སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སློབ་མ་བརྟག་པ་དང་སློབ་མའི་མཚན་ཉིད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

སློབ་མ་བརྟག་པ་དང་སློབ་མའི་མཚན་ཉིད།

སློབ་མ་བརྟག་པ་ནི། སྤྱིར་གསང་སྔགས་ལ། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་དང་། རྒྱུད་རྡོ་རྗེ་འཕྲེང་བ་ལས་ཀྱང་། ཇི་ལྟར་རིན་ཆེར་བརྡར་བ་དང་། །གསེར་ནི་བསྲེག་དང་བཅས་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་པར་དུ་བརྟག། དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་དུ་ནི་དེ་ལྟར་བརྟག །གཞན་དུ་བགེགས་ནི་འབྱུང་འགྱུར་ཏེ། །དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེར། །ཞེས་དང་། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་ཏུ་ནི་འཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་སོགས་ནན་ཏན་དུ་གསུངས་སོ། །ལོ་བཅུ་གཉིས་ཞེས་པ་ནི་བརྟགས་ཀྱང་མྱུར་དུ་མ་ཤེས་ན་རིང་མཐའ་དེ་ཙམ་ཞིག་གི་བར་དུ་རྟོག་པའི་དོན་ཡིན་གྱི་མྱུར་དུ་ཤེས་ན་མི་དགོས་སོ། །རྒྱུད་ནས་གསུངས་པའི་མཚན་ཉིད་དེ་དག་མ་ལུས་པར་ཚང་བ་ཅིག་ཀྱང་མ་རྙེད་ན་སྐྱོན་ཤས་ཆེ་བ་སྤངས་ནས་ཡན་ལག་གཙོ་བོ་རྣམས་ཚང་པའི་ཡོན་ཏན་ལྷག་པ་ལ་བརྟེན་པར་བྱ་སྟེ། བྱ་བའི་རྒྱུད་དཔུང་བཟང་གིས་ཞུས་པ་ལས། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །དེ་ལྟ་བུ་ནི་སྔགས་པའི་གྲོགས་པོར་བསྟེན། །ཞེས་སྣོད་རུང་མི་ལེགས་པར་བརྟག་ཅིང་། དེ་ཡང་སློབ་མའི་སྐྱོན་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཁྲོ་དང་བཅས་ཤིང་རྟོག་གེར་གྱུར། །ན་སོ་དག་ནི་ཡོལ་བ་དང་། །གང་ཡང་དགེ་སློང་དངོས་གནས་དང་། །ཞེན་དང་ཆགས་པས་བཅིངས་པ་ལ། །རིན་ཐང་མེད་པའི་རིན་ཆེན་ནི། །དེ་ལ་བཤད་པར་མི་བྱའོ། །ཞེས་དང་། གསང་བ་སྤྱི་རྒྱུད་ལས། ངག་རྩུབ་པ་ལ་སྤྲོ་ཐུང་དང་། གསོད་དང་རྐུ་བ་བྱེད་པ་དང་། །སྡིག་པའི་གྲོགས་པོ་སྤང་བར་བྱ། །ཞེས་དང་། གཉིས་སྤྱོད་བྱེད་ཅིང་ཚུལ་བཅོས་པ། །དད་དང་མི་ལྡན་བརྩོན་འགྲུས་ཆུང་། །བློ་ཞན་ངེས་མེད་འཆར་ལ་གཡེང་། །བླ་མ་སྤུན་ཟླར་སྲི་ཞུ་ཆུང་། །དེ་ནི་དབང་གི་སྣོད་མིན་ནོ། །ཞེས་སོགས་རྒྱས་པར་འབྱུང་ལ། །འོ་ན་སློབ་མ་མཚན་ཉིད་ཚང་བ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས། གང་ཡང་ང་རྒྱལ་མེད་པ་དང་། །སྒྱུ་མེད་བདག་ཏུ་མི་འཛིན་ཞིང་། །དེ་བཞིན་ཆོས་ལ་མངོན་པར་དད། །དེ་ལ་མན་ངག་བྱིན་པར་བྱ། །གཞན་དུ་ན་ནི་ལྟུང་ཕྱིར་རོ། །ཞེས་དང་། དད་དང་ལྡན་ཞིང་བརྩོན་འགྲུས་ཆེ། །ཉན་ནམ་སློབ་ལ་མི་སྐྱོ་བ། །བླ་མ་སྤུན་ལ་བཀུར་སྟེ་བྱེད། །དེ་ནི་དབང་གི་སྣོད་ཡིན་ནོ། །ཞེས་དང་། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། དེ་དག་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་དང་། །རྒྱུན་དུ་བླ་རྣམས་མཆོད་པ་ཡི། །ཡོན་ཏན་ལྡན་ལ་སློབ་མ་ཡིན། ཞེས་དང་། མཧཱ་མ་ཡ་ལས། ཡིད་གཞུངས་སྤྲོ་ཆེ་བྱས་པ་བཟོ། །རིགས་བཙུན་ང་རྒྱལ་མེད་པ་དང་། །གཟུགས་དང་ལང་ཚོ་ཁ་དོག་ལྡན། །ཞེས་དང་། གསང་བ་སྙིང་པོ་ལས། །དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་བྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་བྱིན་པར་བྱ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། དཀོན་ཅོག་གསུམ་ལ་དད་དང་ལྡན། །སྡིག་ལ་འཇིགས་ཤིང་ཤིན་ཏུ་བསྡམ། །དད་དང་དང་བ་ཕུན་སུམ་ཚོགས། །དེ་ལ་དམ་ཚིག་སྡོམ་པ་བྱིན། །ཞེས་དང་། བཞི་བརྒྱ་པར། གཟུར་གནས་དོན་གཉེར་བློ་ལྡན་པ། །ཉན་པོ་སྣོད་ཅེས་བྱ་བར་མཛོད། །སྨྲ་བོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་ཡིན། །ཞེས་བློ་གཟུ་བོར་གནས་པ་དང་། བློ་ཚད་པ། བློ་ཁོག་ཆེ་བ། བློ་བརྟན་པའོ། །དོན་གཉེར་ཆེ་བས་ཚིག་བཟུང་བ་དང་། དོན་བསམ་པ་དང་། འགལ་འཁྲུལ་སྡེབས་ཏེ་དྲི་བ་སོགས་བརྩོན་འགྲུས་ཀྱི་ལྕག་དང་ལྡན་ཞིང་ཆོས་དེ་ཉིད་ཀྱི་ཚིགས་རྟོགས་པར་ནུས་པའི་ཤེས་རབ་ཟབ་པ། གསལ་བ། མྱུར་བ། བདེ་བླག་ཏུ་རྟོགས་པ་སོགས་བློ་གྲོས་ཀྱི་མིག་དང་ལྡན་པའོ། །དེ་ཡང་རྟོགས་པར་ནུས་པའི་བློ་གྲོས། དོན་དུ་གཉེར་བའི་འདུན་པ། ང་རྒྱལ་མེད་པའི་གུས་པ་དང་ལྡན་པ་ཞིག་དང་། སྒོས་བསྟན་གསོ་བ་རིག་པའི་སློབ་མའི་མཚན་ཉིད་ནི། ཙ་ར་ཀ་ལས། བློ་ལྡན་གཏོང་མོས་བྱས་པ་བཟོ། །བརྩེ་ལྡན་ཆགས་བྲལ་དུལ་ལ་བརྩོན། །ཞེས་དང་། དཔའ་བོའི་ཡན་ལག་བརྒྱད་པར། སྦྱིན་དང་ཚུལ་ཁྲིམས་སྙིང་བརྩེར་ལྡན། །ཚངས་པར་སྤྱོད་ཅིང་བྱས་པ་བཟོ། །བྱམས་ལྡན་བཅུད་ཀྱི་ལེན་སྟོན་ན། །ཚེ་དང་བསོད་ནམས་འཕེལ་བའི་སྡེ། །ཞེས་གསུངས་པ་དང་ལྡན་པ་ནི་སློབ་མའི་མཚན་ཉིད་ཡིན་ལ། དེ་ལས་ལྡོག་པའི་སྣོད་དང་མི་ལྡན་པ་ནི་རྗེས་སུ་བཟུང་བར་མི་བྱ་སྟེ། ཙ་ར་ཀ་ལས། སྡིག་ཅན་བློ་གྲོས་ངན་པ་ཅན། །སྨན་པའི་གཟུགས་བརྙན་དེ་དག་དང་། །གཏམ་འབྲེལ་པར་ཡང་མི་བྱ་ན། །དངོས་སུ་སྟོན་པ་སྨོས་ཅི་དགོས། །ཞེས་དང་། རྟ་དབྱངས་ཀྱིས། སྣོད་ངན་གནས་ན་འཕྲལ་དུ་ནི། ཧ་ལ་ཧ་ལར་གྱུར་པ་ཡིན། །ཞེས་དང་། ཡང་སྙིང་བསྡུས་པར། བསྟན་བཅོས་ངེས་པ་མི་ཤེས་ཤིང་། །ཚིག་ཙམ་ལ་ནི་རྗེས་གཞོལ་བའི་། །གཤིན་རྗེའི་ཞགས་པ་ཐོགས་པ་བཞིན། །སྨན་པ་ངན་པ་རིང་དུ་སྤང་། །ཞེས་དང་། མན་ངག་ཁྲིགས་སྡེབས་གཏམ་རྒྱའི་སྐབས་སུ། སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ་དང་། །ཐབས་ཀྱིས་རྐུ་ཞིང་གཞོགས་སློང་བྱེད་པ་དང་། །གཡོ་སྒྱུས་འགྲོ་བའི་ནོར་ལ་འཇབ་པ་དང་། །ང་རྒྱལ་དྲེག་པས་བཅིངས་དང་སྙིང་རྗེ་མེད། །ཅེས་སོགས་དང་། བྱ་བ་བྱེད་པ་སྨན་པའི་ལེའུར་། དེ་ལྟར་མི་ལྡན་ཐ་མའི་སྐྱོན། །རིགས་བརྒྱུད་མེད་པའི་སྨན་པ་དེ། ཝ་ཡིས་རྒྱལ་ས་བཟུང་བ་ལྟར། །ཀུན་གྱིས་སྤྱི་བོར་བཀུར་མི་འགྱུར། །གཞུང་དོན་མི་ཤེས་སྨན་པ་དེ། །དམུས་ལོང་དག་ལ་རྫས་བསྟན་བཞིན། །ནད་རིགས་བཅོས་ཐབས་ཤན་མི་ཕྱེད། །མཐོང་གོམས་མེད་པའི་སྨན་པ་དེ། །རྒྱུས་མེད་ལམ་དུ་ཞུགས་པ་བཞིན། །ནད་བརྟགས་དཔྱད་ལ་ཐེ་ཚོམ་འགྱུར། །བརྟག་ཐབས་མི་ཤེས་སྨན་པ་དེ། །གཉེན་མེད་བྱེས་སུ་འཁྱམས་པ་འདྲ། །ནད་ངོ་ཤེས་པ་གཅིག་མི་འབྱུང་། །རྩ་ཆུ་མི་ཤེས་སྨན་པ་དེ། །བྱ་བས་བྱ་གཏོང་མི་ཤེས་འདྲ། །ཚ་གྲངས་ནད་ཀྱི་སྐད་མི་སྟེར། །ཁ་དམར་མི་ཤེས་སྨན་པ་དེ། །གཙོ་བོས་སྨྲ་བ་མི་ཤེས་འདྲ། །རང་སྐྱེངས་གྲགས་པ་ངན་པ་འཕོག། བཅོས་ཚུལ་མི་ཤེས་སྨན་པ་དེ། །མུན་ཁུངས་འབེམ་ལ་བརྡེག་པ་འདྲ། །གཉེན་པོ་ནད་ཐོག་འབབ་མི་འགྱུར། །ཟས་སྤྱོད་མི་ཤེས་སྨན་པ་དེ། །རང་སྲིད་དགྲ་ལ་ལོག་པ་འདྲ། །ནད་ཀྱི་སྟོབས་བསྐྱེད་ལུས་ཟུངས་འཇོམས། །ཞི་སྦྱོར་མི་ཤེས་སྨན་པ་དེ། །སོ་ནམ་མི་ཤེས་ཞིང་པ་འདྲ། །དམན་ལྷག་ལོག་པས་ནད་བསྐྱེད་འགྱུར། །སྦྱོང་བྱེད་མི་ཤེས་སྨན་པ་དེ། །བྱེ་མའི་རི་ལ་ཆུ་འབེབ་འདྲ། །ནད་དང་ལུས་ཟུངས་མ་རུངས་བྱེད། །ཆ་བྱད་སྨན་མེད་སྨན་པ་དེ། གོ་མཚོན་མེད་པའི་དཔའ་བོ་འདྲ། །ནད་ཀྱི་དགྲ་དཔུང་ཆོམས་མི་འགྱུར། །གཏར་བསྲེག་མི་ཤེས་སྨན་པ་དེ། །ནང་ཡན་མེད་པའི་རྐུན་པོ་འདྲ། །ནད་དང་དཔྱད་དུ་འཛོལ་བར་འགྱུར། །དེ་ཕྱིར་སྨན་པ་ངན་པ་ནི། །ཅི་ཡང་ལོག་པར་རྟོགས་པ་ཡིས། །གསོ་བ་ལོག་པ་དག་ཏུ་འགྱུར། །བདུད་ཉིད་སྨན་པའི་ཆ་བྱད་ཅན། །གཤིན་རྗེའི་ཞགས་པ་ཐོགས་པས་ན། །སྲོག་གི་གཟུ་བ་ཡིན་པའི་ཕྱིར། །འབྲེལ་བ་མི་བྱ་འཁོར་རྣམས་འཕུང་། །ཞེས་དང་། དེ་ལྟར་སྐལ་མེད་སྣོད་དང་མི་ལྡན་ན། །ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་བཞིན། །བསྐལ་བ་འཁྲུགས་ཀྱང་ཁ་རུ་མི་དབྱུང་བས། །ཞེས་གསུངས་པ་ལྟར་གྱི་སྐྱོན་རྣམས་སྤངས།།

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།