སྨན་རྩིས་དྲ་བ། - ཆེད་རྩོམ།

ཧྲཱིཿཐེལ་དང་འབྲེལ་བའི་ཤེས་བྱ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.07.2024
ཆེད་རྩོམ། >>



༄༅། །བོད་ཀྱི་གསོ་བ་རིག་པ་ལས་ཧྲཱིཿཐེལ་དང་འབྲེལ་བའི་ཤེས་བྱ་དཔྱད་གཞིར་བཀོད་པ་རིན་བྲལ་ནོར་བུ།

 སྨན་པ་རབ་འབྱམས་པ་བསྟན་འཛིན་ཆོས་སྒྲུབ།





བྱིས་པ་ཉེར་སྤྱོད་ལག་ལེན་ཆེས་དགོས་གལ་ཡིན་པར་བསྟན་པ།

བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས། རྒྱུད་ལས། བྱིས་པ་བཙས་ནས་ཉེར་སྤྱོད་ཅེས་བྱ་བ།།[1] ཞེས་གསུངས་པ་ལྟར་བྱིས་པ་བཙས་ནས་ངེས་པར་རྒྱུད་དུ་གསུངས་པའི་བྱིས་པ་ཉེར་སྤྱོད་དེ་ལག་ལེན་གནང་ན་བློ་རྩལ་དང་འབད་རྩོལ། གཟུགས་བྱད་ལེགས་ཤིང་ནད་མེད་ཚེ་རིང་གནས་ལ་དཔལ་འབྱོར་གྱི་སྟོབས་རྒྱས་པ་སོགས་ལེགས་པའི་ཡོན་ཏན་ཇི་སྙེད་འབྱུང་བར་གསུངས་ཏེ། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ལས་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ལས། བར་སྐབས་གསོ་རིག་བསྟན་རྒྱུན་ཉམས་ཆག་ཁར་སྔོན་གྱི་མཐོང་བརྒྱུད་སོགས་རིམ་བཞིན་ཉམས་རྐྱེན་བྱིས་པ་གསོ་ཚུལ་ཇི་བཞིན་མི་ཤེས་པའི་སྐྱོན་གྱིས་མི་རིགས་ཕལ་ཆེར་བློ་རྩལ། འབད་རྩོལ། གཟུགས་བྱད་ཞན་ཅིང་། ཚེ་ཐུང་། ནད་མང་། རང་བཞིན་ངན་པས་ཕ་མའི་ངག་ལའང་མི་ཉན་པ་སོགས་ཉེས་སྐྱོན་ཇི་སྙེད་ཅིག་མི་འདོད་ཐོག་ཏུ་འབབ་པའི་ཚུལ་འདི་མཐོང་ནས་ཡིད་ཀྱིས་མ་བཟོད་པར་དཔལ་ལྡན་གསོ་རིག་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལས་བྱིས་པ་གཅེས་པའི་གསོ་ཐབས་ཉེར་སྤྱོད་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ཚང་མས་གོ་བདེ་བར་དགོད་པ།[2] ཞེས་གསུངས་ནས་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ཞེས་པ་མཛད་གནང་འདུག་པས་རྒྱས་པ་གཟིགས་འདོད་ན་འདིར་གཟིགས་པར་འཚལ། ལྷག་པར་དུ་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་སྤྱི་ལོ་ ༡༩༡༦ ལོར་དམིགས་བསལ་བྱིས་པ་ཉེར་སྤྱོད་གལ་ཆེ་ལུགས་སྐོར་གཞུང་ཡིག་ཀྱང་བཏང་འདུག་པ་སྤྱི་ལོ་ ༡༩༨༩ ལོར་བཀྲ་ཤིས་དབང་འདུས་ལགས་ཀྱིས་བསྒྲིགས་པའི་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་ནང་དུ་གསལ་བ་གཤམ་གསལ་ལྟར་ཡིན།།

 

༄༅། །ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པས་བོད་ལྗོངས་སུ་བྱིས་པ་ཉེར་སྤྱོད་ཀྱི་སྨན་རྩིས་འཕྲོད་བསྟེན་གོང་འཕེལ་གཏོང་དགོས་སྐོར་
རྒྱ་ཁྱབ་རྫོང་གཞིས་ཁག་ལ་བསྩལ་བའི་རྩ་ཚིག།

བོད་རབ་བྱུང་བཅུ་བཞི་(བཅོ་ལྔ་)པ་མེ་ཞེས་པའི་མེ་ཕོ་འབྲུག་གི་ལོ་ཧན་བློང་ཁྲི་ལོ་དྲུག་པ་སྤྱི་ལོ་ ༡༨༥༦ (༡༩༡༦)
 

རབ་དཀར་བསིལ་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་ཀྱི་སྐྱེ་དགུ་སྤྱི་དང་བྱེ་བྲག་གནམ་བསྐོས་གཞུང་སའི་ལས་བཞིའི་དཔལ་ལ་སྤྱོད་པའི་བཀའ་མདའ་རྩིས་གསུམ་གྱིས་མཚོན་དྲུང་རིགས་སྤྱི་དང་། རྫོང་གཞིས་མངའ་འབངས་སུ་གཏོགས་པ་ཡོད་དོ་ཅོག་མཆོག་དམན་མཐའ་དག་ལ་བཟློ་བ། བདག་ཅིག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་སྐལ་ལྡན་གྱི་འདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་དམ་པར་བགྱི་བའི་ཐབས་ལ་མཁས་ཤིང་། ཚད་མེད་ཐུགས་རྗེའི་བདག་ཉིད་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་ནད་རིགས་ཀྱི་གཉེན་པོར་ཉམས་ལེན་དོན་ཐོག་ཏུ་འཁེལ་ན་འཕྲལ་དང་ཡུན་གྱི་ཕན་བདེ་མ་ལུས་པ་བདེ་བླག་ཏུ་འབྱུང་བར་གསུངས་པ་ལྟར་སྔོན་བྱོན་རྒྱ་བོད་ལོ་པཎ་མཁས་གྲུབ་དུ་མས་ལུང་དང༌། རྟོགས་པའི་བསྟན་མཆོག་འདི་ཉིད་ཉིན་བྱེད་ལྟར་གསལ་བར་མཛད་པའི་ནང་ཚན་དཔལ་ལྡན་གསོ་བ་རིག་བརྒྱུད་ཀྱི་དགོངས་དོན་བྱིས་པ་ཉེར་སྤྱོད་ཀྱི་ཐབས་གཏོ་རྟེན་འབྲེལ་དང་། གཙུག་ལག་རྩིས་ཀྱི་སྒོ་ནས་ཚེ་བརྟག་འཁོར་ལོའི་ལེགས་ཉེས་བླང་དོར་གསལ་པོར་སྟོན་པ་བཅས་ཀྱི་འཕྲིན་ལས་དར་ཁྱབ་ཆེ་བ་དེ་ལྟར་ཡང་། བར་སྐབས་སྙིགས་ལྔའི་རང་མདངས་མངོན་འགྱུར་གྱི་མནོག་ཆུང་འདི་སྣང་ཁོ་ནའི་དོན་གཉེར་གཙོ་འདོན་གྱིས་སྨན་རྩིས་སོགས་རིག་གནས་ལ་འབད་བརྩོན་ཆུང་གཤིས། རིགས་མྱུག་འཚོ་ཞིང་ཤེས་རབ་འཕེལ་བའི་ལག་རྒྱུན་ཉམས་ལེན་བྱེད་མི་མེད་རྐྱེན་མི་རིགས་ཕལ་ཆེར་དུས་མིན་འཆི་བས་མཚོན་གླེན་ལྐུགས་སོགས་མི་འདོད་ཐོག་བབས་ཀྱི་སྣང་ཚུལ་ལས་ལྡོག་སྟེ། འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་འཕེལ་ཆེད་འདི་གའི་བླ་སྨན་ཆེ་བ་གམ་བཅར་སྤྱི་ཁྱབ་མཁན་པོ་ཆེང་སུ་ཅིག་ཐུ་མེར་རྒན་དངོས་གཞི་བྱམས་པ་ཐུབ་དབང་ནས་བྱིས་པ་ཉེར་སྤྱོད་ཀྱི་བླང་དོར་བྱེད་སྒོའི་ཕན་ཡོན་གསོ་བ་རིག་པའི་མན་ངག་ལས་ཁོལ་ཕྱུང་མཐོང་ཤེས་ཁ་གསལ་དོན་བསྡུས་གཞུང་མཐུན་དང་། སྨན་རིགས་རྩ་འགངས་ཕྱོགས་བསྡུས་རིལ་བུ་ཁག་བརྒྱུད་སྔ་ཕྱི་ཨང་རྟགས་དང་། འབྲེལ་རྟགས་འབྱར་ཧྲཱི༔ པར་བཅས་ཟུར་བསྲིངས་སོང་བ། བུད་མེད་སྦྲུམ་མ་བཙས་རྒྱུ་ཡོད་རིགས་ལ་སྨན་སྔ་ཕྱི་མ་འཛོལ་བར་སྟེར་སྦྱིན་ཐོག་འཕྲལ་མར་ལྕེ་སྟེང་ཧྲཱི༔ ཡིག་པར་འདེབས་སོགས་བྱིས་པ་ཉེར་སྤྱོད་ཟུར་བསྲིངས་ལྟར་ཐབས་དང་། རྟེན་འབྲེལ་གྱི་ལེགས་ཚོགས་མ་འཛོལ་བར་འདུ་བགྱིས་ན་ནད་མེད་ཚེ་རིང་ཞིང༌། ཤེས་རབ་དབང་པོ་གསལ་ལ་དཔལ་འབྱོར་གྱི་སྟོབས་རྒྱས་པ་སོགས་ལེགས་པའི་ཡོན་ཏན་ཇི་སྙེད་འབྱུང་བ་བསླུ་མེད་མྱོང་གྲུབ་དངོས་རྗེན་སྟབས། དཔེར་ན། རིན་པོ་ཆེའི་རྡོ་རིགས་ལ་བཟོ་བ་མཁས་པས་བྱི་དོར་ལེགས་པར་བྱས་ན་ནོར་གྱི་མཆོག་ཏུ་འཛིན་པ་བཞིན་ཁྱད་ཆོས་བྲིན་འཇགས་ཆེ་བ་ཡོང་རྒྱུར་ཕ་མ་སོ་སོས་སྤང་བླང་དོ་བརྩོན་ཐོག་འདི་སྐོར་ཁོངས་སྨན་པ་ཇི་ཡོད། ཡུལ་མི་དོན་གཉེར་ཅན་སུ་ཡོད་དོ་དམ་འོས་ངེས་འཆར་འབུལ་འཕྲལ་དུ་དགོས་རྒྱུ་དང༌། དེ་མཚམས་དྲག་རེས་ཀྱི་རྫོང་སྡོད་ངོ་མ་དང་མཉམ་སྦྲེལ་བསྐོ་གཞག་གིས་རྫོང་གཞིས་དོ་དམ་རོགས་བྱེད་བཅས་ནས་སྐྱིད་སྡུག་བཟང་ངན་ལ་མ་ལྟོས་པར་ཁྱབ་སྤེལ་ཐུབ་པ་དང་། འཁོས་འབྱོར་བཟང་རིགས་ནས་དད་འདུན་བློས་དཔྱད་སྨན་རིན་སྤྲོད་རིགས་འདི་ལ་འདི་བྱུང་དང་། བུ་ཕྲུག་འདི་ལ་འདི་བྱིན་སོགས་བྱས་རྗེས་ཐོ་གཞུང་ཁམས་དྭངས་ངེས་འགོད་ལ་དོ་བདག་སོ་སོའི་རྟགས་འབྱར་དང་སྦྲགས་ངེས་བསྲིངས་བྱུང་བསྟན་དགེ་རྒྱུན་སྨན་ཁང་དུ་འཕེལ་རྒྱས་ཆེད་སྤྲད་དེ་མིག་སྨན་མིག་ཕན་བྱེད་རྒྱུར་དེ་རྩིས་བར་བཟོས་ཏེ་བག་མེད་པ་བྱེད་ཅིང་། ཡང་རིན་གོང་འཁྱེར་འཁོས་བཟང་ངན་གྱི་ཇི་སྤྱད་ལས་རིན་སྒྲིགས་ཙམ་ཟ་བེད་བརྡབ་གསིག་རིགས་དངོས་ཤུགས་བརྒྱུད་དུ་གཏན་ནས་མི་ཆོག བོད་ཁོངས་མིན་རིགས་ནས་སྨན་ཉོ་མི་ཡོད་ཚེ་བྱིས་པ་རེར་གོང་གསལ་སྨན་ཁག་བརྒྱུད་ནས་ཐེབས་རེ་སྤྱིར་རིན་དངུལ་སྲང་དོ་ཞོ་བཞི་རེ་སྤྲོད་ལེན་གྱི་ཧེ་བག་མེད་པའི་ཐོ་གཞུང་བཀོད་དེ་རྩིས་རྒྱག་དགོས་རྒྱུ། སྨན་རྫོགས་མཚམས་གནས་ཚུལ་བྱུང་བསྟུན་ལྷ་ལྡན་སྨན་རྩིས་ཁང་ནས་ལག་འཛངས་མེད་པར་གཏོང་ལེན་བགྱིས་འཐུས།

   ཕྱོགས་མཚུངས་ཕལ་ཆེར་ལ་སྐྱེས་དུས་གཟའ་སྐར་འདི་ཡིན་ཙམ་བརྗོད་རྒྱུ་མེད་པ་བྱོལ་སོང་གི་ཕྲུག་གུ་ཁྱད་མེད་འདུག་གཤིས། ཆོས་དང་འཇིག་རྟེན་གྱི་ལས་སྐལ་ཇི་ཡོད་མུན་ཁུང་མདའ་འཕེན་ཁོ་ན་ལས་འཕྲིན་ལས་ཞབས་འདེགས་ལྟ་ཅི། རྟེན་འབྲེལ་ག་འཛོལ་དབང་གིས་སོ་སོའི་ལྟོ་གོས་ཀྱི་ལས་ཐབས་ཀྱང་ཇི་བཞིན་མཐར་མི་སོན་པ་སོགས་ཉེས་སྐྱོན་ཇི་སྙེད་ལ་བརྟེན་ད་ནས་ཕྲུག་གུ་སྐྱེས་རིགས་སོ་སོའི་ལོ་ཟླ་གཟའ་ཚེས་དུས་ཚོད་སྔ་ཕྱི་འཕྱུགས་མེད་ངོ་བཟུང་ཐོ་བཀོད་ཐོག་རྩིས་ཀྱི་ལག་ལེན་ཡོད་པར་ཚེ་རབས་ལས་རྩིས་གཟའ་དགུའི་དབྱངས་འཆར་སྐྱེས་རྩིས། སྐྱེ་རྟགས་འཁོར་ལོ་བཅས་སོ་སོའི་འཁོས་འབྱོར་ལ་གཞིགས་པའི་ཞིབ་ནན་བྱས་ཏེ་རྩིས་འབྲས་འདྲ་གཅིག་དེབ་སྐྱེལ་ཁྱད་ལྷ་ལྡན་དུ་ངེས་བསྲིངས་དང་། འདྲ་གཅིག་དོ་བདག་སོ་སོས་ཉར་ཚགས་ཀྱིས་བླང་དོར་འཕྱུགས་མེད་དགོས་རྒྱུ་མ་ཟད་རྩིས་པ་མེད་པ་དང་། ཕ་མ་འཁོས་འབྱོར་ཞན་རིགས་ནས་ས་གནས་སུ་རྩིས་འབྲས་བསྐོར་ཐུབ་མིན་བྱུང་ཚེ་གོང་བཞིན་སྐྱེས་ཚེས་ཆུ་ཚོད་འཁྲུལ་མེད་ངེས་འགོད་བྱུང་བསྟུན་ལྷ་ལྡན་སྨན་རྩིས་ཁང་ནས་བསྐོར་ཞིབ་ཀྱིས་བཟང་ངན་རྩིས་འབྲས་ཕྱིར་བསྲིང་བྱ་རྒྱུར་ས་གནས་སོ་སོའི་བྱེད་སྒོར་ཤེས་སུ་བཅུག་པའི་ཁྱོད་རང་རྫོང་གཞིས་སྣེ་སྡོད་ནས་འཁུར་བསམ་ཆེ་བསྐྱེད་དགོས་པ་སྨོས་ཅི།

ད་ལམ་བསྐོ་གཞག་བགྱིས་རྒྱུའི་དོ་དམ་པ་དང་ས་གནས་སུ་དོན་རྒྱུས་དཔྱད་ཀྱིས་བཀོད་དེ་ལས་རིགས་སེར་སྐྱ་བཅས་ནས་གོང་གསལ་སྨན་རྩིས་ཀྱི་བྱེད་སྒོ་རྫོང་འོག་གཅིག་གྱུར་ཡིན་མིན་ལ་མ་ལྟོས་པར་ས་གནས་འབྲེལ་མཚུངས་གང་སར་ཁྱབ་སྤེལ་ཅི་ཐུབ་ཀྱིས་མཐུན་འགྱུར་བགྱིས་འོས་འཐུས་ཚང་ཐོག་ནས་ཟླ་དྲུག་མཚམས་ནས་འདི་བྱས་གནས་ཚུལ་ཞིབ་གསལ་སྒྲིག་འཆག་ཏུ་དགོས་རྒྱུ་བཅས་ཐབས་རྟེན་ལས་ལུགས་གསར་སྤེལ་འདི་བཞིན་རྙེད་དཀའི་དལ་རྟེན་ཡིད་བཞིན་ནོར་བུ་ལས་ལྷག་པ་འདི་དག་ཆུད་མ་འཛའ་བའི་སྒོ་ནས་རྗེ་འབངས་ཀུན་ལ་ཕན་བདེའི་ལེགས་ཚོགས་གཞིར་གྱུར་ཆེས་ཟབ་ལ་བརྟེན་རྩ་ཚིག་འདི་ཡང་རྫོང་གཞིས་སྤྲོད་ཁོངས་ཡིག་རིགས་དཀར་ཆག་ཏུ་ངེས་འགོད་ཐོག་ཚང་མས་ཉམས་ལེན་དགོས་རྒྱུ་དང་། འདི་ནས་ཀྱང་སྤྱི་ཚོགས་འཁུར་བསམ་ཇི་བྱེད་ཉང་གནོན་བྱེད་རྒྱུ་བཅས་དེ་རྩིས་བླང་དོར་ཡིན་ལུགས་སུ་སྤྱོད་པ་གྱིས།།

ནོར་གླིང་བསྐལ་བཟང་ཕོ་བྲང་ནས་མེ་འབྲུག་ཟླ་ཚེས་བཟང་པོར་བྲིས།།[3]

            ཞེས་གསུངས་པ་མ་ཟད་རྗེ་ཙོང་ཁ་པ་ཆེན་པོར་འཕྲལ་ཡུན་གྱི་དགོས་པ་དུ་མ་གཟིགས་ཏེ་བྱིས་པ་ཉེར་སྤྱོད་ཀྱི་ཆོ་ག་ཚུལ་བཞིན་མཛད་པའི་ལོ་རྒྱུས་ཡོད་དེ། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ཆོས་སྤྱོད་ལས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་མ་ཐག་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་འཕྲལ་ཡུན་དགོས་པ་དུ་མའི་ཆེད་དུ་བྱིས་པ་ཉེར་སྤྱོད་སོགས་ཚུལ་བཞིན་མཛད།[4]  ཅེས་དང་། དེ་བཞིན་མཁན་ཆེན་ཁྲོ་རུ་ཚེ་རྣམ་ལགས་ཀྱི་རྣམ་ཐར་ནང་དུའང་ཕ་དམ་པས་ཕྱག་ལེན་འདི་གནང་ཡོད་པ་ཁོང་གི་རྣམ་ཐར་བཻཌཱུར་སྔོན་པོའི་རང་མདངས་ལས། བོད་ཀྱི་ལུགས་སྲོལ་བཞིན་དུ་ཡབ་ཀྱིས་གི་ཝང་སྨན་འདམ་གྱི་བཟོས་ལ། མན་ངག་གི་གཟུངས་བརྐོས་པའི་ཐམ་ག་ཁོང་གི་ལྕེ་དྲེག་སྟེང་དུ་བཏབ། དེ་ནི་བུ་ཆུང་འདི་ཉིད་མ་འོང་པའི་དུས་ན་སྤྱང་གྲུང་དང་ཤེས་རིག་ཡོན་ཏན་དུ་མ་འཛོམས་པའི་མི་ཞིག་ཏུ་འགྱུར་བར་སྨོན་འདུན་ཞུ་བའི་བྱ་བཞག་ཅིག་ཡིན་པ་སྨོས་ཅི།[5]  ཞེས་སོགས་ཀྱི་ལག་ལེན་བཟང་པོ་ཡོད་རུང་ད་ཆ་དུས་འགྱུར་དབང་གིས་ལག་ལེན་འདི་འདྲ་ཅུང་དཀའ་ཡང་སླར་གསོ་མི་ཐུབ་པ་ཞིག་ཀྱང་མིན་སྙམ། དེ་དུས་བྱིས་པ་ཉེར་སྤྱོད་འདི་ཡོངས་སུ་གྲུབ་པ་ལ་སྨན་ཁག་བརྒྱད་ཅིག་གོ་སྒྲིག་གནང་ནས་རྫོང་སོ་སོར་བརྒྱུད་མི་མང་ལ་འགྲེམས་སྤེལ་གནང་འདུག་པ་ནི་བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས། སྨན་ཁག་བརྒྱད་རྫོང་ཁོངས་དོ་དམ་སོ་སོའི་ལག་ནས་འཕྲལ་འཕྲལ་བླངས་ཏེ་མིང་ཐོ་སྤྲོད་དགོས། ཕ་མ་རྣམས་ནས་ཀྱང་འགྲོ་མགོན་སྨན་གྱི་བླ་མའི་ཐུགས་རྗེའི་རང་བཞིན་གཅིག་ཏུ་སྨིན་པར་ལོག་པའི་ཐེ་ཚོམ་ཡིད་གཉིས་སྤངས་ཏེ། རང་རང་གི་རིགས་མྱུག་གི་བདེ་རྩ་གལ་ཆེར་བསམ་ཤེས་རྒྱུན་འཁྱོངས་ཡོང་བ་ཞིག་མཆོག་དམན་ཚང་མས་ཅི་ནས་ཀྱང་འབད་འཚལ་ལོ།།[6]  ཞེས་གསུངས་འདུག བྱིས་པ་ཉེར་སྤྱོད་ཀྱི་ལག་ལེན་བཅུ་དགུ་པ་དེ་ནི་བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས། རྒྱུད་ལས། བྱིས་པ་བཙའ་ནས་ཉེར་སྤྱོད་ཅེས་བྱ་བ།། དེ་ལ་བཙས་འཕྲལ་ཤིས་དང་མི་ཤིས་བརྟག། བཀྲ་ཤིས་བརྗོད་ཅིང་ལྟེ་བ་བཅད་པ་དང་།། དེ་རྗེས་རྟེན་འབྲེལ་ནུ་མ་བསྣུན་ཐབས་བསྟེན།། བསྙལ་བའི་ཆོ་ག་ལྷ་གསོལ་ལྷ་རྟེན་འཛུགས།། མིང་གདགས་བློ་རྣོ་རྩལ་ཆེ་ཚེ་མདངས་སྐྱེད།། གནོད་བསྲུང་རྣ་འབུག་ཟས་སྤྱོད་སེའུ་སྐྱེ་ཐབས།། གཏང་རག་ཕུལ་དང་བཅུ་དགུའི་སྒོ་ནས་བསྟན།།[7] ཞེས་གསུངས་པ་བྱིས་པ་ཉེར་སྤྱོད་ཀྱི་རིམ་པ་བཅུ་དགུ་འདི་ནི་སྐབས་དེ་དུས་ལུས་སེམས་བདེ་ཐང་གནས་ཞིང་བློ་རིག་དཔལ་ཐོབ་པའི་ཐབས་ཏེ། དེ་རིང་སང་ལུས་ལ་ནད་མི་ཐེབས་ཆེད་དུ་སྔོན་འགོག་གི་ཁབ་(Vaccination)རྒྱག་པ་ལྟར་རེད་འདུག ད་ལྟ་སྨན་པའི་ནང་དུ་བྱིས་པ་ཉེར་སྤྱོད་ཀྱི་རིམ་པ་བཅུ་དགུ་ལས་ལག་ལེན་གཅིག་ལྷག་ཡོད་པ་ནི་ཧྲཱི༔ཐེལ་རྒྱག་རྒྱུ་འདི་ཡིན། དེ་ཡང་བོད་ཀྱི་གསོ་བ་རིག་པ་རྗེས་འཛིན་པ་རྣམ་པས་མི་ཉམས་དར་སྤེལ་དང་ལག་ལེན་གནང་མ་ཐུབ་ན་ལག་ལེན་གལ་ཆེན་འདི་ཡང་ལོ་རྒྱུས་ནང་ལྷག་རྒྱུ་ཉེན་ཁར་མཐོང་སྟེ། གུས་པས་ཅུང་དཔྱད་ཞིབ་ཀྱིས་ཧྲཱི༔ ཐེལ་ལག་ལེན་སྐོར་ཅུང་དཔྱད་གཞིར་བཀོད་པར་སྤྲོ།

ལྕེ་སྟེང་ཧྲཱིཿཐེལ་རྒྱག་པའམ་བྲི་པའི་ལག་ལེན་སྐོར་བསྟན་པ།

 

(སྨན་ཐང་ནང་གསལ་བའི་ཧྲཱིཿཐེལ་གྱི་ཆ་བྱད།)

དཔལ་ལྡན་རྒྱུད་བཞིའི་དུམ་བུ་གསུམ་པ། མན་ངག་རྒྱུད་ལས། ལྕེ་ཡི་ཐོག་ཏུ་གུར་ཀུམ་ཧྲཱིཿཡིག་བྲི།།[8] ཞེས་བྱིས་པ་སྐྱེས་ནས་ཨ་མའི་འོ་མ་ལ་སོགས་པའི་རྫས་གང་ཡང་མ་སོང་བའི་སྔ་རོལ་དུ་ལྕེ་སྟེང་གི་ཁོག་ཞོའི་དྲེག་པ་རས་དཀར་གཞའ་ཕྲན་ཡོད་པ་ལེགས་པར་ཕྱིས་ཏེ་གུར་ཀུམ་གྱི་ཆུར་སྦངས་ཙམ་བྱེད་དེ་བཙས་མ་ཐག་ནུ་ཞོ་མ་བསྣུན་གོང་དུ་བྱིས་པའི་ལྕེ་སྟེང་དུ་ཧྲཱིཿཐེལ་བརྒྱབ་པའམ་ཆ་བྱད་མེད་ན་སྨྱུག་ཐུར་གྱིས་བྲི་དགོས་པའི་རྟེན་འབྲེལ་བྱེད་པའི་ལུགས་སྲོལ་ཞིག་ཡིན།

ཧྲཱིཿཐེལ་ཆ་བྱད་ཇི་ལྟར་དགོས་མིན་བསྟན་པ།

ད་ལྟ་བོད་ཀྱི་སྨན་རྩིས་ཁང་དུ་སྤྱོད་བཞིན་པའི་ཧྲཱིཿཐེལ་ཆ་བྱད་འདི་ྋརྒྱལ་མཆོག་སྐུ་ཕྲེང་ ༡༣ པའི་སྐབས་སུ་གསར་གཏོད་གནང་བ་ཞིག་ཡིན་པར་མངོན་ཏེ་པོ་ཏཱ་ལའི་ཐེམ་སྐས་ལས། འབྲི་བྱེད་ཀྱི་སྨྱུ་གུ་ཇི་དགོས་ཉེར་སྤྱོད་རྣམས་ལ་གསལ་ཁ་མི་འདུག་སྟབས། ྋརྒྱལ་མཆོག་སྐུ་ྋགོང་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་གཞུང་ས་ཆེན་པོ་ནས་བོད་ཀྱི་རྫོང་གཞིས་ཁག་ལ་བྱིས་པ་ཉེར་སྤྱོད་ཀྱི་དཔེ་ཡིག་དཔར་འབྲུ་བརྐོས་མ་རེ་བཅས་སྙུག་གི་ཁར་ཧྲཱིཿཡིག་དཔར་འབྲུ་བརྐོས་མ་རེ་བཅས་འགྲེམས་སྩལ་གནང་ཡོད་འདུག།[9] ཅེས་གསུངས་འདུག ཧྲཱིཿཐེལ་འདི་ཇི་ལྟར་ཡོད་མེད་སྐོར་དགེ་བྱམས་པ་འཕྲིན་ལས་ལགས་ཀྱིས་མཛད་པའི་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་བཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ལས། བྱིས་པ་བཙས་རྗེས་བྱིས་པའི་དཔྲལ་བ་དང་ལྕེར་གུར་གུམ་གྱི་ཧྲཱིཿཐེལ་ནི་མཚོན་བྱེད་སྨན་ཐང་འདི་ཉིད་ཀྱི་དཔེ་རིས་བདུན་ཅུ་དོན་གཉིས་པར་ཡུ་རྐང་ཕྲ་ལ་རིང་ཞིང་རྩེ་མོ་ནས་གྱེན་དུ་སོར་གང་ཙམ་གུག་པའི་དབྱིབས་ཟླུམ་ཞིང་སྒོར་བ་དཀྱིལ་ཀོང་ཀྱོང་ཡིན་པ་ཞིག་མཚལ་གྱི་ཨང་ཀི་ ༧༠ སྣག་ཚའི་ཡི་གེ་ཧྲི་ཡིག་ལྕེ་ཐེལ་ཞེས་བྲིས་པས་མཚོན།[10] ཞེས་གསུངས་འདུག ཇི་སྲིད་བྲི་པའི་དབང་དུ་བྱས་ན་འབྲི་བྱེད་རྒྱུ་ཆ་གང་དགོས་སམ་ཞེ་ན་པོ་ཏཱ་ལ་ཡི་ཐེམ་སྐས་ལས། ཡང་ན་གསེར་དངུལ་གྱི་སྙུ་གུ་རྩེ་རྣོན་པོ་མིན་པར་བུད་མེད་ཀྱི་ཁྲུལ་ཁྲུལ་ལ་འདོགས་བྱེད་ཀྱི་ཐུར་སྙུག་དེ་གྲས་སམ། སྤུ་པིར། ཡང་ན། བ་སོའམ། ཙན་དན་དང་ཤུག་པ་སོགས་དུག་ཤིང་མ་ཡིན་པའི་ཤིང་སྙུག་ཁ་རིལ་འཇམ་པོ་ཞིག་གིས་བྲིས་ན་འགྲིགས།[11] ཞེས་གསུངས་འདུག།

ཧྲཱིཿཐེལ་འདི་གུར་གུམ་ཁོ་ན་མིན་པར་གི་ཙན་ཆུས་ཀྱང་ཆོག་པར་བསྟན་པ།

གུར་གུམ་འདི་ཡང་རབ་བྱུང་ན་ཁ་ཆེ་ཤ་ཀམ་ཡིན་ཏེ་པོ་ཏཱ་ལ་ཡི་ཐེམ་སྐས་ལས། གུར་ཀུམ་ཡང་ལེགས་ཤོས་ནི་ཁ་ཆེ་ཤ་ཀམ་ཡིན་ཅིང་། དེ་ལ་རྒྱ་གར་བས་ཀ་ཤི་མིར་གེ་སར་ཟེར་བ་བཅས་འཕྲོད་བཤད་ཙམ།[12] ཞེས་གསུངས་འདུག ཇི་སྲིད་གུར་གུམ་མེད་ན་གི་ཝང་དང་ཙན་དན་དཀར་པོའང་རུང་བར་གསུངས་ཡོད་དེ་གཙང་སྟོད་ཟིན་ཐིག་དང་ཡང་ཐིག་ལས། ལྕེ་ལ་འགྲི་ཧམ་(གི་ཝང་)ཧྲཱིཿཡིག་བྲི།[13] ཞེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་སུམ་པའི་སྨན་ཡིག་ཕྱོགས་བསྒྲིགས་ལས། ཙན་དཀར་གུར་གྷི་གླས་ལྕེ་སྟེང་ཧྲཱིཿབྲིས་གླ་རྩི་སྦྲང་མར་སྦྱིན།[14] ཞེས་གསུངས་སོ།།

བྱིས་པའི་ལྕེ་སྟེང་དྷཱིཿཐེལ་རྒྱག་པའམ་བྲི་སྲོལ་ཡོད་པར་བསྟན་པ།

མན་ངག་པོ་ཏི་དམར་པོའི་པོད་ ༢ པ་ལས། ལྕེ་ཐོག་གུར་གུམ་དྷིཿཡིག་བྲི།[15] ཞེས་གསུངས་པ་མ་ཟད་ས་སྐྱའི་གདུང་བརྒྱུད་བླ་མ་ལའང་དྷཱིཿརྒྱག་པའི་ཕྱག་སྲོལ་ཞིག་ཡོད་པར་བརྟེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་ལའང་དྷཱིཿཐེལ་བརྒྱབ་པའི་ལོ་རྒྱུས་མངོན་ཏེ་མཁས་བཙུན་བཟང་པོས་མཛད་པའི་བོད་རྒྱ་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས། ཤིང་བྱ་ཟླ་ཚེས་སྤྱི་ལོ་ ༡༩༤༥ ཟླ་ཚེས་ཉི་དྲོས་སྦྲུལ་གྱི་ཆུ་ཚོད་དུས། སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་ཞེས་ས་སྐྱ་པའི་བསྟན་པའི་མེ་རོ་རྨང་ནས་གསོ་བར་མཛད་གང་དེའི་འཁྲུངས་ཁང་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དེར། མ་ཡུམ་ལ་ཡོང་ཟུག་རྔུ་དྲག་པོ་གང་ཡང་མེད་པར་ངོས་རང་བདེ་བར་བཙས་འདུག། དེ་འཕྲལ་དྲི་བཟང་དང་ཤེས་རབ་རིལ་བུ་བྱིན་རྟེན་ཤིན་ཏུ་རྩ་ཆེན་དུ་མ་དང་མཉམ་དུ་སྦྱར་བའི་ཁུ་བས་ལྕེ་ལ་དྷཱི་ཡིག་འབྲི་བ་སོགས་སྔར་སྲོལ་འཆུག་མེད་མཛད།[16] ཅེས་གསུངས་པ་མ་ཟད་ཉེ་ཆར་ས་སྐྱའི་འཁོན་གདུང་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་ལའང་སྐྱེས་མ་ཐག་དྷཱིཿཐེལ་རྒྱག་པར་ལོ་རྒྱུས་ནང་གསལ་བ་ཞིག་ཀྱང་མཇལ་མྱོང་། གང་ལྟར་ངས་ཤེས་རྟོགས་སུ་ས་སྐྱ་གོང་མ་རིན་པོ་ཆེའི་གདུང་བརྒྱུད་ནང་དུ་ཕྱག་ལེན་འདི་མི་ཉམས་པར་བཞུགས་འདུག།

ཡང་ཧྲཱིཿཐེལ་དྷཱིཿཐེལ་གཉིས་ཀ་མཉམ་དུ་རྒྱག་པའམ་བྲི་སྲོལ་བསྟན་པ།

བོད་ཀྱི་གསོ་རིག་ལས་བྱིས་པ་བཙའ་གསོའི་ཉམས་ཡིག་ཕྱོགས་བསྒྲིགས་ལས་དྲུག་པ་ཆུང་དཔྱད་བདུད་རྩི་བུམ་པ་ལས། སྨྲ་བ་བདེ་ཕྱིར་གུར་གུམ་ཧྲཱིཿ གི་ཝཾ་གིས་དྷཱིཿཡིག་བྲི་བར་བྱ།[17] ཞེས་གསུངས་པ་ལྟར་ཧྲཱིཿ དྷཱིཿ གཉིས་ཀ་བཀོད་པ་ཡང་ཡོད་པར་བརྟེན་དགའ་ནོར་རིན་པོ་ཆེ་ཡིས་བྱིས་པའི་ལྕེ་ཐེལ་ལ་ཧྲཱིཿ དྷཱིཿ གཉིས་ཀ་བཀོད་པ་གཤམ་གསལ་པར་རིས་ལྟར་ཡིན། པོ་ཏཱ་ལའི་ཐེམ་སྐས་ལས། དྷཱིཿཡིག་ནི་བློ་རྣོ་འབྱུང་ཆེད་དང་། ཧྲཱིཿ ཡིག་ནི། ཚེ་བསོད་རྒྱས་ཐབས་ཀྱི་ཆེད་དུ་གཙོ་བོར་བྱས་པ་ཞིག་ཡིན་པར་སྙམ་པས་དེ་གཉིས་ཀ་གང་བྱས་ཀྱང་འགྲིག[18] ཞེས་གསུངས་འདུག།

ཧྲཱིཿཐེལ་ལྕེ་ཁོ་ན་མིན་པར་དཔྲལ་བ་ལའང་རྒྱག་པའམ་བྲི་ཆོག་པར་བསྟན་པ།

རྒྱུད་བཞི་ལས། ལྕེ་ཡི་སྟེང་དུ་གུར་ཀུམ་ཧྲཱིཿཡིག་བྲི།།[19] ཞེས་དང་། བཻ་སྔོན་ལས། བྱིས་བཙས་དཔྲལ་ལྕེར་གུར་ཀུམ་གྱི་ཧྲཱི་ཐེལ་རྒྱག[20] ཅེས་དང་། དེ་བཞིན་ཚེ་རྣམ་རིན་པོ་ཆེའི་དྲང་སྲོང་ཞལ་ལུང་དེབ་དང་པོ་ལས། བྱིས་པ་བཙའ་རྗེས་སུ་བྱིས་པའི་དཔྲལ་བ་དང་ལྕེར་གུར་གུམ་གྱི་ཧྲཱིཿཐེལ་རྒྱག[21] ཅེས་གསུངས་འདུག།

ཧྲཱིཿཐེལ་དྷཱིཿཐེལ་རྒྱག་པའམ་བྲི་པའི་ཕན་ཡོན་བསྟན་པ།

དང་པོ། ཧྲཱིཿཐེལ་ཕན་ཡོན་བསྟན་པ། 

སྐྱེམ་པ་ཚེ་དབང་གི་སྐྱེམ་འགྲེལ་དེབ་གཉིས་པའི་ནང་དུ། ལྕེའི་སྟེང་དུ་གུར་གུམ་ཧྲཱིཿཡིག་བྲི་བ་ནི། གསུང་གི་ས་བོན་ཡིན་པས་སྨྲ་མཁས་ཤིང་བློ་གསལ་བར་འགྱུར་བའོ།།[22] ཞེས་དང་། དར་མོ་བློ་བཟང་ཆོས་གྲགས་ཀྱི་མེས་པོའི་ཞལ་ལུང་སྨད་ཆ་ལས། དེ་ཡང་ལྕེའི་སྟེང་དུ་གུར་གུམ་གྱིས་ཧྲཱིཿཡིག་འབྲི་བ་ནི། གསུང་གི་ས་བོན་ཡིན་པས་སྨྲ་མཁས་ཤིང་བློ་གསལ་བར་འགྱུར་བའོ།།[23] ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སྔོན་སྨད་ཆ་ལས། སྨྲ་མཁས་པའི་ཕྱིར་ལྕེའི་ཐོག་ཏུ་གུར་ཀུམ་གྱིས་ཧྲཱིཿཡིག་བྲི།[24] ཞེས་གསུངས་འདུག། ཚེ་རྣམ་རིན་པོ་ཆེའི་དྲང་སྲོང་ཞལ་ལུང་དེབ་གསུམ་པ་ལས། སྨྲ་མཁས་པའི་ཆེད་དུ་ལྕེ་ཡི་ཐོག་ཏུ་གུར་གུམ་གྱིས་ཧྲཱིཿཡིག་བྲི་བ་སྟེ་སངས་རྒྱས་ཀྱི་གསུང་གི་ས་བོན་ཡིན་པས་སོ།།[25] ཞེས་དང་། གསོ་རིག་ཉེར་མཁོ་གཅེས་བསྡུས་ལས། གུར་གུམ་ཧྲཱི་ནི་གསུང་གི་ས་བོན་བྲིས་པས་སྨྲ་མཁས་ཤིང་ལྕེ་བདེ་བར་འགྱུར་རོ།།[26] ཞེས་གསུངས་འདུག  བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས། སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ཐོབ་པ་དང་སྨྲ་མཁས་ངག་ནུས་པ་དང་ལྡན་པའི་རྟེན་འབྲེལ་ཡོད།[27]  ཅེས་དང་། པོ་ཏཱ་ལའི་ཐེམ་སྐས་ལས། ཧྲཱིཿཡིག་ནི། ཚེ་བསོད་རྒྱས་ཐབས་ཀྱི་ཆེད་དུ་གཙོ་བོར་བྱས་པ་ཞིག་ཡིན་པར་སྙམ།།[28] ཞེས་གསུངས་འདུག  པོ་ཏཱ་ལ་ཡི་ཐེམ་སྐས་ལས། གསེར་དངུལ་གྱི་སྙུ་གུ་རྩེ་རྣོན་པོ་མིན་པ་བུད་མེད་ཀྱི་ཁྲུལ་ཁྲུལ་ལ་འདོགས་བྱེད་ཀྱི་ཐུར་སྙུག་དེ་གྲས་སམ། སྤུ་པིར། ཡང་ན། བ་སོའམ། ཙན་དན་དང་། ཤུག་པ་སོགས་དུག་ཤིང་མ་ཡིན་པའི་ཤིང་སྙུག་ཁ་རིལ་འཇམ་པོ་ཞིག་གིས་བྲིས་ན་འགྲིགས།།[29] ཞེས་གསུངས་འདུག།

གཉིས་པ། དྷཱིཿཐེལ་ཕན་ཡོན་བསྟན་པ། 

པོ་ཏཱ་ལའི་ཐེམ་སྐས་ལས། དྷཱིཿཡིག་ནི་བློ་རྣོ་འབྱུང་ཆེད་དང་།[30] ཞེས་དང་། མདོ་སྔགས་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་ལས། དྷཱིཿ༼ལེགས་སྦྱར།༽ ༡། བློ་གྲོས། ཤེས་བྱ་མཛོད་ན་གསལ། ༢། འཇམ་དབྱངས་ཀྱི་ས་བོན།[31] ཞེས་གསུངས་འདུག

ཧྲཱིཿདྷཱིཿལྕེ་ཐེལ་གྱི་ཁ་ཕྱོགས་ཇི་ལྟར་དགོས་མིན་ལ་ལུགས་གཉིས་བསྟན་པ།

སྨན་པ་རྣམ་པས་ཧྲཱིཿ དྷཱིཿ ལྕེ་ཐེལ་འདི་ལག་ལེན་གནང་སྐབས་སུ་བྱིས་པའི་ལྕེ་སྟེང་ལྕེ་ཐེལ་རྒྱག་སྟངས་མི་འདྲ་བ་གཉིས་མངོན་པ་གཤམ་གསལ།


དང་པོ། ཧྲཱིཿ དྷཱིཿ ཡིག་གི་མགོ་གྲེ་ཕུགས་སུ་བསྟན་དགོས་པར་བསྟན་པ།
 

བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ལས། ཧྲཱིཿཡིག་གི་མགོ་ལྕེའི་རྩ་བར་བསྟན་ཏེ་པར་ལེགས་པར་བཏབ།[32] ཅེས་དང་། རྒན་དམ་པ་སྨན་རམས་པ་པད་མ་རྡོ་རྗེ་ལགས་ཀྱི་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ་ལས། ལྕེའི་ཐོག་ཏུ་གུར་གུམ་གྱིས་ཧྲཱིཿཡིག་གི་མགོ་བྱིས་པའི་ལྕེའི་རྩ་བར་བསྟན་ཏེ་པར་ལེགས་པར་བཏབ།[33] ཅེས་གསུངས་འདུག དེ་བཞིན་ཉེ་ཆར་ས་སྐྱ་པའི་ནང་དུ་འང་ཕྱག་སྲོལ་འདི་ཡོད་པ་ཤེས་རྟོགས་འབྱུང་བ་ལྟར་ངོ་དེབ་དང་ Whatsapp བརྒྱུད་ས་སྐྱ་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་བདག་མོ་སྐལ་ལྡན་ལགས་ལ་འབྲེལ་བ་གནང་སྐབས་སུ་སྤྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ཉིན་དགོང་ཀ་ཚོུད་ ༦།༤༠ ལ་བདག་མོ་ལགས་ནས་དཔལ་ས་སྐྱ་ྋགོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ཞིག་བཏང་གནང་བར་གཞིགས་ན་ས་སྐྱ་པའི་ནང་དུ་ལྕེ་སྟེང་དུ་དྷཱིཿཡིག་བྲི་བའི་ཕྱག་སྲོལ་འདུག དེ་ཡང་དྷཱིཿཡིག་གི་དབྱངས་གི་གུ་ལྕེ་རྩ་དང་འ་ཆུང་ལྕེ་རྩེར་སྟོན་དགོས་ལུགས་བཀའ་གནང་འདུག།

གཉིས་པ། ཧྲཱིཿ དྷཱིཿ ཡིག་གི་མགོ་ལྕེའི་རྩེ་རུ་བསྟན་དགོས་པར་བསྟན་པ། 

ཧྲཱིཿ དྷཱིཿ སྔགས་ཡིག་འདིའི་དབྱངས་གི་གུ་ལྕེའི་རྩེ་དང་འ་ཆུང་ལྕེའི་རྩ་བར་བསྟན་ནས་པར་བཏབ་པའི་ལུགས་ཞིག་ཀྱང་ཡོད་དེ་སྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གི་ཕྱག་ལེན་འདི་ལྟར་གནང་བཞིན་ཡོད་པ་ནི་གོང་དུ་རིན་པོ་ཆེའི་ལྕེ་ཐེལ་པར་ལས་ཤིན་ཏུ་གསལ། མདོར་ན་ལུགས་ཇི་ལྟར་ཡིན་རུང་སྐྱེས་ཆེན་དམ་པ་རྣམ་པའི་ཕྱག་ལེན་ཡིན་པར་བརྟེན་ལུགས་གཉིས་ཀ་རུང་བར་སྙམ་མོ།།

བྱིས་པར་ལྕེ་ཐེལ་ནི་ཨ་མའི་ནུ་ཞོ་མ་སྦྱིན་གོང་དུ་རྒྱག་དགོས་པར་བསྟན་པ།

བྱིས་པ་སྐྱེས་མ་ཐག་ཏུ་ལྕེ་སྟེང་དུ་ཁོག་ཞོའི་དྲེག་པ་རས་དཀར་གཞའ་ཕྲན་ཡོད་པ་ལེགས་པར་ཕྱིས་ཏེ་གུར་ཀུམ་གྱི་ཆུར་སྦངས་ཙམ་བྱེད་དེ་བཙས་མ་ཐག་པའི་ནུ་ཞོ་མ་བསྣུན་གོང་དུ་ཧྲཱིཿ དྷཱིཿ ལྕེ་ཐེལ་རྒྱག་དགོས་པར་བསྟན་ཏེ་པོ་ཏཱ་ལ་ཡི་ཐེམ་སྐས་ལས། རོགས་མའི་འཛུབ་མོ་གཙང་ཞིང་སེན་མོ་རྣོ་མེད་པས་བུའི་རྐན་བཏེག་ལ་མགོ་བོར་སྲིན་བལ་སྣུམ་ཅན་གཡོགས། དེ་ནས་ཨ་མའི་ནུ་ཞོ་མ་སྦྱིན་གོང་སྨྲ་མཁས་འབྱུང་ཕྱིར་བུའི་ལྕེ་སྟེང་གུར་ཀུམ་གྱི་ཧྲཱིཿཡིག་བྲིས་པའི་མཇུག་ཐོག་ཏུ་ས་བདག་ཐུབ་ཕྱིར་གླ་རྩི་བརྒྱབ་པའི་ཆུ་ཐུར་མ་གང་བུའི་ཁ་ནང་བླུད། དེ་ནས་སྦྲང་རྩི་དང་། མར་བསྲེས་པ་ཕྲན་ཙམ་ཞིག་སྦྱིན། དེ་ནས་མའི་ནུ་ཞོ་བུའི་ཁར་བསྣུན་ཏེ་སྦྱིན་པར་བྱའོ།།[34] ཞེས་གསུངས་པ་ལྟར་ད་ཆ་ཕྲུ་གུ་ནང་དུ་སྐྱེ་བསུ་བྱ་རྒྱུ་དཀོན་དུ་སོང་ཡོད་ཙང་ཕྱག་ལེན་འདི་ཚུལ་བཞིན་གནང་དཀའ་མོད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་སྨན་པ་མང་ཆེ་བས་འབྱུང་ན་སྐྱེས་མ་ཐག་དང་མ་འབྱུང་ན་ཕྲུ་གུ་སྐྱེས་ནས་ཉིན་ཤས་རྗེས་སུ་ལྕེ་ཐེལ་འདི་རྒྱག་སྲོལ་འདུག།

སྨྲས་པ།  

རབ་ནི་བྱིས་པ་བཙས་ནས་ནུ་ཞོ་མ་སྣུན་གོང་།།

ལྕེ་ཡི་ཁོག་ཞོ་ཕྱིས་ཏེ་ལྕེ་ཐེལ་ལེན་སྟངས་གཉིས།།

དབྱངས་ཡིག་ལྕེ་ཕུགས་བསྟན་པ་ས་སྐྱ་གོང་མའི་ལུགས།།

དབྱངས་ཡིག་ལྕེ་རྩེར་བསྟན་པ་རྫོགས་ཆེན་དགའ་ནོར་ལུགས།།

མཁས་པས་ཧྲཱིཿཐེལ་ལེན་ས་ལྕེ་དང་དཔྲལ་བར་བཤད།།

རྒྱ་གར་སྲོལ་རྒྱུན་དུའང་ལུགས་སྲོལ་འདི་ལྟར་ཞིག་ཡོད་པར་བསྟན་པ།

རང་རེ་ལྕེ་ཡི་ཧྲཱིཿཐེལ་གྱི་རྟེན་འབྲེལ་ཆོ་ག་ལྟར་རྒྱ་གར་ཧིན་དུ་ཆོས་ལུགས་པས་ཕྲུ་གུ་མངལ་དུ་ཡོད་པ་ནས་ཚེ་ཟད་པའི་བར་དུ་སོལཧ་སཾསྐཱར་ (16 sanskar)ཏེ་ལེགས་བྱས་བཅུ་དྲུག་ཅེས་བཤད་པའི་ནང་གི་བཞི་པ་ཇཱཏ་ཀརྨ་ Jatakarma (བཙའ་བའི་ལས།)དང་། ལྔ་པ་ནཱམ་ཀརཎ་ Namakarana (མིང་འདོགས་པ་) གཉིས་ཚེ་ཡི་རིག་བྱེད་ནང་དུའང་གསུངས་འདུག འདི་བཞིན་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་སྙིང་པོ་བསྡུས་པའི་ནང་དུའང་ཇཱཏ་ཀརྨ་དང་ནཱམ་ཀརཎ་གཉིས་བཀོད་འདུག  སྐབས་སུ་བབ་པ་ Jatakarma ནང་དུ་རང་རེ་ལྕེ་ཐལ་ཆོ་ག་ལྟར་གསེར་དང་སྐྱུ་རུ་ར་སོགས་ཀྱི་ཕྱེ་མ་སྦྲང་རྩི་དང་ཞུན་མར་མཉམ་དུ་བསྲེས་པའི་ལྡེ་གུ་བྱིན་ན་བློ་རིག་ཚེ་སྟོབས་འཕེལ་བར་བཤད་འདུག དཔེ་གཞུང་དུ་མེད་ཀྱང་རྒྱ་གར་མཁས་པ་ཁ་ཤས་ཀྱིས་ལྕེ་ལ་གོང་གིས་ལྡེ་གུ་ཡང་ན་གསེར་ཐུར་གྱིས་བྱིས་པའི་ལྕེ་སྟེང་དུ་ཨ་(ऊँ)འབྲི་བའི་ལུགས་སྲོལ་ཞིག་འདུག ཡན་ལག་བརྒྱད་པ་གནས་དྲུག་ཏུ་དབྱེ་བ་ལས་གནས་དྲུག་པ་ཕྱི་མའི་གནས་(Uttarasthana)ནང་དུ་ Jatakarma གསལ་ཡོད་པ་ལ་སློབ་དཔོན་དཔའ་བོས་རང་འགྲེལ་དུ། བྱིས་པ་བཙའ་བའི་ལས།[35] ཞེས་གསུངས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ལྕེ་ཡི་ཧྲཱིཿཐེལ་ཕྱག་ལེན་འདི་ཉམས་པ་སླར་གསོ་གནང་དགོས་པའི་འབོད་སྐུལ།

སྔ་མོ་ཡིན་ན་མི་མང་ནང་དུའང་གོ་རྟོགས་ཡོད་ཙང་བོད་པའི་ཕྲུ་གུ་སྐྱེས་མ་ཐག་ལྕེ་ཐེལ་རྒྱག་ཆེད་དུ་སྨན་པ་ནང་དུ་གདན་དྲངས་པ་དང་། ཡང་ན་ཉིན་ཤས་རྗེས་ཡན་ལག་སྨན་ཁང་དུ་ལྕེ་ཐེལ་རྒྱག་ཆེད་དུ་ཕ་མས་ཕྲུ་གུ་མ་འབྱར་འཁྱེར་ཡོང་བ་གཞིས་ཆགས་ཁག་ཏུ་མཐོང་མྱོང་། ད་ཆ་མི་ཐོག་གསར་པའི་ནང་དུ་ལམ་སྲོལ་བཟང་པོ་འདི་འདྲ་རིགས་ཡོད་པ་ཤེས་རྟོགས་ཙམ་ཡང་མེད་ཙང་ལྕེ་ཡི་ཧྲཱིཿཐེལ་རྒྱག་མཁན་ཡང་མེད། དེ་ལ་བརྟེན་ན་ཡན་ལག་སྨན་ཁང་གསར་པ་རྣམས་སུ་ལྕེ་ཡི་ཧྲཱིཿ ཐེལ་གྱི་ཆ་བྱད་ཡང་མེད་པ་སོང་འདུག འཇིག་རྟེན་འདིའི་ནང་དུ་ཕ་མ་རང་རང་སོ་སོའི་ཕྲུ་གུ་ལ་བརྩེ་བ་མེད་པ་དང་ངའི་ཕྲུ་གུ་འདི་སྨྲ་བདེ་ལ་བློ་རིག་རྣོ་ཞིང་ཚེ་སྟོབས་ལྡན་པར་མི་འདོད་མཁན་སུ་ཡང་མེད་སྟབས་འགྲོ་ཕན་སྨན་རྩིས་ཁང་ནས་ལུགས་སྲོལ་འདི་འདྲ་ཞིག་ཡོད་པ་གོ་རྟོགས་སྤེལ་དགོས་པ་ཞིག་འདུག ལྕེ་ཡི་ཧྲཱིཿཐེལ་འདི་ལ་བརྟེན་ནས་མ་འོངས་པ་དོ་སྣང་ཡོད་མཁན་ཚོས་བྱིས་པ་ཉེར་སྤྱོད་ཡོངས་རྫོགས་སླར་གསོ་ཐུབ་མི་སྲིད་པ་ཞིག་མིན་སྙམ། གྲོང་ཁྱེར་དུ་ཡོད་པའི་ཡན་ལག་སྨན་ཁང་ནས་ཀྱང་ལྕེ་ཡི་ཧྲཱིཿཐེལ་གྱི་ཕན་ཡོན་སྐོར་རི་མོ་དང་བཅས་དབྱིན་སྐད་དུ་འགྲེལ་བརྗོད་དང་། དེའི་ཕན་ཡོན་ཅུང་ཙམ་བཀོད་ཐུབ་ན་རྒྱ་གར་ནད་པ་སྲོལ་རྒྱུན་རིགས་ལ་དགའ་མོས་བྱེད་བཞིན་པ་ཚོར་ལྕེ་ཡི་ཧྲཱིཿཐེལ་འདི་ལག་ལེན་དུ་ཡོང་སྲིད་དོ་སྙམ་ནས་ངས་དབྱིན་ཡིག་ཏུ་བསྒྱུར་ནས་སྨན་ཁང་ནང་དུ་བཞག་འཆར་བྱེད་བཞིན་པའི་སྒང་ཡིན། བོད་ཀྱི་གསོ་བ་རིག་པའི་ནང་དུ་གསལ་བའི་བྱིས་པ་ཉེར་སྤྱོད་གལ་འགངས་སུ་གཟིགས་ནས་ྋརྒྱལ་བ་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་ནས་བཀའ་ཕེབས་ལྟར་བླ་སྨན་སྤྱི་ཁྱབ་མཁན་པོ་དངོས་གཞི་བྱམས་པ་ཐུབ་དབང་དང་མཁྱེན་རབ་ནོར་བུ་ལ་སོགས་ཀྱིས་འབད་བརྩོན་གནང་ཡོད། མ་ཟད་བཀུར་འོས་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པ་གནང་བའི་སྐབས་སུ་བཀའ་ཤག་གསར་པའི་ལས་འཆར་གསུང་བཤད་ནང་། བོད་ཀྱི་ཐུན་མོང་མ་ཡིན་པ་སྲོལ་རྒྱུན་གསོ་བ་རིག་པའི་ལམ་ནས་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་ཀྱི་ལན་ལེན་ཁག་སྤྱི་ཚོགས་ཁྲོད་ཁྱབ་གདལ་དུ་གཏོང་དགོས་པའི་ལམ་སྟོན་གནང་འདུག དེ་ལ་བརྟེན་ནས་སྨན་རྩིས་ཁང་ནས་མ་དང་བྱིས་པའི་འཕྲོད་བསྟེན་ཟེར་བའི་ལས་གཞི་འགོ་འཛུགས་ཞུས་འདུག འདི་བཞིན་གོ་རྟོགས་ཆེད་དུ་སྨན་པ་དགེ་འདུན་འཇམ་དབྱངས་རྒྱ་མཚོས་《བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ་》ཟེར་བ་ཞིག་དང་། རྒན་དམ་པ་པད་མ་རྡོ་རྗེས་《སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ་》ཟེར་བ་གཉིས་འགྲོ་ཕན་སྨན་རྩིས་ཁང་ནས་པར་སྐྲུན་འགྲེམས་སྤེལ་གནང་འདུག།  །།



དཔྱད་གཞི་ཡིག་ཆ་ཁག་གི་ཐོ་གཞུང་དང་། ཞབས་མཆན་གྱི་ཤོག་གྲངས་དང་ཡིག་ཕྲེང་གཤམ་གསལ།

༡།    ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད། བླ་སྨན་མཁྱེན་རབ་ནོར་བུ། བོད་གཞུང་སྨན་རྩིས་ཁང་། ཕྱི་ལོ་ ༢༠༠༡། [1] ༢༤༢/༤   [2] ༢༤༡/༡༣   [4]  ༢༤༡/༡༠   [6] ༢༤༧/༡༡  [7] ༢༤༢/༤   [27] ༢༤༣/༡༣   [32] ༢༤༣/༡༢

༢།     བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་ནང་གསལ། [3]   

༣།    གནས་ལྔ་རིག་པའི་པཎྜིཏ་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གི་རྣམ་ཐར་བཻཌཱུར་སྔོན་པོའི་རང་མདངས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦།   [5] ༩/༡༦

༤།   གསོ་རིག་རྒྱུད་བཞི། མན་ངག་རྒྱུད་ཀྱི་ལེའུ་ ༧༡། བྱིས་པ་ཉེར་སྤྱོད་གསོ་བ། འགྲོ་ཕན་སྨན་རྩིས་ཁང་། ཕྱི་ལོ་ ༢༠༢༣།   [8] [19]

༥།    བོད་ཀྱི་སྔར་སྲོལ་བྱིས་པ་སྐྱེ་གསོ་བྱ་ཚུལ་པོ་ཏཱ་ལ་ཡི་ཐེམ་སྐས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༡༩༩༨།   [9] ༡༢/༡༢   [11] ༡༣/༡   [12] ༡༣/༥   [18] ༡༢/༢༠   [28] ༡༢/༢༠   [29] ༡༣/༢   [30] ༡༢/༡༩   [34] ༡༢/༡༠

༦།    གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་། བྱམས་པ་འཕྲིན་ལས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦།   [10] ༥༢༡/༢༣

༧།    གཙང་སྟོད་ཟིན་ཐིག་དང་ཡང་ཐིག གཙང་སྟོད་དར་མ་མགོན་པོ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦།  [13] ༣༥༤/༡༡

༨།    སུམ་པའི་སྨན་ཡིག་ཕྱོགས་བསྒྲིགས། སུམ་པ་ཡེ་ཤེས་དཔལ་འབྱོར། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༧།   [14] ༣༢༨/༡༢

༩།    བོད་སྨན་མཁས་པ་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་ལག་ལེན་པོད་དམར། སྨད་ཆ། གོང་སྨན་དཀོན་མཆོག་བདེ་ལེགས། མི་རིགས་དཔེ་སྐྲུན་
ཁང་། ཕྱི་ལོ་ ༢༠༡༠།  [15] ༩༩༥/ ༡

༡༠།  རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པོད་ ༡༠། མཁས་བཙུན་བཟང་པོ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༡༩༧༣-༡༩༩༠།   [16]  

༡༡།  བོད་ཀྱི་གསོ་རིག་ལས་བྱིས་པ་བཙའ་གསོའི་ཉམས་ཡིག་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨།   [17] ༩༥/༡༨

༡༢།  བཻཌཱུར་སྔོན་པོ། བོད་གཞུང་སྨན་རྩིས་ཁང་། ཕྱི་ལོ་ ༡༩༩༤། སྟོད་ཆ།   [20] ༣༦༤/༡༥   སྨད་ཆ།   [24]  ༨༡༨/༡༡

༡༣།  གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། དེབ་དང་པོ། [21] ༥༩༥/༢༠  
དེབ་གསུམ་པ། [25] ༢༡༤/ ༡༡

༡༤། མཁས་དབང་སྐྱེམ་པ་ཚེ་དབང་མཆོག་གིས་མཛད་པའི་རྒྱུད་བཞིའི་འགྲེལ་པ། དེབ་གཉིས་པ། བོད་གཞུང་སྨན་རྩིས་ཁང་། ཕྱི་ལོ་ ༡༩༩༩།   [22] ༢༨༨/ ༡༢

༡༥།  རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་། སྨད་ཆ། དར་མོ་བློ་བཟང་ཆོས་གྲགས། བོད་གཞུང་སྨན་རྩིས་ཁང་། ཕྱི་ལོ་ ༡༩༩༢།   [23] ༢༩༢/༡༡

༡༦།  བོད་ཀྱི་གསོ་རིག་དཔེ་རྙིང་ཕྱོགས་སྒྲིག་གངས་རིའི་དཀར་པོའི་ཕྲེང་བ། དེབ་ཕྲེང་གསོ་རིག་ཉེར་མཁོ་གཅེས་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། [26] ༣༤༣/༩

༡༧།  སྒོམ་སྡེ་མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་། བོད་གཞུང་ཤེས་རིག་པར་ཁང་། ཕྱི་ལོ་ ༢༠༠༥།   [31] ༣༣༧/༡༨

༡༨།  སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ། སྨན་རམས་པ་པདྨ་རྡོ་རྗེ། བོད་གཞུང་སྨན་རྩིས་ཁང་། ཕྱི་ལོ་ ༢༠༠༣།   [33] ༥༥/༡༠

༡༩།  ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ། སློབ་དཔོན་དཔའ་བོ། [35] ༨༤༩/༨

༢༠།  བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་། བཀྲ་ཤིས་དབང་འདུས་ལགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩།

༢༡།       ཧྲཱིཿ དྷཱིཿ ལྷན་དུ་ཡོད་པའི་ལྕེ་ཐེལ་སྐུ་པར་འདི་ཡོངས་ཁུངས་སྦེང་ལོར་སྨན་དགེ་བསྟན་འཛིན་ཡེ་ཤེས་དང་། ཏི་ཛུ་ཡན་ལག་སྨན་ཁང་འགན་
འཛིན་སྨན་པ་པདྨ་ཚེ་མཚོ་ལགས་རྣམ་གཉིས་ནས་བྱུང་།།

 

-          རྩོམ་ཡིག་འདི་ནི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་ཕྱི་ལོ་ ༢༠༢ ལོར་པར་སྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་ ༡༣ 》 ནས་ཟུར་འདོན་ཞུས།







 

མཐའ་མའི་འདོན་ཐེངས་།: 10.07.2024 ཉིན། 4:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།