སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཧྭ་ཤང་མཧཱ་ཡ་ན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

ཧྭ་ཤང་མཧཱ་ཡ་ན།

- བྱམས་པ་འཕྲིན་ལས།

 

    ཧྭ་ཤང་མཧཱ་ཡ་ན་(ཡྰན་)*ཞེས་པ་ནི། བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་མམ་ཁྲི་ལྡེ་གཙུག་བརྟན་དང་དེའི་སྲས་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་ནག་ནས་གདན་དྲངས་པའི་ཧྭ་ཤང་མཁས་པ་ཞིག་རེད། སྤྱིར་ཧྭ་ཤང་མཧཱ་ཡ་ན་བོད་ལ་ཕེབས་རྗེས་རྒྱ་སྟག་*ར་མོ་ཆེར་བཞུགས་པ་དང་།  བསམ་ཡས་སུ་ཀམལ་ཤཱིལ་དང་རྩོད་གླེང་གནང་ཚུལ་སྐོར་སོགས་ལོ་རྒྱུས་གཞན་ལས་གསལ། ད་ལམ་གསོ་བ་རིག་པའི་སྐོར་གྱི་མཛད་རྗེས་ཞུས་ན། 《ལོ་པཎ་བཀའ་ཐང་། ཤོག་གྲངས་༢༦ བ་༡》 ནང་།  རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི། །ཧྭ་ཤང་མཧཱ་ཡ་ན་གདན་དྲངས་ནས། །རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས། །ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར། །ཞེས་འཁོད་པ་དང་།  ད་དུང་《ལོ་པཎ་བཀའ་ཐང་》ནང་པཎྜི་ཏའི་མཚན་གྱི་རྣམ་གྲངས་བརྗོད་དུས། པཎྜི་ཏ་རྒྱ་ནག་མཧཱ་ཡ་ན་ཞེས་འཁོད་འདུག་པས། མཁས་པ་ཆེན་པོ་ཞིག་ཡིན་པ་དོན་གྱིས་གྲུབ། བོད་ཀྱི་གསོ་རིག་ལོ་རྒྱུས་ནང་(སྤྱི་ལོ་༧༡༠)རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བོད་ལ་ཕེབས་དུས་སླར་ཡང་རྒྱ་ནག་ནས་སྨན་དང་རྩིས་སོགས་མང་པོ་དར་ཞེས་པ་དང་།  ལྕག་པར་སྐད་གྲགས་ཅན་གྱི་སྨན་གཞུང་《ཟླ་བའི་རྒྱལ་པོ་》ལེགས་སྦྱར་སྐད་དུ་《སོ་མ་རཱ་ཛ་》ཞེས་པ་ནི། འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་ནག་གི་བེ་ཅི་ཧངྐ་མཧཱ་*ལ་དཔེ་ཞུས་ཏེ་ཧྭ་ཤང་མཧཱ་ཡ་ན་དང་།  བཻ་རོ་ཙ་ནས་བསྒྱུར་པའོ། །ཞེས་སྡེ་དགེའི་ཤིང་པར་《ཟླ་བའི་རྒྱལ་པོ་》ཡི་མཇུག་བྱང་དུ་གསལ།།

    འོན་ཀྱང་ཟླ་བའི་རྒྱལ་པོའི་འགྱུར་སྔ་ཕྱི་དང་ནང་དོན་རྒྱས་བསྡུས་ཁྱད་པར་ཡོད་པ་སོགས་ལ་བཞེད་ཚུལ་མི་འདྲ་བ་འགའ་ཤས་སྣང་།  དཔེར་ན་ཆོས་སྐྱོང་དཔལ་བཟང་*གིས་མཛད་པའི་《གསོ་རིག་ཆོས་འབྱུང་བདུད་རྩི་ཆུ་རྒྱུན་》ཞེས་པར་ཁྲི་ལྡེ་གཙུག་བརྟན་སྐབས་སོ་མ་རཱ་ཛ་ལེའུ་བཅུ་གཅིག་ཅན་སྟག་གཟིག་དང་།  རྒྱ་ནག བལ་པོ་བཅས་ཀྱིས་མཉམ་དུ་བརྩམས་པར་གསུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་》ནང་རྒྱ་ནག་ཕྱི་འགྱུར་ཧྭ་ཤང་མཧཱ་ཡ་ན་སུ་ཏྲ་དང་།  ལོ་ཙཱ་བ་བཻ་རོས་བསྒྱུར། ལེའུ་བརྒྱ་དང་བཅུ་གཉིས་ཀྱི་བདག་ཉིད་ཅན། རྒྱ་གར་གྱི་འགྱུར་མཁན་པོ་ཀྲྀ་ཎ་ཞེས་པའི་པཎྜི་ཏ་དང་།  ལོ་ཙཱ་བ་བནྡེ་ཆོས་རབ་ཀྱིས་བསྒྱུར་པ་གཉིས་ཕྱོགས་མཚུངས་པར་སྣང་ཞེས་གསུངས་པ་དང་།  ད་དུང་འཁོད་དོན། ཧཱ་ཤང་མཧཱ་ཀྱིན་ད་དང་།  རྒྱ་ཕྲུག་གར་མཁན་* ཁྱུང་པོ་ཙེ་ཙེ་* ཁྱུང་པོ་དུམ་ཚུགས། ལྕོག་ལ་སྨོན་འབར་བཅས་རྣམས་ཀྱིས་《ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་》ལེའུ་བརྒྱ་དང་བཅོ་ལྔས་གཙོ་བྱས་མང་དུ་བསྒྱུར་ཞེས་གསུངས་ཀྱང་ད་ལྟ་འདི་ཡིན་མི་སྣང་ངོ་།།

        ཡང་《བློན་པོ་བཀའ་ཐང་》གི་ལུང་ལས། ཀླུ་སྒྲུབ་མཛད་པའི་སོ་མ་རཱ་ཛ་དང་།  ཞེས་ཀླུ་སྒྲུབ་ཀྱིས་བརྩམས་པའམ་ཞུ་བ་པོ་མཛད་པར་བརྟེན། སྨན་པ་འགས་ལྷོ་ཕྱོགས་བྷེ་ཏ་སོགས་སྦྱར་བའི་དཔེ་རེ་གཉིས་ཡོད་རུང་ཡི་གེ་ཉམས་པ་ལས་དོན་དུ་ཝང་ཐེའམ་ཀླུ་རྒྱལ་ག་པོས་ཞུ་བ་པོ་བྱས། ཞེས་སྡེ་སྲིད་རིན་པོ་ཆེས་གསུངས་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོའི་《ཤེས་བྱ་སྤྱིའི་ཁོག་འབུགས་》ནང་།  དེ་ལས་སོ་མ་རཱ་ཛ་ནི་ཀླུ་སྒྲུབ་དང་།  འཇམ་དབྱངས་ཀྱིས་གསུངས་པ་མ་ཡིན་ཏེ། རྒྱ་ནག་གི་སྨན་པ་མཁས་པ་ཞིག་གིས་བརྩམས་པ་ཡིན་ཡང་འགྱུར་ཤིན་ཏུ་མ་ལེགས་པས་ནོངས་ཤིང་ཞེས་གསུངས་པ་བཅས་དང་།  གཞན་ཡང་མཁས་གྲུབ་གཉིས་ལྡན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་《ཤེས་བྱ་ཀུན་ཁྱབ་མཛོད་》ཀྱི་གསོ་རིག་བྱུང་ཚུལ་སྐབས། སྲོང་བཙན་དུས་སུ་ལུགས་ཆེན་གསུམ་གྱི་གཞུང་།  །ཨག་ཚོམ་རིང་ལ་རྒྱ་བཟའི་ལུགས་རྣམས་དང་།  །ཧྭ་ཤང་བི་ཇི་སོགས་ཀྱིས་བསྒྱུར་བརྩམས་མང་།  །མཁས་མང་བགྲོས་པས་སོ་མ་རཱ་ཛ་བྱུང་།  །ཞེས་ཧྭ་ཤང་དང་ཁྱུང་པོ་སོགས་རྒྱ་བོད་མཁས་པ་མང་པོས་བགྲོས་ནས་གསོ་དཔྱད་གསར་འགྱུར་རྣམས་ཀྱི་དོན་སྙིང་པོར་བླངས་ཏེ་སོ་མ་རཱ་ཛ་ཞེས་པའི་གཞུང་ཆེན་བརྩམས་ཞེས་གསལ།

     མདོར་ན་《སྨན་དཔྱད་ཟླ་བའི་རྒྱལ་པོ་》བོད་ལ་དར་ཚུལ་མི་འདྲ་བ་དང་།  ནང་དོན་ལེའུ་རྒྱས་བསྡུས་གསུམ་ཙམ་ཡོད་ཚུལ་གསུངས་པ་ཇི་ལྟར་རུང་།  དུས་རབས་བརྒྱད་པའི་ནང་བོད་དུ་ཐོག་མར་འཕེལ་རྒྱས་གཏོང་མཁན་ནི། ཧྭ་ཤང་མ་ཧཱ་ཡ་ན་ཡིན་པས་ཁོང་ནི་རྒྱ་བོད་མི་རིགས་དབར་ལ་རིག་གཞུང་སྤེལ་རེས་དང་།  ལྷག་པར་ཀྲུང་དབྱི་གསོ་རིག་བོད་དུ་མཚམས་སྦྱོར་གནང་མཁན་མཛད་རྗེས་རྨད་དུ་བྱུང་བའི་ལོ་ཙཱ་ཞིག་ཡིན།

དེ་རྗེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་《རྒྱུད་བཞི་》ཁ་སྐོང་དང་ལེགས་སྒྲིག་མཛད་སྐབས་《སྨན་དཔྱད་ཟླ་བའི་རྒྱལ་པོའི་》ནང་དོན་ཕུན་སུམ་ཚོགས་པ་བསྡུ་ལེན་མཛད། དཔེར་ན་《ཕྱི་རྒྱུད་བཻ་སྔོན་》མཇུག་ཏུ་རི་བོ་རྩེ་ལྔར་གསུངས་པའི་《སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་》ཞེས་པའི་ལེའུ་བརྒྱ་དང་བཅུ་གཉིས་ཀྱི་བདག་ཉིད་ཅན་རིམ་པར་རྒྱ་གར་དུ་འོངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་ཀྱང་དཔྱད་པ་མཛད། བོད་གངས་ཅན་གྱི་ལྗོངས་སུ་རྒྱ་གར་བརྒྱུད་མཁན་པོ་ཀྲྀ་ཎ་ཞེས་པའི་པཎྜི་ཏ་དང་།  བོད་ཀྱི་ལོ་ཙཱ་བ་བནྡེ་ཆོས་རབ་ཀྱིས་བསྒྱུར་བ་སོགས་ཇི་སྙེད་མཆིས་པ་དེ་དག་རྣམས་ཀྱི་དོན་མཐའ་དག་མ་ལུས་པར་འདུས་ཤིང་།  ཁྱད་པར་འཕགས་པ་དཔལ་ལྡན་《རྒྱུད་བཞི་》ཞེས་གསུངས་པ་དང་།  སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འགྱོར་གྱིས་མཛད་པའི་《གསོ་དཔྱད་བདུད་རྩི་ཆུ་རྒྱུན་གྱི་ཆ་ལག་》གི་ནང་ཚན་《སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་》ཞེས་པའི་ནང་འཇམ་དཔལ་གྱིས་རི་བོ་རྩེ་ལྔར་གསུངས་པར་གྲགས་པའི་《སོ་མ་རཱ་ཛ་》ལེའུ་བརྒྱ་དང་བཅུ་གཉིས་དང་།  ཀླུ་སྒྲུབ་ཀྱི་《སྦྱོར་བ་བརྒྱ་པ་》སོགས་དང་།  དཔའ་བོའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》ལེའུ་འགྲེལ་བརྒྱ་དང་ཉི་ཤུ་བཅས་དང་།  དེའི་རྒྱ་ཆེར་འགྲེལ་པ་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་རྒྱ་གཞུང་བདུན་སོགས་ཀྱི་གནད་རྣམས་བསྡུས་པའི་བོད་གཞུང་《རྒྱུད་བཞིར་》གྲགས་པ་མང་ཉུང་འཚམས་ལ་དོན་འདུས་པའི་ལེགས་ཆ་ཅན་ཞེས་བསྔགས་བརྗོད་ཆེན་པོ་གནང་། །

མཆན་བུ།

*མཧཱ་ཡ་ན་ནི་ལེགས་སྦྱར་སྐད་ཡིན་པ་དང་།  བོད་སྐད་དུ་མཧཱ་ནི་ཆེན་པོ་དང་།  ཡ་ན་(ཡྰན)ནི་ཐེག་པ་ཞེས་དོན་དུ་ཐེག་པ་ཆེན་པོ་ཞེས་སུ་གྲགས།

*རྒྱ་སྟག་ར་མོ་ཆེ་ཞེས་པ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་ར་སའི་ལྷ་ཁང་རྨང་མི་ཐིངས་ཀྱི་བར་ཀོང་ཛོ་ལ་ལྷ་ཁང་བརྩིགས་པའི་དབང་མེད་ནས་ར་མོ་ཆེར་ཀ་བའི་ཁར་ཤིང་དང་ལ་མས་བརྩིགས་ནས་སྒོ་ཤར་དུ་ཕྱོགས་ཞལ་ནུབ་ཏུ་གཟིགས་པ་དེ་ཤར་དུ་རང་འགྱུར་དུ་བྱུང་།  ཕྱིས་སོ་ཕག་གིས་བརྩིགས་ཏེ་རྒྱ་ཕུབས་སྟག་ལྟར་བཀྲ་བས་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་དུ་གྲགས་ཞེས་གསུངས།

*བེ་ཅི་ཧངྐ་མཧཱ་ཞེས་པ་ནི་ཀྲུང་དབྱི་སྨན་པ་ཞིག་གི་མིང་ཡིན། དེའི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད་》ཅེས་པའི་ཤོག་༣༡༢་བ༦་ནང་རྒྱ་སྨན་བི་ཇི་ཧང་ཀ་ར། ཧྭ་ཤང་མཧཱ་ཡ་ན་སུ་ཏྲ། ལོ་ཆེན་བཻ་རོ་གསུམ་《སྨན་དཔྱད་ཟླ་བའི་རྒྱལ་པོའི་》བླ་བརྒྱད་སྐབས་སུ་མཚན་སྨོས་མཛད་འདུག

*ཆོས་སྐྱོང་དཔལ་བཟང་ནི། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་སློབ་མ་མངའ་རིས་འཚོ་བྱེད་དྷརྨ་པ་ལ་ཤྲཱི་བྷ་དྲ་ཞེས་པ་དེ་ཡིན། རབ་བྱུང་བརྒྱད་པའི་ས་ཕག་《སྤྱི་ལོ་༡༤༧༩》ལོ་《གསོ་རིག་ཆོས་འབྱུང་བདུད་རྩི་ཆུ་རྒྱུན་》ཞེས་པ་བརྩམས།

*རྒྱ་ཕྲུག་གར་མཁན་ནི། 《རྦ་བཞེད་ཞབས་བཏགས་མ་》ཞེས་པའི་ནང་།  ཁྲི་སྲོང་དགུང་ལོ་བཞི་ལ་ཕེབས་དུས་རྒྱ་རྗེ་རྒྱལ་པོ་ལ་སྐྱེས་ཆེན་པོ་བསྐུར་བའི་ཕོ་ཉ་བ་འབའ་དེའུ་ལ་བུ་རྒྱ་ཕྲུག་གར་མཁན་ཡོད་པ་དེ། རྒྱལ་བུའི་རྩེད་ཟླར་ཕུལ། ཞེས་འདུག་པས། ཐོག་མར་རྒྱལ་བུའི་རྩེ་རོགས་ཡིན་པ་དང་།  རྗེས་སུ་ལོ་ཙཱ་མཁས་པ་ཞིག་ཏུ་གྱུར།

*《རྦ་བཞེད་》ནང་བོད་ལ་རབ་ཏུ་བྱུང་བའི་གྲྭ་པ་བྱུང་བའི་རྗེས་སུ་ཆོས་ཤིན་ཏུ་དར་བ་དང་རྗེ་བློན་ཀུན་ཆོས་བྱ་བར་མོས་ནས་རྒྱའི་ལོ་ཙཱ་ནི། ལོ་ཙཱ་ཆེན་པོ་ཡེ་ཤེས་དབང་པོ་དང་།  མཆན་བུ་ཁ་ཆེ་ཨཱ་ནན་ཏ་དང་།  རྒྱ་མེ་མགོས་བྱས། རྒྱ་ནག་གི་ལོ་ཙཱ་ནི། བྲན་ཀ་ལེགས་ཀོ་དང་།  ལྷ་ཀླུང་ཀླུ་འགོ འགོ་འགོས་དམུལ་གོང་གསུམ། དེའི་མཆན་བུ་ཁྱུང་པོ་ཙེ་ཙེ་ལ་སོགས་པས་བྱས། ཞེས་གསལ་བས། ཁྱུང་པོ་ཙེ་ཙེས་རྒྱའི་སྐད་ཡིག་ཤེས་ཀྱི་ཡོད་ལ། ད་དུང་ཁྲི་སྲོང་དུས་སུ་ཧྭ་ཤང་མཧཱ་ཡ་ན་དང་།  ཀྰ་མ་(ཀམལ)ཤཱི་ལ་རྩོད་གླེང་གནང་དུས་ཧྭ་ཤང་གི་ཁ་འཛིན་ཤག་འདེབས་གྲས་སུ་ཁྱུང་པོ་ཙེ་ཙེ་དང་།  ཁྱུང་པོ་དུམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཡོད་པ་གསལ།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།