨན་པ་ལྔ་དང་། ཉམས་གསོག་རྩིས་པ་གཅིག་བཅས་ཨ་རིར་ལྟ་སྐོར་འདི་བཞིན་མུ་མཐུད་གཏང་འཆར་ཡོད།
མཐའ་མའི་འདོན་ཐེངས་།: 20.09.2017 ཉིན། 3:30 PM
<< སྔ་མ།