སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སློན་དཔོན་ལས་སློབ་མས་ཇི་ལྟར་ཉན་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

སློན་དཔོན་ལས་སློབ་མས་ཇི་ལྟར་ཉན་ཚུལ།

ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སློབ་མ་དེ་དག་གིས་ཉན་པའི་ཚུལ་དངོས་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ། །དང་པོ་ནི། སྣོད་ཁ་སྦུབ་པ་དང་། ཁ་གྱེན་དུ་བཟེད་ཀྱང་མི་གཙང་བ་དང་། གཙང་དུ་ཟིན་ཀྱང་ཞབས་རྡོལ་ན་དེར་ལྷས་ཆར་ཕབ་ཀྱང་ནང་དུ་མི་འགྲོ་བ་དང་། སོང་ཡང་མི་གཙང་བས་སྦགས་པས་འཐུང་བ་ལ་སོགས་པའི་དགོས་པ་མི་འགྲུབ་པ་དང་། མི་གཙང་བས་མ་བསླད་ཀྱང་ནང་དུ་མི་གནས་པར་ཟགས་ནས་འགྲོ་བའོ། །དེ་བཞིན་དུ་ཆོས་འཆད་པའི་གྲལ་བསྡད་དུ་ཟིན་ཀྱང་རྣ་ལེགས་པར་མི་གཏོད་པ་དང་། གཏད་དུ་ཟིན་ཀྱང་ལོག་པར་བཟུང་བའམ་ཀུན་སློང་སྐྱོན་ཆགས་པ་ལ་སོགས་པ་དང་། སྐྱོན་དེ་དག་མེད་ཀྱང་ཉན་པའི་དུས་སུ་བཟུང་བའི་ཚིག་དང་དོན་རྣམས་བརྟན་པར་མ་བྱས་པར་བརྗེད་པ་ལ་སོགས་པས་ཉམས་པར་གྱུར་ན་ཆོས་ཐོས་པ་དགོས་པ་ཆེན་པོར་མི་འགྱུར་བས་དེ་དག་དང་བྲལ་བ་དགོས་ཏེ། དེ་གསུམ་གྱི་གཉེན་པོར་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་ཚིག་གསུམ་གསུངས་པ་ཡིན་ནོ། །དེ་ཡང་བྱང་པ་ནས། སུན་ཤེས་པར་འདོད་པ་དང་རྩེ་གཅིག་པ་དང་རྣ་བླགས་པ་དང་ཡིད་གཏུད་པ་དང་སེམས་ཐམས་ཅད་ཀྱིས་བསམས་ནས་ཉན་པར་གསུངས་པ་ལྟར་རོ། །སངས་རྒྱས་ཕལ་བོ་ཆེ་སྡོང་པོས་བརྒྱན་པའི་ལེའུ་བམ་པོ་བརྒྱ་དང་བཅུ་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། གདམ་ངག་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་བཀའ་བསྩལ་བ་བཞིན་འདུ་ཤེས་བཞི་བསྟེན་པ་ལ། །རང་ལ་ནད་པ་ལྟ་བུའི་འདུ་ཤེས་བཞག་པ་ནི། སྤྱོད་འཇུག་ལས། ཐལ་མལ་ནད་ཀྱི་བཏབ་པ་ཡང་། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་རྒྱུན་རིང་བ་གསོ་དཀའ་བ་སྡུག་བསྔལ་དྲག་པོ་བསྐྱེད་པའི་ནད་ཆགས་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བ་ཡིན་པས་དེ་ལ་དེར་ངོ་ཤེས་པར་བྱེད་དགོས། །ཆོས་སྨྲ་བ་ལ་སྨན་པ་ལྟ་བུའི་འདུ་ཤེས་བཞག་པ་ནི། །དཔེར་ན་རླུང་མཁྲིས་ལ་སོགས་པའི་ནད་ཚབས་པོ་ཆེས་བཏབ་པ་ན་སྨན་པ་མཁས་པ་འཚོལ། དེ་དང་ཕྲད་པ་ན་དགའ་བ་ཆེན་པོ་སྐྱེ་ཅི་ཟེར་ཉན་གུས་པས་བསྙེན་བཀུར་བ་ལྟར་ཆོས་སྟོན་པའི་བཤེས་གཉེན་ལའང་དེ་ལྟར་འཚོལ་བ་དང་རྙེད་ནས་ཁུར་དུ་མི་འགྲོ་བར་རྒྱན་དུ་འཛིན་ཏེ་ཅི་གསུངས་བསྒྲུབ་ཅིང་གུས་པས་བསྙེན་བཀུར་བར་བྱེད་པ་སྟེ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དེ་ལྟ་བས་ན་བྱང་ཆུབ་དམ་པ་འཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས་བསྐྱེད་པ་ནི། །ནད་པས་སྨན་པས་སྦྱར་བའི་སྨན་ལ་གཅེས་སྤྲས་ཆེན་པོ་བྱེད་པ་ལྟར་ཆོས་སྨྲ་བས་གསུངས་པའི་གདམས་ངག་དང་རྗེས་སུ་བསྟན་པ་གལ་པོ་ཆེར་མཐོང་ནས་འབད་པ་དུ་མས་གཅེས་སྤྲས་སུ་འཛིན་ཅིང་བརྗེད་པ་ལ་སོགས་པའི་སྒོ་ནས་ཆུད་འཛའ་བར་མི་བྱེད་པའོ། །ནན་ཏན་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པ་ནི། ནད་པས་སྨན་པས་སྦྱར་བའི་སྨན་མ་འཐུངས་ན་ནད་ཞི་མི་ནུས་པར་མཐོང་ནས་འཐུང་བ་ལྟར། ཆོས་སྨྲ་བས་བསྟན་པའི་གདམས་པ་ཉམས་སུ་མ་བླངས་ན་ཆགས་སོགས་གཞོམ་མི་ནུས་པར་མཐོང་ནས་ནན་ཏན་གྱིས་ཉམས་སུ་ལེན་པར་བྱེད་ཀྱི་ཉམ་ལེན་མེད་པར་རྣམ་གྲངས་མང་པོ་གསོག་པའི་ཚིག་ལྷུར་མི་ལེན་པའོ། །དེ་ལྟར་ན་རང་ལ་ནད་པ་ལྟ་བུའི་འདུ་ཤེས་གལ་ཆེ་སྟེ། དེ་ཡོད་ན་གཞན་རྣམས་ཀྱང་འབྱུང་ལ། དེ་ཚིག་ཙམ་དུ་སོང་ན་ཉོན་མོངས་པ་བསལ་བའི་ཕྱིར་དུ་གདམས་པའི་དོན་མི་བསྒྲུབ་པར་ཉན་པ་ཙམ་ཞིག་ཏུ་འགྱུར་བས་སྨན་པ་བཙལ་ནས་སྨན་མི་འཐུང་བར་སྨན་སྦྱོར་བ་ཁོ་ན་ལྷུར་བླངས་ན་ནད་པ་ནད་ལས་མི་ཐར་བ་དང་འདྲ་སྟེ། ཏིང་འཛིན་གྱི་རྒྱལ་པོ་ལས། མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ཏེ། ལོ་གྲངས་མང་པོ་རེས་འགའ་མ་ཐར་པ། །དེ་ནི་ཡུན་རིང་ནད་ཀྱིས་ཉོན་མོངས་པས། །ནད་རྣམས་གསོ་བའི་ཕྱིར་ཡང་སྨན་པ་བཙལ། ཡང་དང་ཡང་དུ་དེ་ཡིས་བཙལ་བ་ཡིས། །སྨན་པ་མཁས་ཤིང་རིག་པ་དེ་རྙེད་དེ། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་ནི། །སྨན་འདི་བཏང་བར་གྱིས་ཞེས་བྱིན་པ་དང་། སྨན་མང་བཟང་ཞིང་ཕན་པ་དེ་བླངས་ནས། ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང་། །སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱི་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ། །ཞེས་དང་། ངས་ནི་རབ་ཏུ་བཟང་པོའི་ཆོས་བཤད་ཀྱང་། ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག །བདག་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་དང་། སྤྱོད་པ་ལ་འཇུག་པ་ལས་ཀྱང་། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ནན་ཏན་ལ་ནི་ནད་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པའི་ནན་ཏན་ནི། བཤེས་གཉེན་གྱིས་གདམས་པའི་བླང་དོར་གྱི་གནས་རྣམས་ལ་ལག་ལེན་དུ་བྱེད་པ་སྟེ། དེ་ཡང་བྱེད་པ་ལ་ཤེས་དགོས་ཤིང་། དེ་ལ་ཐོས་དགོས་པ་དང་ཐོས་ནས་ཤེས་པར་བྱས་པའི་དགོས་པའང་བྱེད་པ་ཡིན་པས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེ་ཞིང་། སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པར། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་པ། །སྐྱེ་བོ་ཉན་པའི་དྲི་མ་ཡིན། །ཞེས་པའི་སྐྱོན་རྣམས་སྤངས་ཤིང་། སྒྲུབ་བྱ་སེམས་ཅན་ཐམས་ཅད་གནས་སྐབས་སུ་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར། །གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་བསམ་དང་འཆད་ཉན་བྱེད་སྙམ་པའི་བསམ་པ་བཟང་པོས། བླ་མའི་མདུན་དྲང་པོར་དམའ་བའི་སྟན་ལ་འདུག་ཅིང་། དགའ་སྤྲོ་དང་ལྡན་པས་ཡིད་དུལ་བ་དང་། སློབ་དཔོན་དང་ཆོས་ལ་གུས་པ་ཆེན་པོས་ཉན་དགོས་ཏེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་པར་མི་བྱའོ། །ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཅེས་དང་། སྐྱེས་རབས་སུ། རབ་ཏུ་དམའ་བའི་སྟན་ལ་འདུག། དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་ཏུ། །རབ་ཏུ་དང་བའི་དྲི་མེད་ཡིད། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་ལ་ཆོས་ཉོན་ཅིག །ཅེས་དང་། དུས་སུ་འཚོགས་ཤིང་བར་མ་ཆོད། །སྡོད་ས་འདུག་ལུགས་ཚུགས་ཐུབ་ཅིང་། གུས་པས་ཡིད་འོང་རྣ་བར་འཇུག །ཅེས་གསུངས་པ་ལྟར་དང་། ཚིག་དོན་ཐམས་ཅད་རྣ་བར་ལྷོན་ཅིང་། ཡིད་ལ་བསམ་པ་དང་། ངག་ཏུའང་ཟློས་པ་རེམ་པར་བྱ་དགོས་ཏེ། ཡིད་གཞུང་ཚིག་ཆོད་དོན་གོ་ལོངས། །མེ་ལོང་མེད་ཅིང་རྟག་ཏུ་སེམས། །མ་འདྲིས་བར་དུ་ཟློས་པ་རེམ། །འཛིན་པ་སོ་སོའི་ཆོས་ཡིན་ཏེ། དེ་ལས་ལོག་པ་སྤང་བར་བྱ། །ཞེས་བཤད་པ་དང་། འོ་ན་སེམས་གཞན་དུ་ཡེངས་པ་དང་། བརྗེད་ངས་དུ་གྱུར་པ་དང་། སེམས་དགེ་སྡིག་ལུང་མ་བསྟན་ཧད་པོར་ལུས་པ་རྣམས་ལ། ཆོས་ཀྱི་དབྱིངས་མི་འཇུག་ཅིང་དོན་མེད་དུ་འགྱུར་བ་ཡིན་ཏེ། བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པ། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་དང་། སྤྱོད་འཇུག་ལས། སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པས། སེམས་གཞན་དུ་མ་ཡེངས་པར་ཆོས་ཀྱི་ཚིག་དོན་ལ་སྤྲོ་བ་གལ་ཆེ། འདི་ལྟར། ཆོས་ཉན་དུ་ཡོད་པ་ནི་རྙེད་པར་དཀའ་ཞིང་། བསྐལ་བ་དུ་མར་ཚོགས་བསགས་པ་ལས་འབྱུང་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་མི་འགྱུར། །ཞེས་དང་། རྒྱ་ཆེ་རོལ་པ་ལས། གལ་ཏེ་བསྐལ་པ་ཁྲག་ཁྲིག་ཏུ། །ཆོས་ཐོབ་མི་འགྱུར་སྲིད་པ་སྟེ། །ཁྱོད་ཀྱིས་དེ་རིང་རྙེད་ཟིན་ཏོ། །བག་མེད་མ་ལུས་རྣམ་པར་སྤོང་། །ཞེས་གསུངས་པས། ལུས་ངག་ཡིད་གསུམ་བག་དང་ལྡན་པའི་སྒོ་ནས་ཆོས་ཉན་པའི་ཀུན་སྤྱོད་རྣམས་ལྷུར་ལེན་པ་གལ་ཆེ་ཞིང་། དེ་ལྟར་ཐོས་པའི་ཕན་ཡོན་ཡང་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མི་ཐོས་པར་ནི་ཤེས་མི་འགྱུར། །ཐོས་པས་ཆོས་ཀུན་རྣམ་པར་ཤེས། །ཐོས་པས་སྡིག་པ་བསྟེན་མི་བྱེད། །ཐོས་པས་གནོད་པ་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །ཐོས་པ་འདོད་པས་ཐོས་པ་འཕེལ། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཞེས་དང་། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་པ་དང་། མིག་ལྡན་མར་མེ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང་། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ། ཞེས་དང་། སྐྱེ་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག། དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེད་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ། །ཞེས་དང་། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔའ་གོམས་དོན་གསལ་རྟོགས་པར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ། །ཞེས་དང་། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔའ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་པ་ལྡན་ལ་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང་། རྒྱུད་བླ་མར། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིད་དེ་ཆོས་རྒྱལ་རྣམས་ལས་རྟག་འབུལ་ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆོས་མང་འཐོབ་པར་འགྱུར། །བློ་ལྡན་གང་གིས་བྱང་ཆུབ་འདོད་པས་བསྐལ་བ་དུ་མར་ཡང་། །ལུས་ངག་ཡིད་ནི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་བསྲུང་བྱེད་པ། །གཞན་འདི་ལས་ནི་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཞིག་འདི་ནི་སྲིད་པ་གསུམ་གྱི་ཉོན་མོངས་མེ་བྱིབས་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱི་ཚུལ་ཁྲིམས་སྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སློང་དེའི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་བྱ་བ་ལ་སོགས་པ་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། ཡང་དག་ཇི་བཞིན་མཁྱེན་པ་ཡིན། །སངས་རྒྱས་དེ་བཞིན་གཤེགས་པ་ཡིས། །མང་དུ་ཐོས་པའི་ལེགས་པ་ནི། །བཅུ་པོ་འདི་རྣམས་རབ་ཏུ་བཤད། །བཅུ་པོ་གང་ཞེ་ན། ཀུན་ནས་ཉོན་མོངས་པ་མི་བྱེད་པ་དང་། གནོད་སེམས་མི་སྐྱེ་བ་དང་། ཐེ་ཚོམ་རྣམ་པར་འབྱེད་པ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ལམ་ལོག་པ་སྤོང་བ་དང་། ལམ་ལ་གནས་པ་དང་། མི་འཆི་བའི་སྒོར་གནས་པ། བྱང་ཆུབ་ཏུ་བསྙེན་པ་དང་། སེམས་ཅན་ཀུན་ལ་སྣང་བར་འགྱུར་བ་དང་། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་རྣམས་སོ། །ཞེས་བྱ་བ་ལ་སོགས་ཏེ་རྒྱ་ཆེར་འབྱུང་ངོ་། །དེ་ལྟར་ཡང་ཐེག་པའི་གོ་རིམ་བཞིན་དུ་ཕན་ཡོན་ཆེ་ཞིང་། མཐར་ངེས་པའི་དོན་གྱི་གསུང་རབ་རྣམས་ཐོས་ནས་མི་སྐྲག་ན་དེ་བས་ཀྱང་ཕན་ཡོན་ཆེ་སྟེ། བསྐལ་པ་བཟང་པོའི་མདོར། འཇིག་རྟེན་ཁམས་འདིའི་སེམས་ཅན་གང་སུ་དག། དེ་རྣམས་ཐམས་ཅད་བྱང་ཆུབ་བཀོད་པ་བས། །གང་གིས་ཕུང་པོ་མེད་པའི་ཚིག་ཐོས་ནས། སྐྲག་མེད་དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་མདོ་སྡུད་པར། གང་ལ་ཤེར་མཆོག་མི་དམིགས་ཤིང་། །བྱང་ཆུབ་བྱང་ཆུབ་སེམས་མི་དམིགས། །དེ་ཐོས་མི་རྨོངས་མི་སྐྲག་པ། །དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་གསུངས།།

 

མཐའ་མའི་འདོན་ཐེངས་།: 27.01.2022 ཉིན། 2:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།