སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.03.2025
ལོ་རྒྱུས། >>


༄༅། །སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

ལོ་ཙཱ་བ་བློ་བཟང་ནོར་བུ་ཤཱསྟྲཱི།

ཉམས་ཞིབ་པ་བློ་བཟང་རྡོ་རྗེ་རབ་གླིང་།

ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་།


ཕྱི་ནང་གི་གྲུབ་མཐའ་མཐའ་དག་ལ་བློ་གྲོས་ཀྱི་ཕ་རོལ་ཏུ་སོང་ཞིང་མཆོག་དམན་ཀུན་གྱི་རྩེ་གཅིག་ཏུ་བཀུར་བའི་སློབ་དཔོན་ཆེན་པོ་རྟ་དབྱངས་ཞེས་གྲགས་པའི་འཁྲུངས་ཡུལ་ལ་རྒྱ་བོད་ཀྱི་མཁས་བཙུན་རྣམས་ཀྱི་མཚན་འདྲ་མིན་སྣ་ཚོགས་ཀྱིས་དྲངས་ཤིང་། དེ་དག་རང་རང་གིས༌མཛད༌པའི༌བསྟན༌བཅོས་རྣམས་ལ་ཁུངས་བཅོལ་ཏེ་ཅུང་ཟད་དཔྱད་དགོས་པ་སྣང་ཞིང༌། དེ་ཡང་རྗེ་བཙུན་ཏཱརཱནཱཐའི་རྒྱ་གར་ཆོས་འབྱུང་དུ། སློབ་དཔོན་ཉིད་ཀྱི་འཁྲུངས་པའི་ཡུལ་ནི་རྒྱ་གར་ཤར་ཕྱོགས་ནལིནིའི་གྲོང་ཁྱེར་ཁོར་ཏ་ཞེས་བྱ་བར་ཡིན་པ་གསུངས་ཤིང་། ཡང་དཔའ་བོ་གཙུག་ལག་ཕྲེང་བས་ རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་འཕགས་རྒྱལ་དུ་བལྟམས་པ་གསུངས་ལ། ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་སྐྱེ་རབས་སོ་བཞིའི་འགྲེལ་བཤད་ དུ་སློབ་དཔོན་དེ་ཉིད་ཀྱི་འཁྲུངས་པའི་ཡུལ་ནི་ཁ་ཆེའི་ཤཱེ་ཏེ་ཏ་ཀ་དང་། བོད་སོག་ཆོས་འབྱུང་ དུ་ལྷོ་ཕྱོགས་ཙམ་གསལ། དེ་ལྟར་བོད་པའི་ཆོས་འབྱུང་དུ་མར་སློབ་དཔོན་འདི་ཉིད་འཁྲུངས་ཡུལ་ཐ་དད་པ་ཁོ་ན་ལས་གཅིག་མཚུངས་མི་སྣང་བ་མ་ཟད་རྒྱ་གར་འཕགས་ཡུལ་དུའང་འདི་ཉིད་ཀྱི་འཁྲུངས་ཡུལ་ཐད་ལ་བཞེད་པ་གཅིག་མཐུན་མེད་པ་འགའ་ཞིག་སྣང་བ་དག་ལས། ཁ་ཅིག་གིས་ཡུལ་གསལ་ལྡན་དང་འགའ་ཞིག་གིས་པཱཊལིཔུཏྲ་ཡིན་པ་བཤད་སྲོལ་ཡོད་ཀྱང་དོན་ལ་འཕགས་ཡུལ་གྱི་མཁས་དབང་མང་ཆེ་བས་ཁོང་གི་འཁྲུངས་ཡུལ་གྲོང་ཁྱེར་འཐབ་མེད་ཨཡོདྱཱ་ཡིན་པར་གྲགས་ཆེ་བར་སྣང་ངོ་། །དེ་ལྟར་ཡིན་པ་ཡང་སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་མཛེས་དགའ་བོའི་སྙན་ངག་ཆེན་པོའི་གཞུང་གི་ལེའུ་ཐ་མ་བཅོ་བརྒྱད་པའི་གཤམ་དུ་གྲོང་ཁྱེར་འཐབ་བཅས་སུ་བལྟམས་པའི་མ་གསེར་མིག་གི་བུ་རྟ་དབྱངས་ ཞེས་གསལ་ཞིང་། ཡང་སྙིང་པོ་ཡན་ལག་བརྒྱད་པར་སིདྡཾགུཔྟ་སྟེ་སེངྒེ་སྦས་པའི་བུ། ཞེས་གསལ། དེ་ལྟར་དཔྱད་པ་ན་བོད་པའི་ཆོས་འབྱུང་ཁག་ཏུ་གསལ་བའི་སློབ་དཔོན་འདིའི་ཡབ་ཡུམ་དང་འཁྲུངས་ཡུལ་ལ་འཁྲུལ་གཞི་ཆེ་བ་ཡོང་བ་ནི། བོད་རྣམས་ཀྱིས་སློབ་དཔོན་རྟ་དབྱངས་དང༌། མཊིཅེཊ་དང༌། དཔའ་བོ་གསུམ་མཚན་ཐ་དད་པ་ཙམ་འདོད་པ་མ་ཟད་དོན་ལའང་དེ་རྣམས་སློབ་དཔོན་གཅིག་ཉིད་ཡིན་པར་འདོད་པའི་རྒྱུ་མཚན་གྱིས་ཡིན་ནོ།།


སློབ་དཔོན་རྟ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ལ་དཔྱད་པ།

སློབ་དཔོན་མཁས་པ་ཆེན་པོ་རྟ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་མང་དུ་མཆིས་ཤིང་། རྗེ་བཙུན་ཏཱརཱ་ནཱཐའི་རྒྱ་གར་ཆོས་འབྱུང་དུ། དེ་ལ་སློབ་དཔོན་མ་ཁོལ་ནི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ། དཔའ་བོ་དང་། རྟ་དབྱངས་དང༌། མ་ཁོལ་དང་། ཕ་ཁོལ་དང་། ཐུབ་དཀའ་ནག་པོ་དང་། ཆོས་ལྡན་རབ་འབྱོར་དང༌། མ་ཏི་ཅི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། །ཞེས་གསུངས་སོ། །ཚུལ་དེ་བཞིན་དུ་བོད་སོག་ཆོས་འབྱུང་དུ། སློབ་དཔོན་ནག་པོ་པའམ་དཔའ་བོ་ཆེ་བ་དེའི་མཚན་གྱི་རྣམ་གྲངས་ལ། དཔའ་བོ། རྟ་དབྱངས། ཕ་ཁོལ། མ་ཁོལ།
ཐུབ་དཀའ། ཆོས་ལྡན་རབ་འབྱོར། མ་ཏི་ཅི་ཏྲ་སོགས་མིང་དུ་གྲགས་སོ།། ཞེས་གསུངས་སོ།།   ཆོས་འབྱུང་མཁས་པའི་དགའ་སྟོན་དུ་དེ་ཉིད་ཀྱི་མཚན་གྱི་རྣམ་གྲངས་དང་མཚན་ཐོགས་ཚུལ་རྣམས་རིམ་པ་བཞིན་གསལ་ཤིང་། དེ་ཉིད་ལས། མཚན་མཁན་གྱིས་བུམ་པ་ཨ་རུ་རས་མཚན་པའི་ལག་རིས་མཐོང་ནས།
མཛེས་ཤིང་སྨན་གྱི་བུམ་པ་ཐོགས།།
དྲི་ཞིམ་གདངས་དང་ལྡན་འགྱུར་པ།།
དགའ་བའི་ཚུལ་གྱིས་ལྟ་བྱེད་པ།།
ཟུག་རྔུ་སེལ་བྱེད་རྒྱས་གྱུར་ཅིག།
ཅེས་ཤིས་པ་བརྗོད་དེ་བདུད་རྩི་བུམ་པ་ཅན་དུ་བཏགས། སྐྱེས་མ་ཐག་རྟ་སྐད་འཚེར་བས་བྲམ་ཟེ་རྟ་སྐད་ཅན་དང་། དེ་ལ་འགྱུར་ཁྱད་ཀྱི་རྟ་དབྱངས་སུ་བཏགས་པ་དང་། སུས་མཐོང་ཡང་དགའ་བས་གཞོན་ནུ་དགའ་བྱེད་དུ་ཐོགས། ཕྱིས་ཕ་མ་ལ་གུས་པས་ཕ་མའི་ཁོལ་པོ་སྟེ་པིཏྲཙཱི་ཏྲ་ཞེས་ཕ་ཁོལ་དང་མཏྲཙཱི་ཏྲ་སྟེ་མ་ཁོལ་དུ་གྲགས། དྲང་སྲོང་རྐང་གཉིས་སྤྱོད་ལས་སྨན་བསླབས། རྒྱལ་པོ་ཞིག་གི་ནད་རྐང་མཐིལ་གྱི་མིས་རྩ་འགྱུར་བྱེད་མནན་པས་སེལ་བ་སོགས་བྱུང་བས་སྨན་དཔྱད་ལ་ཕུལ་དུ་ཕྱིན་ཏེ།
དེད་དཔོན་ཀུན་སྐྱོང་ནོར་གྱི་བདག།
དཔལ་ཆེན་ཕ་ཁོལ་སྨན་གྱི་བདག།
ཀ་མིངྒ་ནི་དམག་གི་བདག།
མཛེས་མ་འོད་ལྡན་ཚལ་གྱི་བདག།
ཅེས་བདག་པོ་བཞིའི་ཡ་གྱལ་ཡིན། དབང་ཕྱུག་ཞག་བདུན་གྱིས་སྒྲུབ་སྟེ་ནག་པོ་ཐུབ་རྒྱལ་དུ་བཏགས། ཞེས་གསུངས་སོ།།

            གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་དེ་ཉིད་ཀྱི་མཚན་གྱི་རྣམ་གྲངས་སུ་བློ་གྲོས་བཀྲ་བ། ཨ་ཤོ་ཀ དཔལ་ཆེན་དགེ་བ། མུ་སྟེགས་པའི་བསྟན་པར་བཞུགས་པའི་དུས་སུ། རལ་པ་ཅན། སྐྲའི་ལ་བ་ཅན། ནང་པར་གྱུར་ནས་ཆོས་ལྡན་རབ་འབྱོར་དབྱངས། མར་མེ་མཛད། དཔའ་བོ། འབུམ་ཊིཀ་མཁན་པོ། དཾནཥྚ་སེ་ན། བཀོད་མ་འཛིན་པ་དང་། ལྷ་གསུམ་པ་ཞེས་སོགས་མིང་དུ་གྲགས་སོ་ ཞེས་གསུངས་སོ། །གང་ལྟར་མཚན་གྱི་རྣམ་གྲངས་མང་བས་དཔྱད་གཞི་ཆེ་བའོ།།


ཡབ་ཡུམ་གྱི་མཚན་ལ་དཔྱད་པ།
ཕྱི་ནང་གི་ལྟ་གྲུབ་མཐའ་དག་ལ་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོ་འདི་ཉིད་ཀྱི་ཡབ་ཡུམ་གྱི་མཚན་ལའང་བོད་ཀྱི་ཆོས་འབྱུང་མ་ལག་གི་ཁྲོད་དུ་གཅིག་མཐུན་མི་སྣང་བའི་གྲས་སུ་ཆོས་འབྱུང་མཁས་པའི་དགའ་སྟོན་༡༠ དུ་ཡབ་བྲམ་ཟེའི་སྨན་པ་དགེ་འདུན་གསང་བ་དང་ཡུམ་རཏྣ་སིདྷ་ཞེས་གསལ། སྐྱེས་རབས་སོ་བཞིའི་འགྲེལ་བཤད་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱིས་༡༡ མཛད་པར་ཡབ་བྲམ་ཟེ་སིདྷ་གུཧྱ་ཞེས་དང་། ཡུམ་གསེར་མིག་མའམ་བདེ་ལྡན་མ་ཞེས་གསལ། རྒྱ་གར་གྱི་ཆོས་འབྱུང་སྤྱི་དང་ལེགས་སྦྱར་གྱི་རྩོམ་རིག་ལོ་རྒྱུས་༡༢ ཁག་ཏུ་སློབ་དཔོན་དེ་ཉིད་བྲམ་ཟེ་མོ་གསེར་མིག་སྟེ་སུཝརཎཱཀྵི་ཡི་ཡིན་པ་གསལ།

སློབ་དཔོན་གྱི་འཁྲུངས་ལོ་ལ་དཔྱད་པ།
སློབ་དཔོན་དེ་ཉིད་ཀྱི་འཁྲུངས་ལོ་ལའང་སྔ་མ་བཞིན་མཁས་དབང་རྣམ་པའི་བཞེད་པ་གཅིག་མཐུན་མེད། རྗེ་བཙུན་ཏཱརཱ༌ནཱཐས་༡༣ རྒྱལ༌པོ༌སཱལཙནྡྲ༌སྟེ༌ཟླ༌བ༌སྦས་པའི་སྐུ་དུས་སུ་འཁྲུངས་པར་འདོད། རྒྱ་གར་གྱི་ཆོས་འབྱུང་ཁག་ཏུ་སློབ་དཔོན་རྟ་དབྱངས་བྱོན་ལོ་ཆོས་རྒྱལ་ཀནིཥས་རྒྱལ་སྲིད་སྐྱོང་བའི་སྐབས་ཡིན་པར་བཤད། ཆོས་རྒྱལ་ཀནིཥྐ་བྱོན་ལོ་ལའང་མཁས་པ་ཁག་གི་བཞེད་པ་གཅིག་མཐུན་མེད་ནའང་། མང་ཆེ་བས་ཡེ་ཤུའི་མ་བྱོན་པའི་སྔོན་ལོ་ ༧༥ ལ་བྱོན་པར་བཤད། དེས་ན་རང་རེ་བོད་པའི་ཆོས་འབྱུང་ཁག་ཏུ་སློབ་དཔོན་རྟ་དབྱངས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷས༌བློ༌ནུས༌གཉིས་ཀྱི་སྒོ་ནས་བཏུལ་ཏེ་ནང་པའི་བསྟན་པར་བཙུག་པར་བཤད་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་པར་གྲགས་པ་ལྟར་དོན་ལ་གནས་པ་སྣང་ངོ༌། །སློབ་དཔོན་ཀླུ་སྒྲུབ་ཀྱི་བྱོན་ལོ་སྟོན་པ་འདས་ནས་ལོ་༤༠༠ བཤད་པས་ནུབ་ཕྱོགས་པས་སྟོན་པ་ཡེ་ཤུ་མ་བྱོན་གོང་གི་ལོ་ ༡༠༠ ཙམ་སྔོན་དུ་བྱོན་པ་བཤད་༡༤ པས་ཕལ་ཆེར་གོང་གི་དུས་ཚོད་དང་གུང་འགྲིག་ན་མཐུན་ཆེ་བ་ལྟ་བུ་སྣང་ངོ༌།།

ཕྱི་ནང་གི་གྲུབ་མཐའ་ལ་གསན་བསམ་མཛད་ཚུལ།

བོད་ཀྱི་ལོ་རྒྱུས་ཁུངས་མ་རྣམས་ཀྱི་བཤད་སྲོལ་ལྟར་ན། སྔོན་རྒྱ་གར་གྱི་གྲོང་ཁྱེར་ཁོར་ཏ་ཞེས་པ་ན་ཚོང་པ་ཆེན་པོ་ཞིག་ལ་བུ་མོ་བཅུ་ཡོད་ཅིང་། དེ་དག་ཐམས་ཅད་ཡུལ་སོ་སོར་བག་མར་སོང་ཟིན་ཅིང་། བུ་མོ་ཆུང་བ་གང་ཡིན་པ་དེ་བྲམ་ཟེ་ལོངས་སྤྱོད་ཆེ་བ་སིངྒཱ་གུཧྱ་ཞེས་པའི་མནའ་མར་ཕྱིན། ནམ་ཞིག་ན་ཁྱེའུ་ཞིག་བཙས་པས་མཚན་ནག་པོ་ཞེས་བཏགས།༡༥ དེའི་སྐབས་མཚན་མཁན་ལ་བསྟན་པས་མཚན་མཁན་གྱིས་མཚན་ཧ་ཅང་བཟང་བ་སྣང་བས་བློ་གྲོས་བཀྲ་ཞིང་བརྩོན་འགྲུས་ཆེ་བ་ཞིག་ཡོང་ཞིང༌། ཕྱིས་མཁས་པ་ཆེན་པོ་ཞིག་ཏུ་འགྱུར་བར་ལུང་བསྟན། བྲམ་ཟེའི་སྲོལ་ལྟར་ཐོག་མར་ལེགས་སྦྱར་གྱི་ཡི་གེ་འབྲི་ཀློག་དང་འཛིན་བྱེད་དགོས་གཙོ་རིགས་རྣམས་དང་ཕྱི་རོལ་པའི་ལྷ་དང་ལྷ་མོའི་བསྟོད་ཚིག་རྣམས་ཚུལ་བཞིན་དུ་སྦྱངས། ཡི་གེ་འབྲི་ཀློག་དང་བློ་འཛིན་བྱེད་དགོས་རིགས་རྣམས་ཀྱང་ལེགས་པར་བསླབས། ཁྱད་པར་དུ་མུ་སྟེགས་པའི་རིག་བྱེད་བཞིའི་ཡན་ལག་དང་བཅས་པར་མཐར་ཕྱིན་པར་གསན་བསམ་མཛད། ཕ་མ་ལ་ཤིན་ཏུ་གུས་པས་མ་ཁོལ་དང་ཕ་ཁོལ་ཞེས་གྲགས།
            རྟ་དབྱངས་ཞེས་པའི་མཚན་ཐོགས་ཚུལ་ལ་བཤད་ཚུལ་ཁག་གཉིས་སྣང་ཏེ། ཁ་ཅིག་གི་མ་ལས་བཙས་མ་ཐག་ཏུ་རྟའི་ཚོགས་ཀྱིས་རྟ་སྐད་ཤུགས་དྲག་ཏུ་སྒྲོག་པས་རྟ་དབྱངས་ཞེས་པའི་མཚན་ཐོགས་པར་བཤད་ཅིང་། འགས་སློབ་དཔོན་ཕྱིས་ཆོས་འཆད་པ་ལ་ཤིན་ཏུ་མཁས་པར་གྱུར་བའི་སྐབས་ཤིག་ན་སྐྱེ་བོའི་ཚོགས་ལ་གསུང་སྙན་པའི་དབྱངས་ཀྱིས་ཆོས་འཆད་བཞིན་གནས་པའི་སྐབས་སློབ་དཔོན་གྱི་གསུང་སྙན་ལ་ཧ་ཅང་གིས་ཡིད་འཕྲོག་ཅིང་མགུ་ནས་ཆོས་ཉན་པའི་ཁྲོད་དུ་མི་ལས་གཞན་པ་དུད་འགྲོའི་རིགས་རྣམས་ཀྱང་རྩེ་གཅིག་ཏུ་ཡིད་གཏད་ཅིང་ཉན་ཞིང་ཡོད་པ་ན་སློབ་དཔོན་གྱི་ཆོས་གསུངས་ཚུལ་ལ་རྟའི་ཚོགས་རྣམས་ཀྱང་ཡིད་དབང་མེད་དུ་ཕྲོགས་ནས་རང་དབང་མེད་པར་རྟ་དེ་རྣམས་ཀྱིས་སློབ་དཔོན་ལ་ཆེ་བསྟོད་ཀྱི་ཚུལ་དུ་རྟ་སྐད་དབྱངས་སྙན་སྒྲོག་ཞེས་རྒྱ་གར་གྱི་སློབ་དཔོན་རམཱཡཱཎཔྲསཱད༌དྭིཝེདཱིས་ནང་པའི་ལེགས་སྦྱར་གྱི་སྙན་གཞུང་ལ་དཔྱད་པར་གསུངས་སོ།།༡༦


ཕྱི་རོལ་པའི་གཞུང་ལུགས་ལ་གསན་བསམ་མཛད་ཚུལ།༡༧
སློབ་དཔོན་འདི་ནི་བློ་གྲོས་ཤིན་ཏུ་བཀྲ་བས་ཕྱི་རོལ་པའི་སྔགས་ཀྱི་སྦྱོར་བ་དང་། རྟོག་གེ་ལའང་ཤིན་ཏུ་མཁས་པར་སྦྱངས། ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་པར་འདོད་ནས་ལྷ་དབང་ཕྱུག་ཆེན་པོ་ཞག་བདུན་གྱི་བར་དུ་སྒྲུབ་པས་བསྒྲུབས་ནས་ལྷ་ཆེན་པོའི་ཞལ་དངོས་སུ་བསྟན་ཏེ་དངོས་གྲུབ་ཅི་འདོད་ཅེས་དྲིས་པས། ཕྱོགས་ལས་རྣམ་པར་རྒྱལ་བ་འདོད་ཅེས་ཞུས་པས། མངལ་སྐྱེས་ཐམས་ཅད་ཀྱི་མི་ཐུབ་པའི་མཆོག་སྦྱིན།༡༨ དེའི་ལྷན་དུ་དཔུང་གཉེན་གྱི་ཚུལ་དུ་ཚངས་པའི་རྣམ་སྤྲུལ་ནེ་ཙོ་པཎྜི་ཏ་དང༌། ཁྱབ་འཇུག་གི་རྣམ་སྤྲུལ་ནག་པང་ཆུང་ངུ་ཐོད་ལོ་ཀོར། ལྷ་མོ་ཨུ་མའི་རྣམ་སྤྲུལ་སྲིང་མོ་པཎྜི་ཏ་བཅས་ཀྱི་གྲོགས་བྱ་བར་བཤད། དེ་རྣམས་ཀྱིས་ཀྱང་མ་ཐུབ་ཚེ་ང་ཉིད་ཁྱེད་ཀྱི་ལུས་སུ་ཞུགས་ནས་བྱིན་གྱིས་བརླབས་ཏེ་མངལ་སྐྱེས་ཐམས་ཅད་ཀྱི་མི་ཐུབ་པའི་ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ་ཡལ། དེ་ནས་ཡུལ་དེ་ཉིད་དུ་གནས་པའི་ནང་པའི་པཎྜིཏ་རྣམས་བློ་གྲོས་ཀྱིས་ཚར་བཅད་ནས་མུ་སྟེགས་པའི་བསྟན་པར་བཅུག ཆོས་གཞི་རྣམས་མུ་སྟེགས༌པའི་དགོན་པར་བསྒྱུར། མུ་སྟེགས་པའི་བསྟན་པར་ཞུགས་པར་མི་འདོད་པའི་ནང་པ་སངས་རྒྱས་པ་རྣམས་ཀྱི་མངའ་ཐང་འཕྲོག་ཏེ་ཡུལ་གཞན་དུ་སྤྱུགས། མདོར་ན་ཕྱོགས་དེ་ན༌གནས༌པའི༌ནང༌པའི༌བསྟན༌པ༌བསྣུབས་པར་བྱས་སོ།། ལྷག་པར་མུ་སྟེགས་པའི་ནང་དུའང་དབང་ཕྱུག་ལ་སྐྱབས་སུ་འགྲོ་བར་མི་འདོད་པ་རྣམས་ལའང་ལྡང་བར་བྱས། དེ་ནས་དབང་ཕྱུག་གི་མཆོག་ཐོབ་པའི་ང་རྒྱལ་གྱིས་རྩོད་པའི་སྙེམས་པ་དང་བཅས་ཏེ་ཨོཌིབིཤ་དང༌། གོཊ་དང༌། ཏིརྷུཏ་དང༌། ཀཱམརཱུཔ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ་མུ་སྟེགས་པའི་བསྟན་པར་བཅུག འགའ་ཞིག་མུ་སྟེགས་པ་ལ་ཕྱག་འཚལ་དུ་གཞུག་པ་སོགས་དམའ་ཕབ་པར་བྱས་ཏེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ་ནས་མཚན་ལའང༌མུ་སྟེགས༌ཐུབ༌དཀའ༌ནག༌པོ་ཞེས་གྲགས། དེ་ལྟ་བུའི་ཕྱི་ནང་གི་རྒོལ་བ་དུ་མ་ཚར་བཅད་པའི་གཏམ་རང་གི་མ་ལ་བསྙད་པས། ཡུམ་ནི་ནང་ལྟར་དུ་ནང་པ་སངས་རྒྱས་པ་ལ་ཤིན་ཏུ་དད་པས་ཐབས་ཀྱིས་མགུ་བར་བྱ་དགོས་པར་དགོངས། གལ་ཏེ་འདི་ནཱལནྡཱར་སོང་ན་རྩོད་པའི་ཁྱུ་མཆོག་མངའ་བའི་རིག་སྔགས་གྲུབ་པ་དག་གིས་བཏུལ༌ཏེ་ནང་པ་སངས་རྒྱས་པའི་ཆོས་ལ་འཇུག་པར་འགྱུར་རོ་སྙམ་དུ་བསམས་ནས་མས་སྨྲས་པ། ཡུལ་གཞན་དང་གཞན་གྱི་ནང་པ་སངས་རྒྱས་པ་རྣམས་ནི་རྟའི་རྣ་བའི་སྤུ་ཙམ་དང༌། ཡུལ་དབུས་མ་ག་དྷའི་སངས་རྒྱས་པ་རྣམས༌ནི༌རྟའི༌ལུས༌ཀྱི༌སྤུ༌ཐམས༌ཅད༌དང་མཚུངས་པ་སྟེ། དེར་གནས་པའི་མཁས་གྲུབ་གཉིས་ལྡན་གྱི་པཎྜིཏ་རྣམས་ཁྱེད་ཀྱིས་དེ་ཚར་བཅད་དེ་རྒྱལ་བར་མ་གྱུར་གྱི་བར་དུ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒོལ་བའི་གྲགས་པ་ཐོབ་ཀྱང་དོན་ལ་མི་གནས་ཞེས་གསུངས། སློབ་དཔོན་ཉིད་དབང་ཕྱུག་གིས་མཆོག་སྦྱིན་པའི་ང་རྒྱལ་གྱིས་བསྙེམས་ནས་ཡུལ་དབུས་ཀྱི་གཙུག་ལག་ཁང་ཆེན་པོ་ནཱལནྡཱར་བསྐྱོད། ནང་པའི་པཎྜི་ཏ་རྣམས་ལ་རང་ཉིད་ངོ་སྤྲོད་བྱས་དེ་རྩོད་པར་བྱ་བའི་དུས་སྟབས་དགོས་པ་བཤད། སུ་རྒྱལ་ཡང་དེའི་བསྟན་པར་ཞུགས་དགོས་པའི་གསལ་བསྒྲགས་བྱེད་དགོས་པ་བཤད་པས། དེར་ཡོད་ནང་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་སློབ་དཔོན་ཀླུ་སྒྲུབ་དང་རྟ་དབྱངས་ཀྱི་གྲགས་པ་ཕྱོགས་དང་ཕྱོགས་སུ་རྒྱལ་བའི་གཏམ་དང་ཐུན་མིན་དབང་ཕྱུག་གི་མཆོག་མངའ་བ་སོགས་ཀྱི་སྐོར་ཐོས་པས་སློབ་དཔོན་ཡབ་སྲས་གཉིས་ལས་གཞན་པ་སུས་ཀྱང་ཕམ་པར་དཀའ་བ་དགོངས། དེའི་སྐབས་སློབ་དཔོན་རྣམ་གཉིས་ལྷོ་ཕྱོགས་དཔལ་གྱི་རི་ན་བཞུགས་ཡོད་པས་ས་ཐག་རྒྱང་རིང་པས། དེང་སང་གི་མཐུན་རྐྱེན་ཁ་པར་དང་ཨིནྚར་ནེཊ་ལ་སོགས་པ་མེད་སྟབས། དགེ་འདུན་རྣམས་འཚོགས་ཏེ་སློབ་དཔོན་གདན་འདྲོང་ཐབས་སྐོར་བགྲོ་བསྡུར་བྱས་པས་མཐར་ཡི་གེ་བྲིས་ཏེ་མགོན་པོར་གསོལ་གཏོར་འབུལ་དགོས་པ་ཐུགས་མཐུན། དེ་ནས་ནག་པོ་ཆེན་པོ་ལ་གཏོར་མ་བཏང་པས་ནག་པོ་ཆེན་པོ་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས༌བྱ་རོག༌གཅིག༌བྱུང་སྟེ་དེའི་མགུལ་དུ་ཡི་གེ་བཏགས་པས་འཕུར་ཏེ་ལྷོ་ཕྱོགས་སུ་སོང་སྟེ་སློབ་དཔོན་ཡབ་སྲས་གཉིས་ལ་ཕུལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་འཕགས་པ་ལྷར། མུ་སྟེགས་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་དམས་པར་བྱེད་ཡོད་འདུག དེ་བཟློག་པར་ང་འགྲོ་དགོས་གསུངས་པས། སློབ་དཔོན་འཕགས་པ་ལྷས། སློབ་དཔོན་བྱོན་པ་འོ་བརྒྱལ་ཆེ་བས་ང་འགྲོ་ན་མི་འགྲིགས་སམ་ཞུས་པས་སློབ་དཔོན་གྱིས་འདི་ནི་བསྟན་པའི་བྱ་བ་ལ་ཆེས་གལ་ཆེ་བའི་གནད་ཅིག་ཡིན་པས་ང་ཉིད་བསྐྱོད་དགོས་གསུངས་པས། ཡང་སློབ་དཔོན་འཕགས་པ་ལྷས་ནན་གྱིས་ཞུས་པས་བརྟག་པའི་ཕྱིར་བླ་སློབ་གཉིས༌ཕྱི་ནང་གི་གྲུབ་མཐའ་སོ་སོར་བཟུང་སྟེ་བར་དུ་རས་ཡོལ་བས་བཅད་དེ་ཕན་ཚུན་རྩོད་པས་སློབ་དཔོན་འཕགས་པ་ལྷས་ནང་པའི་གྲུབ་མཐའ་དང་སློབ་དཔོན་ཀླུ་སྒྲུབ་ཕྱི་རོལ་པའི་གྲུབ་མཐའ་བཟུང་སྟེ་ཡུན་རིང་བརྩད་པས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལན་ཐམས་ཅད་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་འཛིན་པའི་སློབ་དཔོན་དངོས་ལྟར་ལན་མཛད་པས་སློབ་དཔོན་འཕགས་པ་ལྷ་སྐབས་འགར་བདག་གི་བླ་མ་འདི་ཕྱི་རོལ་པའི་སློབ་དཔོན་མིན་ནམ་སྙམ་པའི་ཐེ་ཚོམ་ཐུགས་ལ་དགོངས་པས་སློབ་དཔོན་འཕགས་པས་(ཀླུ་སྒྲུབ་ཀྱིས་)རེ་ཞིག་རྩོད་པ་མཚམས་བཅད་གསུངས། ཁྱོད་འགྲོ་ན་འགྲིག་ཀྱང་རྩོད་པའི་བར་དུ་བླ་མ་ལ་དད་འདུན་ལོག་པ་ལྟ་བུའི་བློ་བྱུང་བས་ལམ་དུ་བར་ཆད་ཆེ་བ་ཞིག་ཡོང་བས་གཟབ་དགོས་གསུངས། དེ་ནས་སློབ་དཔོན་གྱིས་རྐང་མགྱོགས་ཀྱི་རྫས་བྱིན་ཏེ་ཚུར་བྱོན་པས་ལམ་བར་མུ་སྟེགས་པའི་བུད༌མེད་ཅིག་གི་དངོས་གྲུབ་ཀྱི་རྫས་ཤིག་གི་དོན་དུ་སློབ་དཔོན་མཁས་པའི་སྤྱན་དགོས་པ་བཤད་པས་སློབ་དཔོན་འཕགས་པ་ལྷའི་སྤྱན་ཡ་གཅིག་དེ་ལ་སྦྱིན། ཐུན་ཚོད་གཅིག་གི་ཡུན་ཙམ་དུ་ནཱལནྡཱར་ཕེབས། ནཱལནྡཱར་སློབ་དཔོན་རྟ་དབྱངས་ཀྱིས་དགེ་འདུན་པ་རྣམས་ལ་རྩོད་པ་བྱ་བའི་དུས་སྟབས་དགོས་པའི་བཙན་བཟུང་བྱས་པས། མུ་སྟེགས་རྟ་དབྱངས་ཀྱིས་ནཱལནྡཱར་རྒྱལ་པོ་དཔང་དུ་བཞག་སྟེ་རྩོད་པ་བྱེད་དོ་ཞེས་ གསལ་བསྒྲགས་བྱས། དེ་ལ་ལན་འདེབས་པ་ནང་པའི་སློབ་དཔོན་ཆེན་པོ་འཕགས་པ་ཡབ་སྲས་གང་རུང་ཞིག་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་ནས་ཕེབས་བཞིན་ཡོད་པ་གྲགས༌པར་རྟེན་ནས་ཕྱི་ནང་གི་པཎྜིཏ་སྟོང་ཕྲག་དུ་མ་ནཱལནྡཱར་འདུས། སློབ་དཔོན་འཕགས་པ་ལྷ་ནཱལནྡར་བྱོན་པ་ན་ཤིང་བཙོང་པའི་གཟུགས་སུ་བྱས་ཏེ་ཡོ་བྱད་རྣམས་ཤིང་ཕུང་གི་གསེབ་ཏུ་སྦས་ཏེ་ང་འོངས་སོ་ཞེས་ལན་བཏང་བས། དགེ་འདུན་རྣམས་ཀྱི་འཕགས་པ་ཡབ་སྲས་གང་རུང་ཞིག་ཕེབས་པ་བསམས་ཏེ་མཆོད་པའི་བྱེ་བྲག་དུ་མ་ཐོགས་ཏེ་ཕེབས་བསུ་རྒྱ་ཆེ་བ་ཞིག་ཞུས། མུ་སྟེགས་པ་རྣམས་བློ་མ་བདེ་བར་གྱུར་ཀྱང་རྟ་དབྱངས་ནི་མཆོག་ཐོབ་པའི་ང་རྒྱལ་གྱིས་ལྷག་པར་དགྱེས་ཏེ་རེ་ཞིག་ཕན་ཚུན་ངོ་མ་འཕྲོད་པར་ལུས།
            ནམ་ཞིག་ན༌མུ་སྟེགས་རྟ་དབྱངས་སྲོལ་རྒྱུན་གྱི་གོམས་གཤིས་བཞིན་རང་གི་ཕ་མེས་ཀྱི་འདས་པའི་མེས་པོ་རྣམས་ལ་ཆུ་གཏོར་བྱེད་པའི་སར་སློབ་དཔོན་འཕགས་པ་ལྷ་བྱོན་ཏེ་ཅི་བྱེད་དྲིས་པས། སྔར་འདས་པའི་ཕ་མེས་རྣམས་ལ་ཆུ་གཏོར་བྱིན་ཟེར་བས། སློབ་དཔོན་གྱིས་ཀྱང་ས་གཞི་གཙང་མ་ཞིག་ལ་ཆུ་འདྲེན་བཞིན་ཡོད་པས་རྟ་དབྱངས་ན་རེ། ཅི་བྱས་དྲིས་པས། ལྷོ་ཕྱོགས་དཔལ་གྱི་རི་ན་ཤིང་སྐམ་པོ་ཞིག་ཡོད་པས་དེར་འདྲེན་ནོ་གསུངས་པས། རྟ་དབྱངས་ན་རེ། ལྷོ་ཕྱོགས་ན་ཤིང་ཡོད་པ་འདིར་ཆུ་འདྲེན་པས་ཅི་ལ་ཕན་བཤད་པས། འོ་ན་ཕ་མེས་སྔར་ཤི་ཟིན་པ་སྐྱེ་གནས་གཞན་དང་གཞན་དུ་གྱུར་ཟིན་པ་ལ་ཆུ་གཏོར་བྱས་པས་ཇི་ལྟར་ཕན༌ནམ༌ཞེས༌ལན༌གསུངས།

            ཡང་རྟ་དབྱངས་འབབ་སྟེགས་ཀྱི་སྟེང་དུ་གནས་ཏེ་གཱངྒཱའི་ཆུས་ལུས་འཁྲུ་བཞིན་པའི་སྐབས་སློབ་དཔོན་བྱོན་ཏེ་ཅི་བྱེད་གསུངས་པས། སྡིག་པ་སྦྱོང་བ་ཡིན་ཟེར། སློབ་དཔོན་གྱིས་ཀྱང་བུམ་པ་ཞིག་གི་ནང་དུ་མི་གཙང་བས་བསྐངས་ཏེ་ཕྱི་ཁྲུ་བཞིན་གནས་པ་རྟ་དབྱངས་ཀྱིས་མཐོང་སྟེ་སྣོད་གཙང་བར་འཁྲུ་འདོད་ན་ནང་འཁྲུ་དགོས་པ་ལས་ཕྱི་འཁྲུས་ནས་ནང་འདག་པར་མི་འགྱུར་བ་བཞད་བགད་ཀྱི་ཚུལ་དང་བཅས་ཏེ་བཤད་པས། འོ་ན་ནང་སེམས་རྒྱུད་ཀྱི་དྲི་མ་འདོད་ཆགས་ལ་སོགས་པའི་ཉོན་མོངས་དུག་གསུམ་གྱིས་ཁེངས་པ་འདི་འཁྲུ་དགོས་པ་ལས་ལུས་མི་གཙང་སྣ་ཚོགས་ཀྱིས་ཁེངས་པ་འདི་འབབ་སྟེགས་ཀྱི་སྟེང་དུ་འདུག་སྟེ་གཱངྒཱའི་ཆུས་འཁྲུས༌ནས༌སྡིག༌པ༌ཇི་ལྟར་བྱོངས༌བར་གྱུར་ཞེས་དམའ་ཕབ། རྟ་དབྱངས་ཀྱིས་ནང་པའི་དགེ་འདུན་རྣམས་ལ་རྩོད་པའི་དུས་བསྟབ་དགོས་པའི་བཙན་བཀག་བྱས་ཏེ་ཉིན་རེ་བཞིན་ཚོགས་པའི་དབུས་སུ་བྱོན་ནས་དགེ་འདུན་པ་རྣམས་གྲངས་བཤེར་བྱེད་བཞིན་ཡོད་པ་ལས་སློབ་དཔོན་བྱོན་ཉིན་ཁ་གྲངས་སྔར་ལས་གཅིག་མང་བར་གྱུར་བས། སྔར་མེད་པའི་མགོ་ཟླུམ་དེ་གང་ནས་བྱུང་ཞེས་ཉམས་དང་བཅས་དྲིས་པས་སློབ་དཔོན་གྱིས་སྐེ་ལས་འོངས་ཞེས་ལན་བཏབ། སྐེ་གང་ནས་འོངས།
སྐེ་མགོ་ནས་འོངས་སོགས་ཀྱི་ལན་གནད་ལ་ཕིགས་པོ་བྱུང་བས་བདག་དང་འགྲན་ནུས་པའི་ནང་པའི་སློབ་དཔོན་ཅིག་ཐོལ་བྱུང་སྙམ།
            དེ་ནས་སླར་ཡང་སྒོའི་ཐེམ་པར་འདུག་ནས་ང་ཕྱི་ནང་གང་དུ་འགྲོའམ་ཞེས་དྲིས་པས། སློབ་དཔོན་གྱིས་དེ་རང་གི་འདོད་པ་ལ་རག་ལུས་ཞེས་གསུངས། ལག་ཏུ་ནེ་ཙོ་ཞིག་ཁྱེར་ནས་དེ་ཤི་གསོན་གང་བྱས་སམ་དྲིས་པས་དེ་རང་གི་སྙིང་རྗེ་ལ་རག་ལུས་གསུངས། དེ་ནས་རྟ་དབྱངས་ཀྱི་བསམ་པར་ནང་པའི་དགེ་སློང་འདི་དང་སྙམ་དུ་རྩོད་པ་བྱ་འོས་པ་འདུག་པས་རྩོད་པ་བྱ་བའི་དུས་བཏབ་ནས། དཔང་པོའི་ཚུལ་དུ་ཡུལ་དེའི་རྒྱལ་བློན་སྤྱི་དང་ལྷག་པར་དུ་ཕྱི་ནང་གི་མཁས་པ་དུ་མ་དང༌། ཕྱི་ནང་གཉིས་ཀའི་གྲུབ་མཐའ་སོ་སོར་མཁས་པའི་ཕ་རོལ་ཏུ་སོན༌པའི་མཁས་པ་དགུ་དང་། སུ་ཕམ་པ་བཙོན་འཇུག་དང་ལྕེ་གཅོད་རྒྱུ་སོགས་ཀྱི་ཉེས་པ་གཏན་འབེབས་བྱས། སློབ་དཔོན་གྱི་རྩོད་པའི་དངོས་གཞི་ཉིན་རང་གི་ཕྱག་མཚན་གྱི་ཚུལ་དུ་བྱི་ལ་གཅིག སྣུམ་ནག་མར་ཁུ་གཅིག གོས་ཧྲུལ་དང་ལྷམ་རྙིང་པ་དྲི་མ་ཅན། གཞོན་དར་ལ་བབ་པ་གཅིག་གྲ་སྒྲིག་བྱས། རྟ་དབྱངས་ཀྱིས་ཀྱང་། རང་ཉིད་ལ་དབང་ཕྱུག་གི་མཆོག་བྱིན་པའི་ནེ་ཙོ་སྨྲ་ཤེས་པ། ཡི་གེའི་གཟུགས་བརྙན་འཆར་བའི་ཐོད་ལེ་ཀོར་དང༌། ལྷ་མོ་ཨུ་མ་དང་ལྷ་ཆེན་དབང་ཕྱུག་སོགས་ལ་གསོལ་བསྟོད་ཀྱི་གཏོར་མ་སྦྱིན། རྩོད་པའི་དངོས་གཞིའི་ཉིན་ཡུལ་གྱི་རྒྱལ་བློན་རྣམས་དཔང་དུ་བཞག རྒྱལ་ཕམ་ཤན་འབྱེད་ཀྱི་མཁས་པ་དུ་མ་རང་རང་གི་ཁྲིའི་སྟེང་དུ་འདུག་ཟིན་པའི་རྗེས་སུ་སློབ་དཔོན་རྣམ་གཉིས་ཕན་ཚུན་ཁ་བཏད་དེ་བཞུགས། སྔོན་དུས་རྩོད་པ་མ་རྒྱག་པའི་གོང་དུ་ཕན་ཚུན་རྩོད་པ་ལྷུག་པོ་ཡོང་ཕྱིར་ཕན་ཚུན་ཤག་རྒྱག་རེ་བྱེད་སྲོལ་ཡོད་པས་རྟ་དབྱངས་ཀྱིས་ཀུ་རེ་དང་བཅས་སློབ་དཔོན་གྱི་སྤྱན་གཅིག་སྦྱིན་པར་ཤོར་བ་དེ་ལ་དམིགས་ཏེ་སྤྱན་གཅིག་དེ་གང་ཡིན་ནམ་ཞེས་དྲིས་པས།
བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད།།
དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད།
ཨཱརྱ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་པ།།
སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌།།
ཞེས་སྙན་པའི་སྡེབ་སྦྱོར་གྱིས་ལན་བཏབ།

            རྟ་དབྱངས་ཀྱིས་ཁྱོད་ངའི་རྩོད་ཟླ་མི་ཡོང་བས་ཐོག་མར་ངའི་ནེ་ཙོ་འདི་ཕམ་པར་གྱིས་ཤིག་གསུངས་ཏེ་ཚངས་པའི་སྤྲུལ་པ་ནེ་ཙོ་བཏང་བས་སློབ་དཔོན་གྱི་བྱི་ལ་བཏང་ཏེ་བསད། དེ་ལ་རྟ་དབྱངས་ན་རེ་ཁྱེད་ནང་པ་སངས་རྒྱས་པ་མི་འཚེ་བ་ཆོས་སུ་སྨྲ་བས་སྲོག་གཅོད་པའི་ཉེས་པ་བྱུང་བས་རང་གི་གྲུབ་མཐའི་དམ་བཅའ་ལས་འགལ་ཞེས་བཤད་པས། སློབ་དཔོན་གྱིས་བྱི་ལས་ནེ་ཙོ་བསད་པའི་ཉེས་པའི་སྡིག་སྒྲིབ་སྦྱོང་ཆེད་བླ་མ་ཀླུ་སྒྲུབ་ལྷོ་ཕྱོགས་དཔལ་གྱི་རིར་ཡོད་གསུངས་པས། རྟ་དབྱངས་ན་རེ། དེས་སྡིག་སྦྱོང་བྱས་ཏེ་ཉེས་པ་ཇི་ལྟར་འདག་ཅེས་རྟ་དབྱངས་ཀྱིས་སྨྲས་པ་ན། སློབ་དཔོན་གྱི་འོ་ན་བྱི་ལས༌ནེ༌ཙོ་བསད༌པའི༌སྡིག༌པ༌བྱི་ལ་ལས་གཞན་ཁོ་བོར་ཇི་ལྟར་འོང་ཞེས་ལན་བཏབ།
            ཡང་རྟ་དབྱངས་ཀྱིས་ཁྱབ་འཇུག་གི་སྤྲུལ་པ་ངའི་ཐོད་ལེ་ཀོར་དང་རྩོད་ཅིག་ཅེས་པས། སློབ་དཔོན་གྱིས་མར་གྱི་སྣུམ་ནག་འཕངས་ཏེ་ཐོད་ལེ་ཀོར་ཡི་གེ་མི་གསལ་བའི་གནས་སུ་གྱུར་བར་བྱས། དེ་ནས་ལྷ་མོ་ཨུ་མ་བསྒོམས་ཏེ་ངའི་སྲིང་མོ་དེ་དང་རྩོད་ཅིག་བརྗོད་པས། སློབ་དཔོན་གྱིས་སྐྱེས་པ་གཞོན་དར་ལ་བབ་པ་གོས་མེད་གཅེར་བུ་བ་དེ་བཏང་བས་ཨུ༌མ༌ངོ་ཚ་སྟེ་བྲོས། དེ་ནས་རྟ་དབྱངས་ཀྱིས་དབང་ཕྱུག་སྒོམས་པས་སློབ་དཔོན་གྱི་གོས་ཧུལ་དྲི་ངན་རྣམས་ཀྱིས་རྐྱེན་བྱས་ཏེ་རང་གི་ལུས་ལ་ཞུགས་མ་ཐུབ།
            དེ་ནས་རྩོད་པ་དངོས་གཞི་འགོ་ཚུགས་ཏེ། ཕྱི་རོལ་པ་རྣམས་ཀྱིས་འདོད་པའི་དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུར་སྨྲ་བ་དང་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དུ་སྨྲ་བ་དང༌། བདག་རྟག་པ། གྲངས་ཅན་གྱི་འདོད་པའི་སྤྱི་གཙོ་བོ་ཆ་མེད་དུ་སྨྲ་བ་རྣམས་རིམ་པ་བཞིན་སློབ་དཔོན་གྱིས་དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུར་མི་རུང་སྟེ་རྟག་པས་བྱ་བ་བྱས་པ་མེད། རྟག་པས་མཆོག་བྱིན་པ་དང་ཞུགས་པ་སོགས་བྱ་བ་བྱས་ན་མི་རྟག་པར་འགྱུར་རོ། སྒྲ་ཡང་རྟག་པར་མི་རུང་སྟེ། སྒྲ་ནི་སྐྱེས་བུའི་བྱེད་པ་དང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བས་རྟག་པར་གྱུར་ན་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་དུ་མ་འཕངས། བདག་རྟག་པར་མི་འགྱུར་ཏེ་བདག་རྟག་པར་གྱུར་ན་སྐྱེ་བ་སྔ་མ་ནས་ཕྱི་མར་འགྲོ་བ་དང་ཕྱི་མར་འདིར་འོང་བ་མི་སྲིད་དེ་རྟག་པ་ལ་འགྲོ་འོང་དང་འགྱུར་ལྡོག་སོགས་མི་འོང་བ་དང་། སྤྱི་གཙོ་བོ་ཡང་ཆ་མེད་དུ་མི་འགྱུར་ཏེ་དེ་ཆ་མེད་དུ་གྱུར་ན་རྟག་པ་ལས་དེ་ཙམ་ལྔ་དང་དབང་པོ་བཅུ་གཅིག་སོགས་མི་འབྱུང་བ་སོགས་རིག་པའི་རྣམ་གྲངས་དུ་མའི་སྒོ་ནས་ཚར་བཅད།
            སློབ༌དཔོན༌གྱིས༌ནང༌པའི༌ལྟ༌གྲུབ༌ཀྱི༌རྣམ་བཞག་གཏན་ལ་ཕབ་པ་ན། ལས་མ་བྱས་པ་དང་མ་འཕྲད་པ་དང༌། ལས་བྱས་པ་ཆུད་མི་ཟ་བ་དང་སྐྱེས་བུའི་བརྒྱུད་ཀྱི་བློ་གྲོས་ཀྱང་སྦྱངས་པ་ལས་འཕེལ་ཞིང་རིམ་གྱིས་དུག་གསུམ་རྣམས་བྱང་ནས་ཤེས་བྱའི་ཡོན་ཏན་མཁྱེན་པ་གོང་འཕེལ་དུ་གྱུར་ཏེ་མཐར་ཉན་རང་དགྲ་བཅོམ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་གྱི། དེ་ལས་ལྡོག་ཏེ་སློབ་མའི་ངོས་ནས་བྱང་འབད་ཅི་ཡང་མ་བྱས་པར་མཁྱེན་རྟོགས་ཀྱི་ཡོན་ཏན་རྣམས་སློབ་དཔོན་གྱི་མཁྱེན་ཡོན་སློབ་མར་འཕོ་བར་མི་འགྱུར་རོ།། ཤེས་བྱ་མཐའ་དག་བདེན་པ་གཉིས་སུ་འདུ་ཞིང་བདེན་གཉིས་ཀྱི་གནས་ལུགས་མཐའ་དག་ཁོང་དུ་ཆུད་དེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་སུ་འགྱུར་བ་འདོད་པ་དང་། གཞན་ཡང་སྔགས་ལམ་ནས་བཤད་པའི་ཐོག་མར་བཤེས་གཉེན་གཙུག་ཏུ་བསྟེན་ནས་དབང་ལུང་མན་ངག་ཚུལ་བཞིན་དུ་མནོས་ནས་རིམ་བཞིན་ཟུང་འཇུག་གི་གོ་འཕང་ཐོབ་ཚུལ་སོགས་བཤད།

            དེ་ལྟར་སློབ་དཔོན་གྱིས་རྟ་དབྱངས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སུན་ཕྱུང་སྟེ་རྣམ་པ་ཐམས་ཅད༌ནས་ཕམ་པར་མཛད། ཐོག་མར་སློབ་དཔོན་རྣམ་གཉིས་ཀྱིས་གྲུབ་མཐའ་རང་རང་གི་བཞེད་པ་གཏན་ལ་ཕབ་པས་དེར་གནས་པའི་དཔང་པོ་རྣམས་ཀྱིས་ཀྱང་གོ་ཐུབ་ཀྱང་། རྗེས་སུ་ཕན་ཚུན་གྲུབ་མཐའི་རྣམ་གཞག་ཤིན་ཏུ་ཕྲ་བ་ལ་ཐུག་པའི་ཚེ། དེར་ཡོད་པའི་པཎྜི་ཏ་རྣམས་ཀྱིས་ཀྱང་རྟོགས་པར་མ་གྱུར་ནས་དཔང་པོས་ཀྱང་དེ་ཕམ་དང་གཞན་རྒྱལ་གྱི་ཚད་འཛིན་བྱས་མ་ཐུབ། རྒྱལ་པོས་ཀྱང་ཐག་གཅོད་བྱེད་མ་ཤེས་པར་གྱུར།
            དེ་ལྟར་སློབ་དཔོན་གྱི་རིགས་པ་ཕྲ་མོ་ལ་རྟ་དབྱངས་ཀྱིས་ལན་མ་ཐེབས་པས་རྟ་དབྱངས་རྩོད་པས་ཕམ་པས་བྱ་ཐབས་བྲལ་ནས་རྫུ་འཕྲུལ་འགྲན་པ་འདོད་ནས་ད་རྫུ་འཕྲུལ་འགྲན་པར་བྱའོ་ཞེས་ཟེར་ནས། རྟ་དབྱངས་ཀྱིས་བརྒྱ་བྱིན་མིག་སྟོང་ཡོད་པ་ཞིག་སྤྲུལ་པས། སློབ་དཔོན་གྱིས་ཕྱག་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། རྟ་དབྱངས་ཀྱིས་ཁ་ནས་མེ་ཕྱུང་བས་ལན་དུ་སློབ་དཔོན་གྱིས་ཆུ་ཕྱུང་སྟེ་བསད། རྟ་དབྱངས་ཀྱིས་ནམ་མཁར་དཀྱིལ་འཁོར་གྱི་རི་མོ་བྲིས་པས་སློབ་དཔོན་གྱིས་རླུང་ཚུབ་བཏང་སྟེ་བསུབས། དེ་ལྟར་ནུས་པ་དང་རྫུ་འཕྲུལ་གང་གིས་ཀྱང་རྒྱལ་བར་མ་གྱུར་ནས་ཤིན་ཏུ་ངོ་ཚ་བར་གྱུར། དབང་ཕྱུག་ཞུགས་པ་བསྒོམས་པས་མི་གཙང་བའི་རྫས་ཀྱིས་འཁོར་མ་ཐུབ། དེ་ལྟར་དབང་ཕྱུག་ཁྱོད་ཀྱིས་བདག་བསླུས་སོ་ཞེས་སྨྲེ་སྔགས་བཏོན་ཏེ་སྔར་གྱི་ཁས་ཆེ་བའི་ང་རྒྱལ༌ཆག༌སྟེ༌ཤིན༌ཏུ༌ཁ༌སྐྱེངས༌ནས༌བྱ་ཐབས་བྲལ་བས། ཚངས་པའི་འཇིག་རྟེན་དུ་འབྲོས་པར་བྱའོ་སྙམ་ནས། ནམ་མཁར་ཕུར་ནས་བྲོས་པས། སློབ་དཔོན་གྱིས་ཀྱང་ཕྱིས་བཞིན་རྗེས་སུ་དེད་པས་ནམ་མཁའི་དབྱིངས་ཀྱི་མཚམས་སུ་འབྱོར་བ་ན། སློབ་དཔོན་གྱིས་དེ་ཡན་ལ་འགྲོ་ན་སྲོག་དང་འབྲལ་བར་འགྱུར་རོ་ཞེས་གསུངས། ཡིད་ཆེས་པར་མ་འགྱུར་ན་རང་ན་རང་གི་སྤྱི་གཙུག་གི་རལ་པ་གཅིག་ཆོད་ལ་ཡར་ཕོངས་དང་གསུངས་པས། རྟ་དབྱངས་ཀྱིས་དེ་བཞིན་དུ་བགྱིས་པས་རལ་པ་རྣམས་རྡུལ་ཕྲན་བཞིན་དུ་སོང་བས་དེའི་གོང་དུ་འགྲོ་མ་ནུས།༡༩


ནང༌པའི༌བསྟན༌པར༌ཞུགས༌ནས༌བསྟན་པ་ལ་བྱ་བ་མཛད་ཚུལ།
དེ་ནས་སློབ་དཔོན་གྱིས་རྟ་དབྱངས་མར་ཁྲིད་དེ་རྒྱལ་པོར་རྩིས་ཕུལ་བས་གཙུག་ཕུད་དང་རལ་པ་བྲེག་ཏུ་མ་འདོད་ནས་གངྒཱར་ལྕེབས་སུ་འགྲོ་ཟེར་ནས་འགྲོ་འགྲབ་བྱས་པས། རྒྱལ་པོས་བཀའ་བསྒོ༌སྟེ༌རྟ་དབྱངས༌ནང་པའི་བཀའ་སྡེ་སྣོད་གསུམ་བཞུགས་པའི་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་བཟང་བཙོན་གྱི་ཚུལ་དུ་བཅུགས། རྟ་དབྱངས་བྱ་ཐབས་བྲལ་ནས་ཡིད་མུག་སྟེ་གཙུག་ལག་ཁང་གི་ཟུར་ཞིག་ཏུ་གནས། རྟ་དབྱངས་ཀྱི་དགོངས་པར་མུ་སྟེགས་པའི་གྲུབ་མཐའི་ཁས་ལེན་གཏན་ནས་མ་འཕྱུགས་པ་བྱས་ཀྱང་འཕགས་པའི་རྩོད་ལན་ཤིན་ཏུ་རྣོ་བས་རྣམ༌པ༌ཀུན༌ཏུ་ནས་ཕམ་པར་བྱས་པ་ནི་ཡ་མཚན། རང་གི་གྲུབ་མཐའི་གཏིང་མཐའ་མི་ཟབ་པའམ་ཅི་ཡིན་ནམ་སྙམ་ཏེ། ནང་པ་སངས་རྒྱས་པའི་གླེགས་བམ་འགའ་རེ་བཀླགས་པས་དེ་དག་གི་ནང་དུ་བསྟན་པའི་དོན་རྣམས་ཟབ་ཅིང་རྒྱ་ཆེ་ལ་ཡིད་འཕྲོགས་ཤིང་ངོ་མཚར་བ་ཞིག་སྣང་། ལྷག་པར་དུ་འཇམ་དཔལ་རྩ་རྒྱུད་བཀླགས་པས་དེར་སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་ལུང་བསྟན་དང་། ཁྱད་པར་དུ་རང་ཉིད་ཀྱང་ལུང་གྱིས་བསྟན་ཚུལ་རྣམས་མཇལ། འཇམ་དཔལ་རྩ་རྒྱུད་དེ་ཉིད་ལས།༢༠
དགེ་སློང་མང་དུ་ཐོས་པ་ནི།།
དེ་ཡི་ཚེ་ན་འབྱུང་འགྱུར་བ།།
མ་ཁོལ་ཞེས་ཀྱང་བྱ་བ་སྟེ།།
ང་ཉིད་ཀྱི་ནི་བསྟོད་བྱེད་པ།།
དུད་འགྲོར་སྔོན་ནི་གྱུར་པ་ན།།
ང་ཡི་བསྟོད་པ་ཡོངས་སུ་སྨྲ།།
ཞེས་སོགས་མཇལ་བ་ལ། སློབ་དཔོན་རྟ་དབྱངས་རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་དང་དད་པ་འཁྲུངས། ལས་རྒྱུ་འབྲས་ཀྱི་ཟབ་མོའི་ཆོས་དང་འཕགས་པ་ལ་སྐུར་བ་བཏབ་པའི་རྣམ་སྨིན་ལ་འཇིགས། སྔར་བྱ་བ་མ་ཡིན་པ་བྱས་པ་ལ་སྙིང་ཐག་པ་ནས་འགྱོད། སངས་རྒྱས་བཅོམ་ལྡན་འདས་ཉག་ཅིག་བསླུ་བ་མེད་པའི་སྟོན་པ་དང་སྐྱབས་གནས་སུ་མཐོང་ནས།
སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ།།
སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ།།
དགེ་འདུན་ཆེ་ལ་ཕྱག་འཚལ་ལོ།།
གསུམ་ལ་རྟག་ཏུ་བདག་ཕྱག་འཚལ།།༢༡
ཞེས་སོགས་དཀོན་མཆོག་གསུམ་ལ་བསྟོད་པ་ངང་ཤུགས་ཀྱིས་མཛད། སློབ་དཔོན་ཨརྱ་དེ་ཝའི་སྤྱན་སྔར་བཅར་ནས་བཟོད་པ་གསོལ་ཏེ་རབ་ཏུ་བྱུང་བར་འདོད་པའི་འདུན་པ་བསྟན། སློབ་དཔོན་ཨརྱ་དེ་ཝས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ་རབ་ཏུ་བྱུང༌། སློབ་དཔོན་དེ་གཉིས་ལས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ལུང་དང་མན་ངག་ཐམས་ཅད་རྫོགས་པར་མནོས་ནས་ཐུབ་པའི་བསྟན་པ་ཡོངས་རྫོགས་ལ་མཁས་པར་གྱུར། དེའི་ཚེ་ན་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གི་མཛོད་འཛིན་པ་མཁས་མཆོག་འཕགས་པ་དཔའ་བོ་སྟེ་ཨཱརྱཤཱུར་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པར་གྱུར་ཏོ།།༢༢
            སློབ་དཔོན་དེ་ཉིད་སངས་རྒྱས་ཀྱི་བསྟན་པར་ཞུགས་པ་ཐོས་ནས། ཕྱོགས་བཞིའི༌གཙུག༌ལག༌ཁང་རྣམས་སུ་མུ་སྟེགས་བྱེད་དང་། བྲམ་ཟེ་རབ་ཏུ་བྱུང་བ་ཤིན་ཏུ་མང་པོ་བྱུང་ཞིང་། བྲམ་ཟེ་རྣམས་ཀྱི་མཆོག་དང་རབ་དང་གྱ་ནོམ་པ་ཐུབ་དཀའ་ནག་པོ་ཡང་རང་གི་གྲུབ་མཐའ་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཞུགས་ན་ངེས་པར་སངས་རྒྱས་ཀྱི་ཆོས་འདི་ཡ་མཚན་ཆེའོ།། ཞེས་དེའི་རྒྱུ་ལས་དཔལ་ནཱལནྡཱ་ཁོ་ནར་ཡང་བྲམ་ཟེ་སྟོང་ལྷག་པ་རབ་ཏུ་བྱུང་ཞིང༌། སློབ་དཔོན་དེ་ཉིད་ནང་པའི་བསྟན་པར་བཞུགས་པའི་རྗེས་སུ་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་ཉིན་རེར་བསོད་སྙོམས་དཔག་ཏུ་མེད་པ་ཐོབ་ཅིང་། བསམ་གཏན་པ་ཉིས་བརྒྱ་ལྔ་བཅུ་དང་ཀློག་པ་ཉིས་བརྒྱ་ལྔ་བཅུ་སྟེ་དགེ་སློང་ལྔ་བརྒྱ་ལ་འཚོ་བས་བྲེལ་བ་མེད་པ་བྱེད་དོ།།
            མནལ་ལམ་དུ་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཏེ། ཁྱེད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག སྔོན་ཆོས་ལ་བརྟེན་ནས་བསགས་པའི་ལས་སྒྲིབ་རྣམས་བྱང་བར་འགྱུར་རོ།། ཞེས་སྐུལ་ཏེ་བསྟན་པ་སྤྱི་དང་ལས་འབྲས་སོགས་ལ་བསྐུར་བ་བཏབ་པའི་གཉེན་པོར་སྦྱི་བཤགས་མཛད། སངས་རྒྱས་ལ་སྐུར་བ་བཏབ་པའི་གཉེན་པོར་བསྟོད་པ་བརྒྱ་ལྔ་བཅུ་པ་དང༌། ཕར་ཕྱིན་བཅུ་ལ་སློབ་ཚུལ་དང་སྦྱར་བའི་སྐྱེས་རབས་རྩོམ་འཕྲོ་སྐྱེས་རབས་སོ་བཞི་པ་དང་བསྔགས༌འོས༌བསྔགས༌བསྟོད་སོགས་མཛད། ཆོས་ཀྱི་བཤགས་པར་ཆོས་ཀྱི་སྐུ་ལ་བསྟོད་པ། དགེ་འདུན་གྱི་བཤགས་པར་བླ་མ་ལྔ་བཅུ་པ་དང༌། རྩ་ལྟུང་གི་སྡོམ་དང༌། རྒྱུ་འབྲས་སྤངས་པའི་བཤགས་པར་སྨན་དཔྱད་ཡན་ལག་བརྒྱད་པ་ཆེན་པོ།  ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ། ཡན་ལག་བརྒྱད་པ་རྣམས་མཛད་དོ།།
            གཞན་ཡང་གྲགས་ཆེ་བ་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་དང༌། གཅུང་དགའ་བོའི་རྣམ་ཐར་ལས་བརྩམས་པའི་མཛེས་དགའ་བོའི་སྙན་ངག་ཆེན་པོ་༢༣ རྣམས་བརྩམས། དེ་ཉིད་ཀྱིས་མཛད་པའི་བསྟོད་པ་རྣམས་ཆེས་གྲགས་ཆེ་བར་གྱུར་ནས་ཡུལ་དང་ཡུལ་ཐམས་ཅད་དུ་ཁྱབ་པས། ཐ་ན་གླུ་གར་མཁན་དང་བཞད་གད་མཁན་རྣམས་ཀྱིས་ཀྱང་འདོན་པར་བྱས་པས་ཡུལ་གྱི་སྐྱེ་བོ་ཐམས་ཅད་སངས་རྒྱས་ལ་ལྷག་པར་དད་པ་རང་ཤུགས་ཀྱིས་སྐྱེས་ཏེ་བསྟོད༌པ༌ཁོ༌ནས༌ཀྱང༌བསྟན༌པ༌དར༌བ༌ལ༌ཆེས་ཕན་པ་ཞིག་སྟོན་པས་རྒྱུད་དུ་ལུང་བསྟན་པ་ལྟར་དོན་དུ་བྱུང་བའོ།།
            མཐར་སྐུ་ཚེ་སྨད་ལ་ཆོས་རྒྱལ་ཀནྴིཀས་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བརྫངས་པ་ལ་སློབ་དཔོན་ཤིན་ཏུ་བགྲེས་པས་འབྱོན་མ་ཐུབ། འཕྲིན་ཡིག་ཅིག་མཛད་པས་རྒྱལ་པོ་དེ་ཆོས་ལ་བཀོད། སློབ་དཔོན་གྱི་སློབ་མ་ཡེ་ཤེས་སྙན་པ་ཞེས་བྱ་བ་རྒྱལ་པོ་དེ་ལ་ཆོས་སྟོན་པའི་སློབ་དཔོན་དུ་བརྫངས།༢༤ མཐར་སྟོན་པ་ཐུགས་རྗེ་ཅན་གྱིས་སྔོན་སློབ་པ༌ལམ༌གྱི༌གནས༌སྐབས༌སུ༌སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་བུའི་བྱ་དཀའ་བའི་སྤྱོད་པ་དུ་མ་སློབ་པར་མཛད་པ་རྣམས་ཐུགས་ལ་དྲན་ཞིང༌། བདག་གིས་ཀྱང་སྟོན་པའི་མཛད་པ་བཟང་པོ་འདི་ལྟ་བུའི་རྗེས་སུ་བསླབ་པར་བྱའོ་སྙམ་དུ་ཐུགས་བསྐྱེད་ཆེས་ཆེར་འཕེལ། ཡུལ་དེ་ཉིད་ཀྱི་ནགས་ཚལ་དུ་ཕེབས་ཏེ་སྔོན་དེ་བཞིན་གཤེགས་པས་སྟག་མོ་ལ་ལུས་སྦྱིན་པའི་བྱ་དཀའ་བའི་སྤྱོད་པ་བསྟན་པ་ལྟར་མཛད་དེ། དེའི་སྐབས་སྟག་མོ་ཕྲུག་གུ་བཀྲེས་པ་དང་བཅས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པས་དུས་གཅིག་ཏུ་བཀྲེས་པའི་སྟག་མོ་ཞིག་རང་གི་ཕྲུག་གུ་རྣམས་ཟ་བར་རྩོམ་པ་ཞིག་གཟིགས་པས་དེ་ཉིད་དུ་བཟོད་གླགས་མེད་པའི་སྙིང་རྗེ་འཁྲུངས་ཏེ། རང་གི་སྐུ་ལུས་ཀྱི་རྩ་རྣམས་བཀྲོལ་ཏེ་སྟག་མོའི་ཕྲུག་གུ་དང་བཅས་པར་ཁྲག་གིས་ཅུང་ཟད་གསོས། རྗེས་སུ་སྟོན་པའི་བཀྲིན་དྲན་བཞིན་པའི་ངང་སྨོན་ལམ་བདུན་ཅུ་པ་རང་གི་སྐུ་ཁྲག་གིས་བྲིས་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བཞག དེ་ནས་རང་གི་སྐུ་ལུས་དེ་ཉིད་ཀྱང་སྟག་མོ་དང་ཕྲུ་གུ་དེ་དག་ལ་སྦྱིན་ཏེ་རེ་ཞིག་སྐུའི་བཀོད་པ་འདུས་སོ༎
            བདག་ཉིད་ཆེན་པོ་འདི་ནི་རྒྱལ་སྲས་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ་བ་ནི་འཇམ་དཔལ་རྩ་རྒྱུད་དུའང་ཕྱིར་མི་ལྡོག་པའི་བྱང་སེམས་ཡིན་པ་ལུང་བསྟན་པ་ལས་རྟོགས་ནུས་སོ།།

 

རྣམ་ཐར་དེ་ཉིད་ལ་ཅུང་ཟད་དཔྱད་པ།༢༥
རྒྱ་གར་གྱི་དེང་གི་མཁས་པ་ཁག་ཅིག་གི་བཞེད་པ་ལྟར་ན། གོང་དུ་བཤད་པའི་རྣམ་ཐར་དེ་ཉིད་དུ་སློབ་དཔོན་རྟ་དབྱངས་དང་མ་ཁོལ། དཔའ་བོ་གསུམ་གྱི་རྣམ་ཐར་ཕྱོགས་གཅིག་ཏུ་བསྡེབས་པ་ལྟ་བུ་ཞིག་མངོན་ཅིང༌། ལྷག་པར་དུ་སྨོན་ལམ་བདུན་ཅུ་པ་རྩོམ་པ་པོ་སློབ་དཔོན་མ་ཁོལ་མ་ཡིན་སློབ་དཔོན་གཞན་ཕན་དབྱངས་མགོན་ཡིན་པ་ལོ་རྒྱུས་ཁ་ཅིག་ཏུ་བཤད།༢༦ དེ་ནི་མ་ཁོལ་གྱི་རྗེས་སུ་བྱོན་པར་འདོད། རྒྱ་གར་གྱི་ལོ་རྒྱུས་ཁ་ཅིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་པ་མ་ཟད། བྲམ་ཟེའི་རིག་བྱེད་དང་གོམས་གཤིས་མཐའ་དག་གིས་ཕྱུག་པའི་མཁས་པ་ཆེན་པོ་དེ་འདྲ་ཞིག་ཕྱིས༌ནང༌པའི༌བསྟན་པར་ཇི་ལྟར་ཞུགས་པ་དང༌། དེ་འདྲ་བའི་མུ་སྟེགས༌པ༌ཆེན༌པོ༌ནང༌པའི༌བསྟན༌པར་ཞུགས་ནས་སྡོམ་པ་འབོགས་སྦྱིན་ཐད་ལ་མིང་མི་མཐུན་པ་སྣ་ཚོགས་ཡོད་པ་བཤད་ཅིང་། དེ་རྣམས་ཀྱི་དགོངས་ཚུལ་ལྟར་ན་གྲོང་ཁྱེར༌སཱཀེཏ༌སྟེ༌འཐབ༌བཅས༌ན་འཁྲུངས་པར་བཞེད་ཅིང༌སྐུ་ཚེ་རིང་པོར་ཀཱཤྨིར་སྟེ་ཁ་ཆེ་དང་གནྡྷཱར་བཞུགས་པ་བཤད།
            ཡང་བཤད་སྲོལ་ཁ་ཅིག་༢༧ ནང་ཁོང་པེཤཱཝར་ལ་བཞུགས་པའི་སྐབས་གནས་དེ་ཉིད་དུ་བཞུགས་པའི་ནང་པའི་དགེ་སློང་རྩིབས་ལོག་པཱརྵཝཾ་གྱི་ལྷན་དུ་ཆོས་ཀྱི་བགྲོ་གླེང་བྱས་པས་ཕྱིས་རྩོད་པ་ཆེན་པོར་གྱུར་ནས་རྒྱལ་པོ་སོགས་མཁས་དབང་དུ་མ་དཔང་དུ་བཞག་ནས་བརྩད་པས་རྟ་དབྱངས་ཕམ་སྟེ་གནས་བརྟན་རྩིབས་ལོག་གིས་ཁོང་ལ་སྡོམ་པ༌གནང༌སྟེ༌ནང༌པའི༌བསྟན༌པར་བཅུག་པར་བཤད།
            མཁས་པ་གཞན་ཁ་ཅིག་༢༨ གིས་སློབ་དཔོན་རྟ་དབྱངས་ལ་རབ་བྱུང་གི་སྡོམ་པ་གནང་མཁན་དགེ་སློང་བསོད༌ནམས༌གྲགས༌པ༌སྟེ༌པུཎྱཤས༌ཡིན་ཞིང༌། ཁོང་ནི་དགེ་སློང་རྩིབས་ལོག་གི་སློབ་མ་ཡིན་པར་བཤད། དགེ་སློང་རྩིབས་ལོག་ཞུ་བ་ནི་དེའི་སྐབས་སུ་ཀུན་གྱིས་བཀུར་ཞིང་མཁས་པའི་གྲགས་པ་ཆེ་ཞིང་རྟོག་གེའི་རིག་པ་ལ་ཕུལ་དུ་ཕྱིན་པ། ཕྱི་ནང་གི་བསྟན་བཅོས་དུ་མའི་མཁྱེན་ཡོན་མངའ་བ་ཞིག་ཡིན་པར་བཤད།
            སློབ་དཔོན་རྟ་དབྱངས་པཱཊལིཔུཏྲར་སྟེ་སྐྱ་ནར་བུའི་གྲོང་ཁྱེར་ན་ལོ་བཅུ་ཙམ་ཞུགས་ནས་དེར་ནང་པའི་གཞུང་ལུགས་ལ་ཐོས་བསམ་གནང༌། ཆོས་རྒྱལ་ཀནིཥྐ་རྒྱ་གར་ནུབ་ཕྱོགས་ནས་དམག་དྲངས་ཏེ་རྒྱལ་ཁ་ལོན་བཞིན་པའི་ངང་མགདྷའི་རྒྱལ་ས་པཱཊལིཔུཏྲ་ལ་འབྱོར་ཏེ་དེའི་རྒྱལ་པོ་དམག་གིས་ཕམ་པར་བྱས་ནས་ཐོག་མར་མགདྷའི་རྒྱལ༌པོ༌ནང༌པའི༌བསྟན༌པར༌བཙུགས༌ནས། དེ་རྗེས་དེ་མ་ཐག་ཏུ་ནང་པའི་སློབ་དཔོན་ཆེན་པོ་རྟ་དབྱངས་ཡང་མཇལ་ནས་ཧ་ཅང༌གི༌ཐུགས༌དགྱེས༌པོ་བྱུང༌སྟེ༌སློབ༌དཔོན་ཉིད་རང་གི་རྒྱལ་ས་པེཤཱཝར་ལ་མཉམ་ཁྲིད་གནང་བར་བཤད། སློབ་དཔོན་པེཤཱཝར་ལ་འབྱོར་ནས་པེཤཱཝར་གྱི་རིག་གཞུང་དུ་མ་དང༌། ཁྱད་པར་དུ་ཏུརྐ། ཡཝན། ཤཱཀ པཱར་སི་ལ་སོགས་པ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྣམས་འཕགས་ཡུལ་གྱི་རིག་གཞུང་དང་མཚུངས་པ་དུ་མ་སྣང་བས་ངོ་མཚར་སྐྱེས། སློབ་དཔོན་གྱི་མཁྱེན་ཡོན་དང་རིག་གཞུང་དུ་མར་དོ་སྣང་འགྲན་ཟླ་དང་བྲལ་བའི་མཁས་པའི་དཔལ་དུ་ཤེས་ནས་རྒྱལ་པོ་ཀནིཥྐས་སློབ་དཔོན་རྒྱལ་པོའི་སྙན་ངག་མཁན་གྱི་གོ་གནས་ཕུལ། ད་ལྟའི་རྒྱའི་ལོ་རྒྱུས་རྣམས་སུའང་དེ་དང་སློབ་དཔོན་གྱི་རྣམ་ཐར་གཅིག་མཚུངས་སྣང་བར་བཀོད། དེར་སློབ་དཔོན་རྟ་དབྱངས་རྒྱལ་པོ་ཀནིཥྐའི་ཆོས་ཀྱི་སློབ་དཔོན་ནམ་མདུན་ན་འདོན་དང་། སློབ་དཔོན་ཅརཀ་སྨན་པར་བཀོད། སློབ་དཔོན་རྟ་དབྱངས་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་ཕ་རོལ་ཏུ་ཕྱིན་པའི་མཁྱེན་པ་མངའ་བས་ཁོང་གིས་གསུང་ཆོས་གནང་བའི་སྐབས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་གསུངས་ཞེས་བཤད་དོ།།༢༩
            ཉི་ཧོང་གི་མཁས་པ་ཁ་ཅིག་གིས་སློབ་དཔོན་ཀླུ་སྒྲུབ་སློབ་དཔོན་རྟ་དབྱངས་ཀྱི་རྗེས་སུ་བྱོན་པར་བཤད་ཅིང་། དེའི་ཁུངས་སུ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པའི་བསྟན་བཅོས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་འགྲེལ་པ་མཛད་ཡོད་པ་བཤད་དོ།།

ནང་པའི་གྲུབ་མཐའ་གང་གི་རྗེས་འབྲངས་ཡིན་པ་དཔྱད་པ།
སློབ་དཔོན་རྟ་དབྱངས་ནང་པ་སངས་མཐའ་རྒྱས་པའི་གྲུབ་མཐའ་བཞི་ལས་གྲུབ་གང་གི་རྗེས་འབྲངས་ཡིན་པ་ལ་མཁས་པ་ཁག་གི་བཞེད་པ་མི་མཐུན་པ་སྣང་། སློབ་དཔོན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ཕྱག་བཞེས་ལྟར་རབ་ཏུ་བྱུང་ཞིང་། ཐེག་པ་ཆེན་པོའི་དབུ་མ་པ་ཆེན་པོ་བ་ཡིན་པ་སྣང་ངོ་།།༣༠ བོད་རྣམས་ཀྱི་ལྟར་ན་ཕྱི་ལོ་བརྒྱ་ཕྲག་དང་པོ་ཙམ་ལ་ཐེག་པ་ཆེན་པོ་རྒྱས་བའི་སྐབས་ཡིན་པས་དེའི་སྐབས་རྒྱ་གར་ན་རྒྱལ་པོ་ཀནིཥྐས་རྒྱལ་སྲིད་སྐྱོང་བའི་སྐབས་ཡིན་པས་དབུ་མ་ལ་ནང་གསེས་ཀྱི་གྲུབ་མཐའ་སོ་སོར་མ་གྱེས་སྟབས་དབུ་མ་སྤྱིའི་སློབ་དཔོན་དུ་བཀུར་རོ།།
            འཕགས་ཡུལ་ན་དེང་སང་ཡང་། སློབ་དཔོན་དཔའ་བོ། རྟ་དབྱངས། མ་ཁོལ་གསུམ་སྙན་ངག་མཁན་གྱི་སློབ་དཔོན་ཆེན་པོ་ཡིན་པ་དོན་ལ་བཞེད་ཀྱང་། གང་ཟག་གཅིག་ཡིན་པ་ཅི་ནས་ཀྱང་མི་འདོད་དོ།། དེ་དག་གིས་མི་འདོད་པའི་རྒྱུ་མཚན་དང་པོ་ནི། བརྩམ་བྱའི་སྙན་ངག་གི་འགྲོས་ཕན་ཚུན་མི་མཐུན་པ་དང༌། བྱོན་ལོ་ལ་དུས་རབས་ཀྱི་འགྱངས་ཕད་ཡོད་པ་དང༌། འཁྲུངས་ཡུལ་དང་ཡབ་ཡུམ་གྱི་མཚན་ལ་ཁྱད་པར་ཡོད་པ་བཅས་བཤད་བཞིན་ཡོད་ནའང་། མཁས་པ་ཁ་ཅིག་རྟ་དབྱངས་དང་མ་ཁོལ་བྱོན་པ་དུས་མཉམ་ཡིན་པས་རྩོམ་འགྲོས་མཐུན་པ་ཡང་བཞེད་མཁན་ཡོད།
            བོད་ལྟར་ན༌གོང་ཞུས་ལྟར། སློབ་དཔོན་ཕྱི་ནང་གཉིས་ཀའི་གྲུབ་མཐའ་དང་། སྙན་ངག་དང་གསོ་རིག་བཅས་ལ་ཤིན་ཏུ་མཁས་པས་གང་ཟག་གཅིག་ལ་མཛད་པ་ཐ་དད་པའི་དབང་གིས་མཚན་མི་འདྲ་བ་ཙམ་ལས་དོན་དུ་གཅིག་ཡིན་པ་བཤད། དེ་ཡང་ཕ་མ་ལ་ཤིན་ཏུ་བརྩེ་ཞིང་བཀུར་བས་ཕ་ཁོལ་མ་ཁོལ་དང༌། གསུང་སྙན་པ་རྟའི་དབྱངས་ལྟར་མཆིས་པས་རྟ་དབྱངས་དང༌། ཕྱི་རོལ་པའི་གྲུབ་མཐའ་ལ་ཆེས་གཅེས་ཤིང་གོམས་དྲིས་ཆེ་ལ་ཁོར་ཡུག་གི་འཇིགས་པ་མཐའ་དག་ལ་འཇིགས་པ་མེད་པ་ཐམས་ཅད་རྣམ་པ་ཀུན་ནས་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས་ཐེག་པ་ཆེན་པོ་ནང་པའི་བསྟན་པར་བཞུགས་ནུས་པས་དཔའ་བོ་ཞེས་མཚན་ཐོགས་སོ།། མདོར་ན་ནང་པར་ཞུགས་པ་ནས་བཟུང་དཔའ་བོའི་མཚན་ཐོགས་པ་བཤད་དོ།།


བོད་ཀྱི་གསོ་རིག་གཞུང་དུ་འཁོད་པའི་སློབ་དཔོན་གྱི་རྣམ་ཐར།
འཇམ་དཔལ་རྩ་རྒྱུད་དུ་སློབ་དཔོན་གྱི་ལུང་བསྟན་ཡོད་པ་གསོ་རིག་གི་གཞུང་དུའང་བཞེད་ཅིང་། འཁྲུངས་ཡུལ་གྱི་ཐད་ལ་ཀུན་མཁྱེན་པད་དཀར་༣༡ གྱིས་རྒྱ་གར་ཕྱོགས་དང༌། བུ་སྟོན་དང་ཇོ་ནང་པ་ཏཱ་རཱ་ནཱ་ཐ་ལ་སོགས་པ་མཁས་པ་ཕལ་མོ་ཆེས་གོང་ཞུས་ལྟར་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པ་བཞེད། བོད་སྔ་རབས་པ་ཞང་སྟོན་ཞིག་པོས་མཛད་པའི་རྒྱལ་མཚན་རྩེར་འབད་ལྟར་ན།༣༢ སློབ་དཔོན་འདི་སྐུ་སྐྱེ་སྔ་མར་རྒྱ་གར་ཤར་ཕྱོགས་སུ་འཁྲུངས། ནགས་ལ་གནས་པའི་ནང་པའི་དགེ་སློང་ཞིག་ལས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ཏེ་སྲུང་བཞིན་པའི་སྐབས། རྒྱ་གར་ནུབ་ཕྱོགས་པའི་མཁས་པ་དང་དད་ལྡན་དུ་མ་ཕྱི་རོལ་པའི་ལྷ་དབང་ཕྱུག་ཆེན་པོ་ལ་བསྟོད་ཅིང་དེའི་རྗེས་སུ་འཛིན་པའི་སྨོན་ལམ་བཏབ་པའི་ཉེར་ལེན་ལ་བརྟེན་ནས་རང་གིས་དམ་བཅའ་བླངས་པའི་ཡན་ལག་བརྒྱད་པའི་ཁྲིམས་ལས་ཉམས། ཚེ་འཕོས་ནས་ངན་སོང་དུ་སྐྱེས། ལས་ཀྱི་འབྲས་བུ་རགས་པ་རྣམས་ཟད་པའི་རྗེས་སུ་སླར་ཡང་རྒྱ་གར་གྱི་རྒྱལ་པོ་ཀཥྞིཀའི་ཕོ་བྲང་དང་ཉེ་བར་ཡབ་བྲམ་ཟེ་སྨན་པ་ཆེན་པོ་སྟེ་སེང་གེ་སྦས་པའམ་སིངྒཱ་གུཧྱ་དང༌། ཡུམ་དགེ་འདུན་གསང་བ་སྟེ་རཏྣ་སིདྡྷིའམ་སངྒ་གུཧྱ་གཉིས་ཀྱི་སྲས་སུ་བལྟམས། མ་འཁྲུངས་པའི་སྔོན་གྱི་མཚན་མ་དང་ལྟས་ཁྱད་པར་ཅན་བྱུང་བ། བྲམ་ཟེ་མཚན་མཁན་གྱི་ལུང་བསྟན་ཚུལ་དང་། སློབ་དཔོན་འཕགས་པ་ལྷ་དང་རྩོད་ཅིང་རྫུ་འཕྲུལ་འགྲན་ཚུལ་རྣམས་ནི་སྔ་མ་བཞིན་ནོ།། ཕྱིས་ནང་པའི་བསྟན་པར་ཞུགས་ཟིན་པའི་རྗེས་སུ་ལུས་ཀྱི་སྡིག་བཤགས་ཀྱི་ཚུལ་དུ། ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོར་བསྡུས་པ། དེའི་རང་འགྲེལ་དང་བཅས་པ་བཞི། ངག་གི་སྡིག་སྒྲིབ་བྱང་ཆེད། སྐྱེས་རབས་སོ་བཞི། ཡིད་ཀྱི་སྒྲིབ་སྦྱོང་ཆེད། རྩ་ལྟུང་དང་བསྔགས་འོས་བསྔགས་བསྟོད་སོགས་བསྟོད་པ་བརྒྱ་རྩ་བརྩམས་ཞེས་གསལ། དེ་ཉིད་ཀྱི་མཚན་གྱི་རྣམ་གྲངས་སུ་མཚན་འདྲ་མིན་ཉེར་གཅིག་ཙམ་དཔའ་བོ་གཙུག་ལག་ཕྲེང་བ་༣༣ ན་གསལ། ཕྱི་རོལ་པའི་བསྟན་པ་ལ་བཞུགས་པའི་དུས་སུ། བདུད་རྩི་བུམ་པ། མ་ཁོལ། ཕ་ཁོལ། དཔལ་ཆེན་དགེ་བ། རྟ་དབྱངས། དགའ་བྱེད། མ་ཏི་ཅི་ཏྲ། ཨ་ཤཱཀ ཐུབ་རྒྱལ་ནག་པོ་ཞེས་གྲགས་ཤིང་། ནང་པར་ཞུགས་པ་ནས་བཟུང༌། དཀོན་མཆོག་འབངས། རབ་འབྱོར་བསྐྱངས། བྷ་ལི་ལྷ། མར་མེ་མཛད། ངོ་བོ་གཉིས་མེད་པ། བཀོད་མ་འཛིན། བཙུན་པ་དཔའ་བོ། དགྲ་ལས་རྣམ་རྒྱལ། རྡོ་རྗེའི་མཚོན་ཆ། ལྷ་གསུམ་པ། བྷ་པ་བྷ། འབུམ་ཊཱིཀ་མཁན་པོ། གཞན་ལ་ཕན་པའི་དབྱངས་རྣམས་སོ།།


སློབ་དཔོན་རྟ་དབྱངས་ཀྱི་འཁྲུངས་གཤེགས་ལ་དཔྱད་པ།
རྒྱ་གར་གྱི་མཁས་བ་ཆེན་པོ་རཱམཱཡཎཔྲསཱདདཱིཝེདཱིས་༣༤ མཛད་པའི་ནང་པའི་ལེགས་སྦྱར་གྱི་སྙན་གཞུང་དང་རྡོ་རྗེའི་ཁབ་ཀྱི་གླེང་བརྗོད་བཅས་སུ་སློབ་དཔོན་རྟ་དབྱངས་ཀྱི་བྱོན་ལོ་ལ་དཔྱད་པ་མཐའ་བཞིའི་སྒོ་ནས་དཔྱད་པ་ན། དང་པོར་སློབ་དཔོན་རྟ་དབྱངས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གོང་དུ་བྱོན་ཟིན་པ་གསུངས་པས་འདི་ནི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གང་དུའང་མི་གསལ་ཞིང་ཁྱད་པར་དུ་རྒྱ་གར་གྱི་རྒྱལ་རབས་ཕལ་མོ་ཆེར་སློབ་དཔོན་རྟ་དབྱངས་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་བྱོན་པ་བཤད་པ་ལ་ཁུངས་མི་བཙན་པ་བཞེད་དོ།།

            གཉིས་པར་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་དང་རྒྱ་ནག་གི་སྐད་དུ་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་སྐབས་འགྱུར་ཟིན་པས་རྒྱ་གར་ནང་ཕྱི་ལོ་བརྒྱ་ཕྲག་དང་པོའི་སྐབས་སློབ་དཔོན་རྟ་དབྱངས་ཀྱིས་མཛད་ཟིན་པས་ལོ་བརྒྱ་ཕྲག་འགའ་ཤས་ཡུལ་གྲུ་གཞན་དུ་འགྲོ་རྒྱུ་འགོར་ཡོད་སྲིད་པས་ཕྱི་ལོ་བརྒྱ་ཕྲག་དང་པོའི་ནང་བརྩམས་ཟིན་པ་རྩོད་མེད་དུ་བཞེད་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་གོང་རོལ་དུ་མཛད་ཟིན་པ་བཤད།
            གསུམ་པར་སློབ་དཔོན་རྟ་དབྱངས་རྒྱ་གར་གྱི་སྙན་ངག་མཁན་ཆེན་པོ་ནག་མོའི་ཁོལ་གྱི་གོང་རོལ་དུ་བྱོན་ཟིན་པ་དང༌། ཁོང་གཉིས་ཀྱི་སྙན་ངག་གི་བརྩམ་འགྲོས་ཀྱི་ཁྱད་པར་ལས་ཀྱང་རྟོགས་ནུས་པ་ནག་མོའི་ཁོལ་གྱི་བྱོན་ལོ༌ཆོས༌རྒྱལ༌སྦས་པའི་སྐབས་ཡིན་པས་དེ་སྔོན་དུ་སློབ་དཔོན་བྱོན་ཟིན་པར་བཤད།
            བཞི་པར་སློབ་དཔོན་མ་ཁོལ་སློབ་དཔོན་རྟ་དབྱངས་ཀྱི་རྗེས་སུ་བྱོན་པ་དང་། མ་ཁོལ་གྱིས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་ཡང་རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོའི་རྩོམ་འགྲོས་ཀྱི་ཤན་ཞུགས་ཏེ་བརྩམས་པར་བཤད་པས་སློབ་དཔོན་མ་ཁོལ་སློབ་དཔོན་རྟ་དབྱངས་ཀྱི་རྗེས་སུ་བྱོན་པར་བཤད། དེར་མ་ཟད་ཁོང་གིས་སློབ་དཔོན་དེ་གཉིས་རྩོམ་ཕན་ཚུན་མཐུན་ཆེ་བས་ཕན་ཚུན་ནས་ལེགས་ཆ་བླངས་པ་ཡང་བཤད། དེ་ལ་དཔྱད་པ་ན་བོད་ཀྱི་མཁས་དབང་རྣམས་ཀྱི་མགྲིན་གཅིག་ཏུ་སྨྲ་བའི་རྟ་དབྱངས་དང་མ་ཁོལ་གཉིས་སློབ་དཔོན་གཅིག་གི་མཚན་གྱི་རྣམ་གྲངས་སུ་འདོད་པ་དང་དེ་ཉིད་ཀྱི་སྒོ་ནས་རྗེས་སུ་དཔག་ནུས། ཕན་ཚུན་བརྩམས་འགྲོས་མཐུན་ཞིང་། བྱོན་ལོ་ལའང་དེ་ཙམ་གྱི་འགྱངས་ཕད་ཆེན་པོ་མེད་པས་སློབ་དཔོན་གཅིག་ཁོ་ན་ཡིན་གསུངས་པ་དེ་དོན་ལ་འཐད་པ་སྣང་ངོ་།།
            ལྔ་པར་སློབ་དཔོན་རྟ་དབྱངས་ཆོས་རྒྱལ༌ཀནིཥྐ་སྐབས༌བྱོན༌པར༌བཤད༌ཅིང་ཆོས་རྒྱལ་ཀནིཥྐའི་རྒྱལ་པོའི་སྙན་ངག་མཁན་དང་ཉེ་བའི་སློབ་དཔོན་དུ་དབང་བསྐུར་བས་སློབ་དཔོན་རྟ་དབྱངས་ཆོས༌རྒྱལ༌ཀནིཥྐའི་སྐབས༌བྱོན༌པ༌ལ་རྩོད་པ་མེད་པ་ཞལ་གཅིག་མཐུན་དུ་བཞེད་ཀྱང་། མཁས་པ་ཁ་ཅིག་གིས་སློབ་དཔོན་བྱོན་ལོ་ཕྱི་ལོ་བརྒྱ་ཕྲག་དང་པོའི་མཇུག་ཙམ་དང་འགའ་ཞིག་གིས་བརྒྱ་ཕྲག་གཉིས་པར་བཞེད། འགའ་ཞིག་གིས་ཆོས་རྒྱལ་ཀནིཥྐའི་རྒྱལ་སྲིད་ཕྱི་ལོ་སྔོན་གྱི་ལོ་ ༧༥ ལ་བསྐྱངས་བར་བཤད་པ་ལྟར་ན་སློབ་དཔོན་རྟ་དབྱངས་ཕྱི་ལོ་སྔོན་གྱི་ལོ་༥༠ དང་ ༡༠༠ བར་ངོས་འཛིན་དགོས་པ་སྣང་ངོ་ཞེས་བཤད་དོ།། དེ་དག་གི་དགོངས་ཚུལ་ལྟར་ན་རང་རེ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་འདོད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་དུས་སུ་སློབ་དཔོན་རྟ་དབྱངས་བྱོན་པར་བཤད་པ་ལ་རྒྱབ་གཉེར་དུ་འགྱུར་བ་སྣང་སྟེ། སློབ་དཔོན་ཀླུ་སྒྲུབ་སྟོན་པ་འདས་ནས་ལོ་ ༤༠༠ རྗེས་སུ་བྱོན་པ་བཤད་པ་ཡེ་ཤུའི་སྔོན་གྱི་ཕྱི་ལོ་བརྒྱ་ཕྲག་དང་པོ་ལ་རྩིས་ན་དུས་མཚུངས་སོ༎


སློབ་དཔོན་རྟ་དབྱངས་ཀྱི་གཞུང་བོད་སྐད་དུ་མ་བཞུགས་པའི་སྐོར།
སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ལྟ་གྲུབ་ཀྱི་གཞུང་བོད་སྐད་དུ་མ་བསྒྱུར་བ་གསུམ་ནི།
༡། རྡོ་རྗེའི་ཁབ།༣༥

༢། ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པའི་བསྟན་བཅོས།

༣། མདོའི་རྒྱན།། །།



ཞབས་མཆན།

༡། རྗེ་བཙུན་ཏཱརནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག་ ༩༢ ཕྱི་ལོ་ ༢༠༠༧ ལོར་རྡ་ས་ཤེས་རིག་དཔར་ཁང་ནས་དེབ་གཟུགས་སུ་དཔར་དུ་བསྐྲུན།

༢། ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། ཤོག་ ༡༤༤༨ ཕྱི་ལོ་ ༡༤༨༦ ལོར་མི་རིགས་དཔེ་སྐྲུན་ཁང་ནས་དེབ་གཟུགས་སུ་དཔར་དུ་བསྐྲུན།
༣། མཁས་བཙུན་བཟང་པོས་ཕྱོགས་སྒྲིག་མཛད་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། ཤོག་ ༤༧༣  དེབ་དང་པོ། ཡོངས་འཛིན་བློ་བཟང་བསྟན་འཛིན་གྱིས་མཛད་པའི་སྐྱེས་རབས་སོ་བཞིའི་འགྲེལ་བཤད། ཕྱི་ལོ་ ༡༩༧༣ ལོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དེབ་གཟུགས་སུ་དཔར་དུ་བསྐྲུན།
༤། ཤིང་བཟང་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་པའི་བོད་སོག་ཆོས་འབྱུང་། ཤོག་ ༢༩༦ གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅོ་བརྒྱད་པ། ཕྱི་ལོ་ ༡༩༨༣ ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།

༥།  སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མཛེས་དགའ་བོའི་སྙན་ངག་ཆེན་པོ། ཤོག་ ༢༩༠ ཕྱི་ལོ་ ༡༩༨༦ ལོར་ཝཱ་ཎ་མོཏིལལ་བནཱརསཱིདཱས་ཀྱིས་དེབ་གཟུགས་སུ་ལེགས་སྦྱར་དང་ཧིན་སྐད་ཕབ་འགྱུར་ཐོག་དཔར་དུ་བསྐྲུན།

༦། རྗེ་བཙུན་ཏཱརཱནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག་༩༧ ཕྱི་ལོ་ ༢༠༠༥ ལོར་རྡ་ས་ཤེས་རིག་དཔར་ཁང་ནས་དེབ་གཟུགས་སུ་དཔར་དུ་བསྐྲུན།

༧། ཤིང་བཟང་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་པའི་བོད་སོག་ཆོས་འབྱུང༌། ཤོག་ ༢༩༦ གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅོ་བརྒྱད་པ།

༨། ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། ཤོག་ ༡༤༤༥

༩། ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། ཤོག་ ༡༤༥༢

༡༠། ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། ཤོག་ ༡༤༤༥

༡༡། མཁས་བཙུན་བཟང་པོས་ཕྱོགས་སྒྲིག་མཛད་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། ཤོག་ ༤༧༣ དེབ་དང་པོ།

༡༢། རྒྱ་གཞུང་མཁས་པ་བལདེཝ་ཨུཔཱདྷྱཱཡས་མཛད་པའི་ལེགས་སྦྱར་རྩོམ་རིག་གི་ལོ་རྒྱུས། ཤོག་ ༡༦༨

༡༣། རྗེ་བཙུན་ཏཱརནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག ༩༧

༡༤།  རྒྱ་གར་མཁས་པ་བལདེཝཨུཔཱདྷྱཱཡས་མཛད་པའི་ལེགས་སྦྱར་རྩོམ་རིག་གི་ལོ་རྒྱུས། ཤོག་ ༡༦༨ ཕྱི་ལོ་ ༡༩༩༩ ལོར་ཝཱ་ཎ་ཤཱརདཱ་ནིཀེཏན་གྱི་དཔར་ཁང་ནས་དཔར་དུ་བསྐྲུན།

༡༥། རྗེ་བཙུན་ཏཱརནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག་ ༩༧

༡༦། རྒྱ་གར་མཁས་པ་སློབ་དཔོན་རམཱཡཱཎཔྲསཱད༌དྭིཝེདཱིས་ནང་པའི་ལེགས་སྦྱར་གྱི་སྙན་གཞུང་ལ་དཔྱད་པ། ཤོག་༡༣༥ ཕྱི་ལོ་ ༡༩༨༦ ལོར་ཝཱཎ་ཀཱཤིའི་མཐོ་སློབ་ཁང་ནས་དཔར་དུ་བསྐྲུན།

༡༧། རྗེ་བཙུན་ཏཱརཱནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག་༩༢   ༢། ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཤོག་ ༤༩ ཕྱི་ལོ་ ༢༠༠༤ ལོར་ཝཱཎ་བཀའ་བརྒྱུད་ཉམས་སྐྱོང་ཚོགས་པས་དེབ་གཟུགས་སུ་དཔར་དུ་བསྐྲུན།    ༣། མཁས་བཙུན་བཟང་པོས་ཕྱོགས་སྒྲིག་མཛད་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། ཤོག་ ༤༧༣ དེབ་དང་པོར་གཟིགས།

༡༨། ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཤོག་ ༤༩ ཕྱི་ལོ་ ༢༠༠༤ ལོར་ཝཱ་ཎ་བཀའ་བརྒྱུད་ཉམས་སྐྱོང་ཚོགས་པས་དེབ་གཟུགས་སུ་དཔར་དུ་བསྐྲུན།

༡༩། མཁས་བཙུན་བཟང་པོས་ཕྱོགས་སྒྲིག་མཛད་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། ཤོག་ ༤༨༢ དེབ་དང་པོ།

༢༠།  See, तस्मि काले भविष्यन्ति भिक्षवो मे बहुश्रुताः।
मातृचीनाख्यनामास्तु स्तोत्रं कृत्वा ममैव तु।
यथाभूतगुणोद्देशैः यथाकारमभाषत॥४३९॥
Toh. 543 སྡེ། བཀའ རྒྱུད། ན འཇམ་དཔལ་རྩ་རྒྱུད། ལེའུ། ༣༦ ཤོག ༣༠༨ ན༧
Mañjuśrīmūlakalpatantra Vol.II, p.481, published by The Mithila Institute, 1964.

༢༡། Toh.1144 སྡེ། བསྟན། བསྟོད་ཚོགས། ཀ སློབ་དཔོན་མ་ཁོལ། དཀོན་མཆོག་གསུམ་གྱི་བསྟོད་པ།
༢༢། མཁས་བཙུན་བཟང་པོས་ཕྱོགས་སྒྲིག་མཛད་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། ཤོག་ ༤༨༣ དེབ་དང་པོ།

༢༣། ལ་དྭགས་འཇམ་དཔལ་གྱིས་ཉེ་ཆར་བོད་སྐད་དུ་གཞུང་ཆ་ཚང་བསྒྱུར་ཏེ་ཕྱི་ལོ་ ༡༩༩༩ ལོར་ཝཱ་ཎ་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ནས་དཔར་དུ་བསྐྲུན།

༢༤། རྗེ་བཙུན་ཏཱརནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག་ ༩༩

༢༥།  See, Baudha Sanskrit Kāvya Samīkṣa, 133-233, p. Published by Banaras
 Hindu University, Varanasi, 1976
༢༦།   རྗེ་བཙུན་ཏཱརནཱཐའི་རྒྱ་གར་ཆོས་བྱུང་དགོས་འདོད་ཀུན་འབྱུང༌། ཤོག་ ༡༠༠

༢༧། See, Dr. Ramayan Prasad Dwivedi, Vajrasūcī of Aśvaghosa, Introduction, p.3,
published by Chaukhamba Amarabharati Prakashan,1985.
༢༨། See, Dr. Ramayan P. Dwivedi, Vajrasūcī of Aśvaghosa, Introduction, p.4,

༢༩། See, Dr. Ramayan Prasad Dwivedi, Vajrasūcī of Aśvaghosa ,Introduction,
p. 5, published by Chaukhamba Amarabharati Prakashan,1985.

༣༠། See, Baudha Sanskrit Kāvya Samīkṣa, p.138, by Dr. Ramayan Prasad Dwivedi.

༣༡། པད་དཀར་ཆོས་བྱུང་དགོས་འདོད་ཀུན་འབྱུང་། ཤོག་ ༤༩ ཕྱི་ལོ་ ༢༠༠༤ ལོར་ཝཱ་ཎ་བཀའ་བརྒྱུད་ཉམས་སྐྱོང་ཚོགས་པས་དེབ་གཟུགས་སུ་དཔར་དུ་བསྐྲུན།
 ༣༢། སྨན་གཞུང་ཁོག་འབུགས། ཤོག་ ༡༢༠ ཕྱི་ལོ་ ༢༠༠༤ ལོར་དྷ་ས་བོད་གཞུང་སྨན་རྩིས་ཁངནས་དེབ་གཟུགས་སུ་དཔར་དུ་བསྐྲུན།

༣༣། ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ།  ཤོག་ ༡༤༤༥། ཕྱི་ལོ་ ༡༩༨༦ ལོར་མི་རིགས་དཔེ་སྐྲུན་ཁང་ནས་དེབ་གཟུགས་སུ་དཔར་དུ་བསྐྲུན།

༣༤། ནང་པའི་ལེགས་སྦྱར་གྱི་སྙན་གཞུང་ལ་དཔྱད་པ། ཤོག་ ༡༣༩ ཕྱི་ལོ་ ༡༠༧༦ ལོར་ཝཱ་ཎ་ཧིནྡུའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ནས་དཔར་དུ་བསྐྲུན། རྡོ་རྗེའི་ཁབ་ཀྱི་གླེང་བརྗོད། ཤོག་ ༧

༣༥། གཞུང་འདི་ལེགས་སྦྱར་ནས་བོད་སྐད་དུ་ཐེངས་དང་པོར་བསྒྱུར་ནས་ཝཱ་ཎ་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༠༦ དཔར་དུ་བསྐྲུན།

 

-          འདི་ནི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་ཕྱི་ལོ་ ༢༠༠༦ ལོར་པར་སྐྲུན་ཞུས་པའི་《སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་རྡོ་རྗེའི་ཁབ། 》ཅེས་པའི་དེབ་ཀྱི་གླེང་བརྗོད་ནས་ཟུར་འདོན་ཞུས།།






མཐའ་མའི་འདོན་ཐེངས་།: 28.03.2025 ཉིན། 10:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།