སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཧྭ་ཤང་མཧཱ་དེཝ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2014
གསོ་རིག་མཁས་དབང་རིམ་བྱོན། >>


 ཧྭ་ཤང་མཧཱ་དེཝ།
བྱམས་པ་འཕྲིན་ལས།
 
          ཧྭ་ཤང་མཧཱ་དེ་ཝ་ནི། ཧྭ་ཤང་ནི་རྒྱའི་སྐད་དུ་དགེ་འདུན་པའམ་གྲྭ་པ་ལྟ་བུ་དང་།  མཧཱ་དེཝ་ནི་ལེགས་སྦྱར་སྐད་ཡིན་པས་བོད་སྐད་དུ་ལྷ་ཆེན་པོ་ཞེས་སུ་གྲགས། ཧྭ་ཤང་མཧཱ་དེ་ཝ་ནི་དུས་རབས་བདུན་པའི་ནང་བོད་དུ་ཕེབས་ནས་ནང་པའི་ཆོས་ལུགས་ཁྱབ་སྤེལ་གནང་བ་དང་ཆབས་ཅིག་མེས་རྒྱལ་ཀྲུང་དབྱི་གསོ་རིག་བོད་ཡིག་ཏུ་ལེགས་བསྒྱུར་མཛད་མཁན་གྱི་ཡ་གྱལ་ཞིག་ཡིན། དེའི་དུས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་པུར་རྒྱལ་རྒྱལ་རབས་སྟོབས་དང་ལྡན་པ་ཞིག་བཙུགས་ཏེ་སྔ་རྗེས་སུ་བལ་བཟའ་ཁྲི་བཙུན་དང་།  ལྷ་ཅིག་ཀོང་ཇོ་གཉིས་ཁབ་ཏུ་བཞེས་ནས་བལ་ཡུལ་དང་།  རྒྱ་ནག་གི་རིག་གཞུང་དང་།  ལག་ཤེས་བཟོ་ལས། སྨན་རྩིས་སོགས་ཀྱི་བཟང་ཆ་བླངས་ཤིང་།  ལྷག་པར་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་ལ་ཕེབས་སྐབས་གོང་མ་ཐང་ཐའེ་ཛུང་གིས་ཀོང་ཇོའི་སྐལ་རྫོངས་སུ། གསེར་གྱི་ལྷ་ཤཱཀྱ་མུནི་དང་།  བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ། རྩིས་ཀྱི་སྤོར་ཐང་བརྒྱད་ཅུ། གཞན་ཡང་རིན་པོ་ཆེ་དང་།  དར་ཟབ་སོགས་གྱ་ནོམ་པ་གནང་།  
 
          གོང་གསལ་ཀྲུང་དབྱི་གསོ་རིག་གི་གཞུང་《སྨན་དཔྱད་ཆེན་མོ་》ཞེས་པ་ཐོག་མར་སྒྱུར་མཁན་ནི་ཧྭ་ཤང་མཧཱ་དེ་ཝ་དང་།  བོད་ཀྱི་ལོ་ཙཱ་བ་དྷརྨ་ཀོ་ཥ་རྣམ་གཉིས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཡར་རྗེ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་བྲག་ནས་གཏེར་ནས་བཏོན་པའི་《ལོ་པཎ་བཀའ་ཐང་》ནང་།  པཎྜིཏའི་མཚན་གྱི་རྣམ་གྲངས་འདྲེན་དུས་ཧྭ་ཤང་མཧཱ་དེ་ཝ་ལ། པཎྜིཏ་རྒྱ་ནག་མཧཱ་དེ་ཝ་ཞེས་པའི་མཚན་སྙན་འདུག དེ་དག་གིས་ཁོང་སྤྱིར་ན་ཕྱི་ནང་ཤེས་བྱ་ཀུན་ལ་མཁྱེན་པ་རབ་ཏུ་རྒྱས་པ་དང་།  ཡང་སྒོས་རྒྱ་བོད་མི་རིགས་དབར་གྱི་རིག་གཞུང་སྤེལ་རེས་ཐད་ལ་མཛད་རྗེས་གཟེངས་སུ་ཐོན་ཅིང་།  ལྷག་ཏུ་མེས་རྒྱལ་ཀྲུང་དབྱི་གསོ་རིག་གི་ཉིང་ཁུ་《སྨན་དཔྱད་ཆེན་མོ་》བོད་ཡིག་ཏུ་བསྒྱུར་པར་བརྟེན་བོད་ཀྱི་གསོ་རིག་སྔར་ལས་ཕུན་སུམ་རྗེ་ཚོགས་སུ་འགྲོ་རྒྱུར་མི་ནུབ་པའི་མཛད་རྗེས་བཞག་ཡོད། དཔེར་ན་《འཇམ་དཔལ་སྙིང་གི་ཟུར་ཐིག་》ཏུ། རྒྱ་གར་རྒྱ་ནག་སྟོད་ཕྱོགས་གསུམ། །ལུགས་གསུམ་བྱང་ཆུབ་ཆེན་པོ་ཡིན། །ཞེས་པ་དང་།  《སྨན་གྱི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། ཤོག་གྲངས་༧༧ བ་༤》 ལས་འཕགས་པ་འཇིག་རྟེན་དབང་ཕྱུག་མི་རྗེའི་ཚུལ་བཟུང་བ་སྲོང་བཙན་སྒམ་པོ་རྒྱལ་སར་ཕེབས་ནས་མིང་ཚིག་ཐམས་ཅད་ཡི་གེར་གདབ་ཏུ་རུང་བ་དང་།  རྒྱ་བཟའ་འུན་ཤིང་ཀོང་ཇོས་བསྣམས་པའི་《སྨན་དཔྱད་ཆེན་མོར་》གྲགས་པ་ཧྭ་ཤང་མཧཱ་དེ་ཝ་དང་།  དྷརྨ་ཀོ་ཥ་གཉིས་ཀྱིས་བསྒྱུར་ཞིང་།  ཞེས་པ་དང་།  《མི་འཇིགས་མཚོན་ཆ་》ཞེས་པ་ལས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་ཁམས་ལ་ཇི་ལྟར་མཐོས་བསྙབ་བཞིན། །ཞེས་སྲོང་བཙན་སྐབས་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད། ཧྭ་ཤང་མཧཱ་དེ་ཝས་བསྒྱུར་པའི་སྨན་དཔྱད་ཆེན་མོའམ་ཀྲུང་དབྱི་གསོ་རིག་གཞུང་ལུགས་ཀྱི་ཉིང་ཁུ་མི་ཉུང་བ་བོད་ཀྱི་གསོ་རིག་《རྒྱུད་བཞི་》དང་།  དེ་མིན་གཞུང་འགྲེལ་མང་པོའི་ནང་བསྡུ་ལེན་བྱས་ཡོད་སྟབས་ཧྭ་ཤང་མཧཱ་དེ་ཝ་ནི་བོད་ཀྱི་གསོ་རིག་ཡར་རྒྱས་ཡོང་རྒྱུར་བསྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་འདོན་མཁན་མཁས་པ་ཆེན་པོ་ཞིག་ཡིན་ནོ།།
 
འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།