སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སློབ་དཔོན་པདྨ་འབྱུང་གནས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

སློབ་དཔོན་པདྨ་འབྱུང་གནས།


བྱམས་པ་འཕྲིན་ལས།

         
སློབ་དཔོན་པདྨ་འབྱུང་གནས་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཀྱི་རྗེས་ཤིང་སྤྲེལ་ཚེས་བཅུ་ལ་སྐུ་བལྟམས་པའི་ཚུལ་མཛད་པ་དང་།  ཟ་ཧོར་རྒྱལ་པོའི་རིགས་རུས་ཡིན་ཞེས་ལོ་རྒྱུས་མང་པོར་གསལ། དེ་ཡང་ཐོག་མའི་བྱུང་ཚུལ་ནི་སྔོན་གྱི་གཏམ་རྒྱུད་ལྟར་བྱས་ན་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་བྱ་བ་སྤྱན་གཉིས་ལོང་བ་དང་།  བཙུན་མོ་བརྒྱ་རྩ་གཅིག་ཡོད་པར་སྲས་མེད་ཅིང་སྲིད་ཀྱིས་ཕོངས་པས་རྒྱལ་པོས་ལོངས་སྤྱོད་ཐམས་ཅད་སྤྱན་དང་སྲས་འབྱུང་བའི་ཆེད་དུ་སྦྱིན་པར་བཏང་།  དབྱར་ཟླ་ར་བའི་ཚེས་བཅོ་ལྔར་རང་བྱུང་གཟི་འདྲའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བཤམས་ཏེ། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་ཡི་དམ་དུ་བྱས་ཏེ་བཏོན་པས་བརྫུས་ཏེ་སྐྱེས་པའི་ཁྱེའུ་གཅིག་གིས་བུ་བྱས་ཏེ་རྒྱལ་སྲིད་འཛིན་པའི་ལྟས་ཤར། དེའི་དུས་སུ་དཀོར་མཛོད་ནང་གི་ནོར་རྣམས་ཟད་པས་ཀླུའི་བུ་མོ་མཛེས་ལྡན་མར་ཡིད་བཞིན་གྱི་ནོར་བུ་ཡོད་པ་ལེན་ཐུབ་ན་ཅི་འདོད་འབྱུང་ཟེར་བ་ལྟར། སླར་ཡང་རྒྱལ་པོས་རྒྱ་མཚོར་བགྲོད་པའི་དར་ཆེན་དང་གྲུ་རྫིངས་ལ་སོགས་པ་གྲབས་བྱས་ཏེ། གཟིངས་སུ་ཞུགས་ནས་ཕེབས་པས་ཀླུ་མཁར་ནས་བུ་མོས་ཡིད་བཞིན་ནོར་བུ་བྱིན་ནས་དེ་ལ་གསོལ་བ་བཏབ་པས་རྒྱལ་པོའི་སྤྱན་གཡོན་པ་བྱེ།

སླར་ཕྱིར་ཕེབས་པའི་སྐབས་བློན་པོ་ཀྲིཎ་འཛིན་བསུ་བར་བྱུང་བ་དང་འཕྲད་ཅིང་སྐབས་དེར་རྒྱལ་པོས་རྒྱ་མཚོར་ངུར་པ་ཁྲུང་ཁྲུང་སོགས་ཆུ་བྱས་བསྐོར་བའི་དབུས་འཇའ་ཚོན་གྱི་གུར་ཕུབ་འདུག་པ་ཞིག་གཟིགས་པས་ཆོས་བློན་ཀྲིཎ་འཛིན་བལྟ་བར་མངགས་ཏེ་ཕྱིར་འཁོར་བ་དང་།  གནས་ཚུལ་རྒྱལ་པོ་ལ་ཞུས་པས་རྒྱལ་བློན་གཉིས་མཉམ་དུ་གྲུ་ཆུང་དུ་ཞུགས་ནས་ཕེབས་པས། དྷ་ན་ཀོ་ཤའི་མཚོ་གླིང་དུ་ནེའུ་གསེང་གསེར་གྱི་མདོག་ཅན་གྱི་དབུས་ན་ཆུ་མིག་གཡུ་ཡི་མདོག་ཅན་དུ་འཁྱིལ་བ་དེའི་ནང་ནས། པདྨའི་སྡོང་པོ་ཞིག་འཁྲུངས་པའི་དབུས་མའི་སྟེང་ན་ཁྱེའུ་ལྟ་ན་སྡུག་པ་ལོ་བརྒྱད་པ་ཞིག་འདུག་པ་དང་།  ཤིང་ཕོ་སྤྲེལ་ལོའི་ཚེས་བཅུའི་ཉིན་མཇལ་ཏེ་བློན་པོས་ཁྱེའུ་འདི་པདྨ་འབྱུང་གནས་སུ་འདུག་ཅེས་མཚན་གསོལ་བ་དང་།  རྒྱལ་པོས་མཚོ་སྐྱེས་རྡོ་རྗེར་འདུག་ཅེས་མཚན་གཉིས་གསོལ། རྒྱལ་པོས་ཁྱེའུ་ལ་དྲི་བ་ལྔ་མཛད་པར། ཁྱེའུས་ལན་རེ་རེ་བཞིན་བཏབ་པས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་སྤྱན་ཆབ་ཤོར་བས་སྤྱན་གཡས་པ་བྱེ། དེ་ནས་ཕོ་བྲང་དུ་གདན་དྲངས་ཏེ། ཚེས་བཅུའི་དུས་དགེ་བར་རྒྱལ་བུ་དེ་སྲས་ཀྱི་དམ་པར་བཟུང་ཞིང་བཙུན་མོ་འོད་འཆང་མ་སོགས་ཁབ་ཏུ་བཞེས་ནས་རྒྱལ་སྲིད་གཏད་པས་མཚན་པདྨ་རྒྱལ་པོ་ཞེས་ཐོགས་སོ།།

དུས་རེ་ཞིག་གི་ཚེ་རྒྱལ་བུ་དེ་ཉིད་ཕོ་བྲང་གི་ཡང་ཐོག་ཏུ་ཕེབས་ནས་གར་མཛད་དུས་ཕྱག་ནས་ཁ་ཊཱམ་རྩེ་གསུམ་ཤོར་བ། བློན་པོ་ཀ་མ་ཏའི་བུ་སྒོ་འགྲམ་དུ་ཡོད་པ་ལ་ཕོག་སྟེ་གུམ་པས་རྒྱལ་བུ་ལ་ཁྲིམས་ཕོག་ནས་དུར་ཁྲོད་བསིལ་བ་ཚལ་ཞེས་པ་ཤིན་ཏུ་འཇིགས་པ་དེར་བསྐྱལ། བསིལ་བ་ཚལ་ནས་རིམ་བཞིན་རྒྱ་གར་དུ་ཕེབས་ཏེ་སློབ་དཔོན་མཁས་པ་རྣམས་བསྟེན་པའི་དབུ་ཚུགས།

          ཐོག་མར་སློབ་དཔོན་ཤཱཀྱ་སེངྒེ་ལ་རབ་ཏུ་བྱུང་བས་མཚན་ཤཱཀྱ་སེངྒེ་ཞེས་བཏགས། དེ་རྗེས་འཚོ་བྱེད་གཞོན་ནུ་ལས་སྨན་དང་།  པཎྜི་ཏ་ཀུན་གྱི་བཤེས་གཉེན་ལས་སྒྲ། བི་ཤྭ་ཀརྨ་ལས་བཟོ། གཞན་ཡང་ཚད་མ་རིག་པ་སོགས་ལ་སྦྱངས་བརྩོན་གྱིས་མཁས་པའི་ཕུལ་དུ་ཕྱིན།།

          དེ་ནས་སླར་ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་།  ནཱགཱརྫུན། ཧཱུཾ་ཀ་ར། བི་མ་ལ། པྲ་བྷ་ཧ་སྟི། དྷ་ན་སང་ཀྲི། རོམ་བུ་གུ་ཧྱ་ཙནྡྲ། ཤྲཱི་སིདྷ། བུདྷ་གུཔྟ་སོགས་ཀྱི་དྲུང་ནས་འཇམ་དཔལ་ཆོས་སྐོར་དང་།  རྫོགས་པ་ཆེན་པོ་སོགས་ཀྱི་ཆོས་སྐོར་དུ་མ་གསན་པས་མཚན་ལ་བློ་ལྡན་མཆོག་སྲེད་ཅེས་གྲགས། དེ་ལྟ་བུའི་ཐོས་པ་རྒྱ་ཆེར་བཙལ་ནས་སྒོམ་པའི་བརྟུལ་ཞུགས་ལ་ཕེབས་ཆེད། བྱ་རྒོད་ཕུང་པོའི་རི་ལ་ལུས་བརྟན་པར་བྱེད་པ་རྡོའི་དཀའ་ཐུབ་དང་།  ཤེས་རབ་གསལ་བ་ཆུ། བདེ་དྲོད་སྐྱེ་བ་མེ། ཡང་ཞིང་གཡོ་བ་རླུང་།  ཚེ་རིང་ཞིང་རྟོགས་པ་འཕེལ་བ་ནམ་མཁའ་རྣམས་ཀྱི་དཀའ་ཐུབ་དང་།  བཅུད་ལེན་གྱི་རིམ་པ་མང་དུ་མཛད།

          རྗེས་སུ་ཟ་ཧོར་ཡུལ་དུ་བྱོན་ནས་རྒྱལ་པོ་གཙུག་ལག་འཛིན་ཞེས་པ་ཆོས་ལ་བཙུད་པ་དང་།  སླར་ཡང་ཨོ་རྒྱན་ཡུལ་དུ་བྱོན་པ་སོགས་རྣམ་ཐར་མཐའ་ཡས་ཤིང་།  མཚན་གྱི་རྣམ་གྲངས་ལ་པདྨ་སམ་བྷ་དང་།  པདྨ་ཐོད་ཕྲེང་།  སེངྒེ་སྒྲ་སྒྲོགས་སོགས་མཛད་པ་རེ་ལ་མཚན་རེ་བྱུང་བའི་རྒྱུ་མཚན་ཡང་མང་དག་ཅིག་མཆིས།།

          སློབ་དཔོན་པདྨ་འབྱུང་གནས་བོད་དུ་བྱོན་ཚུལ་ནི། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་ས་བཟུང་དུས་ཁྲི་སྲོང་གི་ཐུགས་ལ་འགྲོ་བ་རྣམས་བསོད་ནམས་གསོག་པའི་ས་དཀོན་མཆོག་གསུམ་གྱི་རྟེན་གཙུག་ལག་ཁང་རི་རབ་དང་མཚུངས་པ་རྒྱ་བོད་ཧོར་གསུམ་གྱི་ལུགས་ཚང་བ་ཞིག་བཞེངས་དགོས་དགོངས་པ་ལྟར་ཟན་ཞེས་གསུམ་དང་ཡང་ཞེས་ལུགས་སྟེ་ཧོར་གྱི་བརྡ་རྙིང་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ས་སྟག་ལོར་རྨང་གཞི་བཏིང་བ་བཞེད་ནས། གཉགས་ཛྙཱ་ན་ཀུ་མཱ་ར་རྒྱ་གར་དུ་མཁན་ཆེན་པོ་དྷི་ས་ཏྭ་གདན་འདྲེན་པར་བཏང་བ་ལྟར་བོད་དུ་ཕེབས། མཁན་པོས་རྨང་འདིང་གསུངས་ཏེ་མངའ་བདག་གིས་ས་བརྐོས་པས་ལྟས་ལེགས་པར་བྱུང་ནའང་གཙུག་ལག་ཁང་འབྱོངས་རྒྱུ་ལམ་དུ་མ་ལྷོངས་པས། མཁན་པོས་བལ་ཡུལ་ཡང་ལེ་ཤོད་དུ་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་ཤིང་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པ་ཞིག་ཡོད་པ་དེ་སྤྱན་དྲོངས་ཞེས་ལུང་བསྟན་པ་ལྟར་ས་གླང་ལོར་བོད་དུ་ཕེབས།

          ཡོས་ལོར་བསམ་ཡས་བཞེངས་འགོ་ཚུགས་ཏེ་འོག་ཁང་རྒྱ་ཡི་ལུགས་དང་།  བར་ཁང་བོད་ཀྱི་ལུགས། སྟེང་ཁང་རྒྱ་གར་ལུགས་སུ་བཞེངས། རྒྱ་གར་གྱི་ཆོས་བོད་དུ་བསྒྱུར་ཆེད་བོད་ཕྲུག་དབང་པོ་གསལ་ཞིང་བློ་སྒྲིན་པ་དུ་མ་བོས་ནས་ལོ་ཙཱ་བསླབས་པར་མཛད་པས། བཻ་རོ་ཙ་ན་དང་།  སྐ་ཅོག་ཞང་གསུམ་ལ་སོགས་པ་རྩོད་མེད་ཀྱི་ལོ་ཙཱ་མང་པོ་བྱུང་ནས་ཆོས་མཐའ་ཡས་པ་བསྒྱུར།

མཐའ་མར་མུ་ཁྲི་བཙན་པོ་རྒྱལ་སར་བཏོན་དུས་སློབ་དཔོན་མི་བཞུགས་འཐད་པར་གསུངས་ཏེ་ལྷ་སྲས་དང་བོད་འབངས་ཀྱིས་བཤོལ་བཏབ་ཀྱང་མ་གསན་པར་སྐུ་ཚབ་དང་གསུང་གི་གཏེར་མང་པོ་ཁ་བྱང་དང་བཅས་པ་སྦས། རྒྱལ་པོ་དང་།  བློན་པོ། རབ་བྱུང་བཙུན་པ། སྔགས་པ། མཆོད་ཡོན། སྨན་པ། ནད་པ་སོགས་དད་པ་ཅན་སྤྱི་མཐུན་ལ་གཅེས་པའི་ཞལ་གདམས་གསུངས(1)། མཐར་ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཆིབས་པ་ནག་པོར་སེང་ལྡེང་གི་སྒ་སོགས་སྤྲས་ཏེ་ཆིབས་ཁར་ཐོན་པ་དང་།  རིམ་པར་དཔལ་མོ་ཐང་ཚུན་ཆད་དུ་བོད་ཀྱི་ཕོ་སྐྱེས་མོ་སྐྱེས་མང་པོས་ཞམ་རིང་བྱས། གུང་ཐང་གི་ལ་ཁར་ལྷ་སྲས་ལ་སློབ་དཔོན་གྱིས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གསུངས་ཏེ་ཨོ་རྒྱན་ཡུལ་དུ་བཞུད། 《སྡེ་སྲིད་ཁོག་འབུགས་》ནང་ཨོ་རྒྱན་སློབ་དཔོན་པདྨ་སཾ་བྷ་ཝས་《སྲུང་བ་རྡོ་རྗེ་ཁྲབ་རིང་》དང་། 《བརྟག་པ་ཉི་ཟླ་ཁ་སྦྱོར།》 《གསོ་བ་བདུད་རྩི་བུམ་པ།》 《གཅེས་པའི་ཕྲེང་བ་བདུད་རྩི་སྙིང་པོ་》ལ་སོགས་པ་མང་པོ་མཛད་པའི་སྐོར་གསུངས་འདུག་པས། དེ་དག་རྣམས་ནི་གཉན་རིམས་འགོས་ནད་སྐོར་གྱི་བརྟག་ཐབས་དང་།  སྨན་བཅོས། སྲུང་བའི་སྐོར་བཅས་ཤ་སྟག་ཡིན་པས་ཕྱིས་སུ་གཏེར་སྟོན་རིམ་བྱོན་གྱིས་གཏེར་ནས་བཏོན་ཏེ་འགྲོ་དོན་རྒྱ་ཆེར་བྱུང་།

ལྷག་ཏུ་གཉན་རིམས་སྐོར་ལ་སློབ་དཔོན་རིན་པོ་ཆེས་མཛད་པའི་《བདུད་རྩི་བུམ་པ་ཆེ་ཆུང་》ནི་གཞན་ལས་ཁྱད་དུ་འཕགས་པའི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་མན་ངག་ལྷན་ཐབས་ཀྱི་གཉན་རིམས་ལེའུར། གཉན་ཞེས་བྱ་བའི་གདུག་ཅན་ནད་སྣ་ནི། །བསོད་ནམས་མཐུ་ཞན་སྙིགས་དུས་སེམས་ཅན་ལ། །གཞུང་ཆེན་རྣམས་སུ་མ་གྲགས་ནད་སྣ་དང་།  །ཕྱོགས་ཙམ་མ་གཏོགས་མ་གསུངས་དུ་མ་བྱུང་།  །བཅོས་པའི་ལོངས་མེད་འཕྲལ་དུ་ཐོག་བབས་གསོད། །གཉན་ནད་ནག་པོས་འཛམ་གླིང་བཞི་ཆ་སྟོངས། །དྲག་པོའི་ཟུག་རྔུས་ལུས་ཟུངས་གློ་བུར་འཁྲུག །ཚ་ཡང་གྲང་ཚུལ་གྲང་ཡང་ཚ་ཚུལ་སྟོན། །ངེས་མེད་སྣ་ཚོགས་རྩ་ཆུ་འཆོལ་བར་འབྱུང་།  །དེ་ཕྱིར་བལྟ་རེག་དྲི་བས་ངོས་བཟུང་དཀའ། །དྲི་ཕོག་ཡམས་ཐབས་འགོས་ནད་མཆེད་པ་སོགས། །ལྟར་སྣང་རིམས་ནད་སྤྱི་དང་འདྲ་ནའང་།  །ནད་གཞན་གསོ་བའི་ཐབས་ཚུལ་དུ་ཤེས་ཀྱང་།  །འདི་ལ་སྒོས་ཀྱི་གཉེན་པོས་མ་སླེབས་ན། །སྨན་དཔྱད་གང་ཡང་ནད་ཀྱི་གྲོགས་ཡིན་ཏེ། །འཆི་བདག་ཁ་རུ་དེ་སྲོག་མྱུར་དུ་འགྲོ། །དེས་ན་ཐུགས་རྗེའི་གཏེར་མཛོད་ཨོ་རྒྱན་རྗེས། །སྙིགས་མའི་འགྲོ་བ་རྣམས་ལ་བརྩེར་དགོངས་པའི། །ཡབ་རྗེ་ཀུན་མཁྱེན་དམ་པ་མི་རྗེའི་ཚུལ། །བཟུང་བའི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་སོགས། །དག་པའི་འཁོར་ལ་གདམས་པའི་ཟབ་གནད་དང་།  །གཞན་ཡང་སྒོས་ཀྱི་ཟབ་དགུ་བྱེ་བའི་བཅུད། །ཉུང་ངུར་བསྡུས་ནས་བཤད་ཀྱིས་ཡིད་ལ་ཟུངས། །ཞེས་གསུངས་པ་ལྟར། སྙིགས་དུས་ཀྱི་གཉན་རིམས་བཅོས་ཐབས་སྐོར་ལ་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་སྨན་གཞུང་དང་།  རིམས་སྲུང་རྣམས་ནི་གཞན་དང་མི་འདྲ་བའི་ངོ་མཚར་ཁྱད་དུ་འཕགས་པར་བརྟེན་སངས་རྒྱས་སྨན་གྱི་བླ་དང་དབྱེར་མ་མཆིས་སོ།།

 

མཆན་བུ།

          (1) དེ་ནས་བླ་སྨན་མེ་རུ་རྩེ་ལ་སོགས་བོད་ཀྱི་སྨན་པ་རྣམས་ཀྱིས་ཞུས་པ། སློབ་དཔོན་པདྨ་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན། ཕྱི་རབས་བོད་ཀྱི་ནད་པ་དང་སྨན་པ་རྣམས་ཅི་ལྟར་བགྱི་ཞེས་ཞུས་པས། སློབ་དཔོན་གྱིས་ནད་པ་དང་སྨན་པ་རྣམས་ལ་ཞལ་ཆེམས་མགུར་དུ་བཞེས་ཏེ་བཀའ་བསྩལ་པ། འཚོ་བྱེད་སྨན་པ་ལྷ་རྗེ་བླ་སྨན་ཀུན། །དང་པོ་སྨན་གྱི་སློབ་དཔོན་མཁས་པའི་རྩར། །ལག་ལེན་སྨན་སྦྱོར་རྨ་ཆིང་བྱང་བར་སློབས། །བར་དུ་སློབ་དཔོན་མཉེས་པར་གདམས་ངག་ཞུས། །མཐའ་མ་ནད་པ་གསོ་ཆེ་སྙིང་རྗེ་བསྐྱེད། །ནད་ངོས་མ་ཟིན་སྨན་སྦྱོར་བྱས་པ་ནི། །སྨན་དུ་བཏང་བས་དུག་ཏུ་སོང་བ་ཡོད། །ནད་ངོས་ཟིན་ནས་སྨན་སྦྱོར་བྱས་པ་ནི། །མེ་ཡི་གཉེན་པོ་ཆུ་ཡིས་གསོད་པ་འདྲ། །དང་པོ་ལག་ལེན་མ་བྱས་ནད་པའི་ཉམས་འདྲིས་མེད། །བར་དུ་གདམས་ངག་མེད་པས་ནད་ནི་ངོས་མ་ཟིན། །མཐའ་མ་སྨན་བཅོས་བྱས་པས་སྨན་ཡང་དུག་ཏུ་སོང་།  །དེ་ནི་ནད་པའི་གཤེད་མ་མཚོན་ཆ་ཐོགས་པ་ཡིན། །དེ་ལྟར་མ་བྱེད་མཁས་ལ་བྱང་བར་སློབས། །མཁས་པ་རྣམས་ཀྱང་སྙིང་རྗེ་བྱང་སེམས་སྒོམས། །ནོར་གྱི་འདོད་པ་ཕུགས་སུ་བཅུག་ནས་ནི། །མྱུར་དུ་བཅོས་ན་འཚོ་ཡང་ན་རུ་བཅུག །ཟས་སྐོམ་བཟང་ངན་ངོ་ལྟ་སྐྱེས་བུས་བཅོས། །སྨན་རིན་བརྔན་པ་དཀའ་ལས་མི་རིགས་ཕབ། །ནད་པ་སོས་ཀྱང་ལོག་འཚོ་ཕྱི་མར་ལྗི། །བྱང་ཆུབ་སེམས་དང་སྙིང་རྗེས་ཟིན་གྱུར་ནས། །འདོད་པ་ཁོང་ནས་མེད་པས་ཞེ་ཐག་གཅོད། །ནད་པ་སྙིང་རྗེའི་ཡུལ་ཡིན་ནད་ཀྱི་ཟུག་རྔུ་གཅོག །གཏང་རག་སྨན་རིན་ཅི་བྱིན་བཟང་གྱེར་ན། །ཕྱི་མ་ལྷ་ཡི་རྒྱལ་པོ་བླ་མེད་སྐྱེ། །སྐྱེ་བ་འདི་ལ་ནད་མེད་བདེ་སྐྱིད་འབྱུང་།  །ནད་པ་ཀུན་ཀྱང་སྲོག་འདོན་བླ་སྨན་ལ། །ཟས་དང་སྐོམ་དང་གུས་པ་ཅི་མཉེས་ཀྱིས། །སྨན་རིན་གཏང་རག་གཅེས་དང་མི་གཅེས་སྦྱོར། །ནད་པས་སྨན་པ་མགུ་བར་མི་བྱེད་ན། །ཚེ་འདིར་ཁྲེལ་མེད་ཕྱི་མ་དམྱལ་བར་འགྲོ། །ཡང་ཤི་ཡང་སོས་སྡུག་བསྔལ་མྱོང་བར་འགྱུར། །པདྨ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །ནད་པ་སྨན་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་སོ། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་ལས། བོད་ཀྱི་ནད་པ་དང་།  སྨན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ།།  སྤུ་རི་ཕུག་མོ་ཆེ་ཤེལ་གྱི་བྲག་ཕུག་ནས་གུ་རུ་སངས་རྒྱས་གླིང་པས་གཏེར་ནས་བཏོན་པའོ།།


འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

མཐའ་མའི་འདོན་ཐེངས་།: 22.05.2014 ཉིན། 2:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།