སྨན་རྩིས་དྲ་བ། - ཆེད་རྩོམ།

སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.05.2016
ཆེད་རྩོམ། >>

 


བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེའི་ཐབས་ལམ།

- སྨན་པ་པདྨ་རྒྱལ་མཚན།

 

 

          "ད་ལྟ་ང་ཚོས་བྱེད་དགོས་པ་ནི་རིག་གནས་ཁག་དེ་དག་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་སྔོན་རབས་ལ་ངོ་གནོང་མི་དགོས་པ་དང་ཕྱི་རབས་ལ་གདོང་སྟོན་ཐུབ་པ་ཞིག་ཡོང་བ་བྱེད་རྒྱུ་དེ་ཡིན།" ཞེས་བོད་མི་རིགས་ལ་ཤིན་ཏུ་ནས་བཀྲིན་ཆེ་བའི་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་གང་གིས་གསུང་རྒྱུན་དྲི་མ་མེད་པ་ཞིག་གི་རིན་ཐང་ལ་ཕྱིར་དྲན་ཞིག་བྱས་ནས།

 

          དེ་ཡང་སྐབས་འདིར་སྲོལ་རྒྱུན་རིག་གནས་ཞེས་པ་ནི་རྨོངས་དད་དང་མཁྲེགས་འཛིན་གྱི་ལྟ་བ་ལ་སོགས་པས་ཀུན་ནས་སློང་ཤིང་རྣམ་རྟོག་གིས་བསྐྲུན་པའི་དཔྱད་མི་བཟོད་པའི་རིག་གནས་ཤིག་མ་ཡིན་པར་འབྱུང་ཁུངས་ཡང་དག་ཅིང་ཁུངས་བཙན་པ་དང་། བརྒྱུད་པ་མ་ཉམས་པར་དུས་ད་ལྟ་ཡང་གསོན་པོར་གནས་པ་སྒྲོ་འདོགས་ཀྱི་རྣམ་པ་ལྟ་བུ་མ་ཡིན་པར་རིག་པ་ཡང་དག་ལ་བརྟེན་པ། དུས་ནས་དུས་སུ་མཁའ་ཁྱབ་སེམས་ཅན་ཡོངས་ཀྱི་ཕན་བདེའི་འབྱུང་གནས་སུ་གནས་ཐུབ་པ། ལྷག་པར་དུ་མི་རིགས་ཞིག་གི་ངོ་བོ་གསལ་བར་མཚོན་ཐུབ་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་དགེ་མཚན་ནི་ཚིག་རེ་ཟུང་གི་ནང་གླེང་ཐུབ་པ་ཞིག་མིན་ཞིང་། དེས་ན་དེ་ལྟ་བུའི་རིག་གནས་རྒྱུན་འཛིན་བྱེད་པའི་དགེ་མཚན་ས་བཅད་རྣམ་པ་གསུམ་ལ་བསྡུས་ཏེ་འཆད་པ་ལ།


འདས་པ།

༼ ༡ ༽

   ཕྱོགས་གཅིག་ནས་བསམ་ན་འདས་ཟིན་པའི་དུས་ཚོད་སླར་ལྡོག་ཐབས་མེད་ལ་སོང་ཟིན་པ་ལ་རེ་བ་བྱེད་རིན་མེད་པ་ལྟ་བུར་སྣང་ཡང་། དོན་ངོ་མར་དེ་ལྟར་མ་ཡིན། ང་ཚོས་འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་ང་ཚོའི་སྤྱི་ཚོགས་དང་སྲོལ་རྒྱུན་རིག་གནས་དབར་གྱི་བར་ཐག་ལ་སླར་ཡང་ཕྱིར་བལྟས་ཞིག་བྱས་པའི་དབང་དུ་སོང་ན། བོད་ཀྱི་རྒྱལ་རབས་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ལ་ནང་ཆོས་དངོས་སུ་དར་ཞིང་འཆད་ཉན་འགོ་ཚུགས་པ་ནས་བཟུང་བོད་མིའི་བློ་རྩལ་གྱི་ནུས་པ་ཆོས་དང་རིག་གཞུང་ལ་བསྒྲིལ་ཡོད། དེའི་སྐབས་ཀྱི་མཁས་པ་ཚོས་བརྩམས་པ་དང་དར་སྤེལ་གནང་བའི་དཔེ་དེབ་དེ་དག་ལ་ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་ཡོད། ལྷག་པར་དུ་སྐབས་དེའི་ཚེ་ན་བོད་མིའི་སྤྱི་ཚོགས་དང་སྲོལ་རྒྱུན་རིག་གནས་གཉིས་ནི་ཉ་མོ་ཆུ་དང་འགྲོགས་པ་ལྟ་བུར་གནས་ཤིང་། དེའི་དབང་གིས་བོད་མི་རྣམས་ཕྱི་དངོས་པོའི་དཔལ་འབྱོར་ལ་ཚད་མཐོ་བའི་གོམ་པ་ཞིག་སྤོས་ཐུབ་པ་བྱུང་མེད་ནའང་སྙིང་རྗེའི་རང་བཞིན་རྒྱུད་ལ་ལྡན་པའི་མི་རིགས་ཞིག་དང་། བློ་རྩལ་དང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཏུ་གྱུར་བ་ནི་ལོ་རྒྱུས་ཀྱིས་དཔང་པོ་བྱེད་ཐུབ། དེ་དང་འདྲ་བར་དུས་རབས་བཅུ་གསུམ་ཙམ་ནས་དུས་རབས་ཉེར་གཅིག་བར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཁས་པ་རྗེ་བློན་པཎ་གྲུབ་ལོ་ཙྰ་བ་དུ་མ་བྱོན་ཞིང་། དེ་ཡང་འཁོན་དཀོན་མཆོག་རྒྱལ་པོ། འཇམ་མགོན་ས་སྐྱ་པཎ་ཆེན་ཡབ་སྲས། རྗེ་ཙོང་ཁ་བ་ཡབ་སྲས། གུང་རུ་རྒྱལ་མཚན་བཟང་པོ། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ། པཎ་ཆེན་བསོད་ནམས་གྲགས་པ། ཀུན་མཁྱེན་འཇིགས་མེད་བཞད་པ། གུང་ཐང་བསྟན་པའི་སྒྲོན་མེ། ཨ་ཁུ་དམུ་དགེ་བསམ་གཏན། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཟུར་མཁར་བ་སོགས་མདོར་ན། སྤྱི་ལོ་༡༩༩༢ བར་ལ་བོད་དུ་ནང་ཆོས་སྨྲ་བ་དང་། གསོ་རིག་སྨྲ་བ། ཚད་མ་སྨྲ་བ། བཟོ་རིག་སྨྲ་བ། སྒྲ་རིག་སྨྲ་བ་སོགས་མཁས་དབང་སྟོང་ཚོ་གཉིས་ཙམ་བྱོན་ཡོད་པའི་མཚན་དང་བྱུང་རབས་ལོ་ཚིགས་སོགས་གསལ་བར་འཁོད་པའི་《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད།》ཅེས་པའི་དཔེ་དེབ་དེའི་ནང་ཁོང་རྣམས་ཀྱི་བརྩམས་ཆོས་སུ་གྱུར་བ་དེ་དག་ད་ཆ་ང་ཚོའི་མིག་ལམ་དུ་མཇལ་བ་ཙམ་གྱི་ཡིད་དབང་དབང་མེད་དུ་འཕྲོག་པའི་གཞི་ཞིག་ཡིན་ལ། དུས་དེར། ཁོང་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་ཆོད་སེམས་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཞིན་ཉམས་པ་མེད་པ་ཞིག་ཡིན་ལ། ཁོང་རྣམས་དང་སྲོལ་རྒྱུན་རིག་གནས་དབར་གྱི་འབྲེལ་ལམ་ནི་མ་བུ་ལྟ་བུ་གནས་ཡོད་པ་ནི་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན།


༼ ༢ ༽

   ལྷག་པར་དུ་བོད་ཡུལ་ཡོངས་རྫོགས་རྒྱའི་ལག་ཏུ་ཤོར་བའི་རྗེས། ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གང་ཉིད་བཙན་བྱོལ་དུ་ཕེབས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་མི་ཉམས་པ་དང་རྒྱུན་འཛིན་ལེགས་པོ་ཞིག་ཡོང་སླད་སྐུ་ངལ་འཛད་མེད་གནང་ཡོད་ལ། ཁོང་མི་ཡུལ་དུ་ཕེབས་དུས་ཀྱི་ཆེས་ཐོག་མའི་དགོངས་གཞི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་རྒྱུན་འཛིན་གནང་རྒྱུ་དེ་ཡིན། བོད་ཡུལ་ན་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་གང་གིས་ཐུགས་འགན་ཆེ་བཞེས་ཐོག་དམར་པོའི་རིང་ལུགས་ལ་ཁ་གཏད་དུ་བཞེངས་ནས་དཔའ་ངར་འཛེམས་མེད་ཀྱིས་བོད་ཀྱི་རིག་གནས་དང་མི་རིགས་ཀྱི་དོན་དུ་འཐབ་རྩོད་གནང་བ་ནི་དམ་པ་གང་ཉིད་སྲོལ་རྒྱུན་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་། དེའི་རིན་ཐང་རྒྱུན་འཛིན་ཐུབ་ན་དགེ་མཚན་ལྡན་པར་གཟིགས་ནས་འཐབ་རྩོད་གནང་བ་ཞིག་ཡིན་ལ། རྒྱུད་རིམ་དེའི་ཁྲོད་དུ་ཁོང་མི་ལོ་ཧྲིལ་པོ་དགུ་ཏག་ཏག་བཙོན་དུ་བཞུགས་དགོས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཀྱང་བྱུང་ཡོད་པ་རེད། མདོར་ན་མེས་པོ་དམ་པ་རྣམས་ཀྱི་སྙིང་སྟོབས་དང་བཀྲིན་ཁོ་ནར་བསམ་ནའང་ང་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་པ་ནི་དགེ་མཚན་དུ་མས་རབ་ཏུ་བརྒྱན་པ་ཞིག་ཏུ་མཐོང་།


ད་ལྟ།

༼ ༡ ༽

   ད་ལྟའི་དུས་ཚོད་ནི་དུས་རབས་ཉེར་གཅིག་ཅེས་ཡོད་ཚད་ཉིན་རེ་ནས་ཉིན་རེར་འཕོ་འགྱུར་ཆེས་མགྱོགས་པའི་རང་བཞིན་ཞིག་ཏུ་གྱུར་ཡོད་དུས་ང་རང་ཚོས་མི་ཚེའི་རྒྱུད་རིམ་དང་ལྷག་པར་འགྲོ་བ་མིའི་རིགས་ཆགས་པའི་གནས་སྐབས་ནས་བཟུང་ད་བར་གྱི་རྒྱུད་རིམ་ཁྲོད་ལ་བསམ་བློ་བཏང་ཚེ་རིག་གཞུང་དེ་དག་རིམ་པར་འགྱུར་བ་འགྲོ་བའི་གནད་དོན་དུ་མ་བྱུང་ཡོད་དེ། འགའ་རེ་རྩ་མེད་དུ་སོང་བ་དང་། འགའ་ཤས་གཞན་གྱི་ཤན་ཞུགས་པ། འགའ་ཤས་ཉམས་རྒུད་དུ་ཕྱིན་པ་སོགས་ཕྱོགས་མང་པོ་ནས་འགྱུར་བ་ཕྱིན་ཡོད་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཡང་ཕྲན་བུའི་འགྱུར་བ་འགྲོ་བ་ནི་རང་བཞིན་ཞིག་ཡིན། ཡིན་ན་ཡང་མེས་པོ་གོང་མ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ད་ལྟའང་གསོན་པོར་བཞུགས་ཡོད་པ་མ་ཟད། དུས་ནས་དུས་སུ་འགྲོ་བ་མིའི་རིགས་ལ་ཕན་པ་བླ་མེད་སྒྲུབ་ནུས་པའི་རིག་གཞུང་ཞིག་ཏུ་འགྱུར་བ་ལ་ྋམགོན་པོ་གང་གིས་ཡང་ནས་ཡང་དུ་བསྐུལ་མ་གནང་བ་ལ་གཞིགས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེར་མཐོང་།


༼ ༢ ༽

          ང་ཚོའི་སྤྱི་ཚོགས་ནང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་མི་ཤེས་པའི་མི་འགའ་རེས་རིག་གནས་དེ་དག་ནི་མི་རིགས་ཡར་རྒྱས་ཀྱི་འགག་རྡོ་ལྟ་བུ་ངོས་འཛིན་བྱེད་པ་ནི་ང་ཚོ་མི་ཟེར་བ་ཁ་དབང་བཙན་པའི་དབང་གིས་ཡིན་པ་ལས་སྲོལ་རྒྱུན་རིག་གནས་ཀྱི་ཞན་ཆ་གཏན་ནས་མིན། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོད་མི་རིགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་ལ་རིག་གཞུང་དེའི་རིན་ཐང་ནི་བོད་མི་ཙམ་མ་ཟད་འཛམ་གླིང་ཧྲིལ་པོར་ཕན་ཐོགས་ཡོང་རྒྱུ་ཡོད་པ་ཞིག་དང་། ཆགས་འཇིག་གི་གནས་སུ་གྱར་བའི་བོད་མི་རིགས་སམ་ཆབ་སྲིད་ཀྱི་རྨ་ཁ་ལས་གྲོལ་མི་ཐུབ་པའི་མི་རིགས་འདིའི་ཆབ་སྲིད་ཀྱི་ངོ་བོའི་ཆ་ནས་བཤད་ནའང་བོད་པའི་སྲོལ་རྒྱུན་རིག་གཞུང་ནི་བོད་མི་ཞེས་པ་རྩ་བརླག་ཏུ་མི་འགྲོ་བའི་གཞི་རྩ་གལ་ཆེན་ཞིག་ཡིན་པར་སོང་། དེ་ལྟ་བུའི་རིག་གནས་རྒྱུན་འཛིན་བྱེད་པ་ནི་མི་རིགས་སྲུང་སྐྱོབ་ཀྱི་གོམ་པ་གལ་འགངས་ཆེ་ཤོས་ཤིག་ཡིན། མཚམས་འདིར་ྋགོང་ས་མཆོག་གིས་ལོ་རབས་དགུ་བཅུའི་ནང་དུ་གནང་བའི་བཀའ་སློབ་ཞིག་གིས་ལུང་འདྲེན་པ་ལ། "གང་ལྟར་བོད་དང་རྒྱ་བསྲེས་ཀྱང་འདྲེས་རྒྱུ་མེད་པ་ཆགས་པ་དེ་ག་རེ་བྱེད་ནས་ཆགས་པ་རེད་དམ་ཞེ་ན། རང་རང་ལ་ཐུང་མོང་མ་ཡིན་པའི་རིག་གཞུང་ཞིག་ཡོད་པ་དེས་ཁ་གྲགས་ཀྱི་ཡོད་པ་རེད།" ཅེས་གསུངས་པ་ནི་རིག་གཞུང་གི་རིན་ཐང་མཚོན་པའི་སྡོམ་ཚིག་ཆེན་པོ་ཞིག་ཀྱང་ཡིན། དེས་ན་ཅིའི་ཕྱིར་ང་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མི་བྱེད་དམ།


༼ ༣ ༽

          བོད་ནང་དུས་ད་ལྟའང་བོད་མི་རྣམས་ལ་རང་གི་རིག་གཞུང་ལ་རང་དབང་ལོངས་སྤྱོད་བྱེད་པའི་གོ་སྐབས་མེད་པ་དང་། བཙན་བྱོལ་ནང་དུ་ཡང་གཞན་དབང་སྟབས་བསྟུན་སོགས་ཀྱི་དཀའ་ངལ་མང་པོའི་དབང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁོར་ཡུག་ཆུང་ལ་བཀོལ་སྤྱོད་ཉུང་བ་སོགས་དཀའ་ངལ་མང་ན་ཡང་། བོད་ནང་དུ་བོད་མི་རིགས་དང་རིག་གཞུང་ལ་ཞེན་པའི་བོད་མི་མང་པོས་རྒྱ་དམར་གྱིས་མེ་མདའི་ཁ་གཏད་དུ་ལངས་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཁྲོད་དུ་དཀའ་ངལ་གྲངས་མེད་མྱོང་བཞིན་ཡོད་ཅིང་། ད་དུང་དཔའ་ངར་ཞུམ་མེད་ཀྱིས་འགྱེལ་ས་ནས་ལངས་ཐབས་བྱེད་པའི་སེམས་ཤུགས་དང་སྤོབས་པ་དག་ལ་གཞིགས་ན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་དགེ་མཚན་ཆེས་ཆེར་མཐོང་ཞིང་། ང་ཚོ་བཙན་བྱོལ་བ་རྣམས་ནི་དེ་བས་ཀྱང་ལས་དོན་དེའི་ཐོག་འབད་པ་དེ་ལྟར་མ་བྱུང་ཚེ་གཞིས་ལུས་མི་མང་ལ་བློ་ཕམ་ཡོང་ངེས་ཡིན།


མ་འོངས་པ།

༼ ༡ ༽

          ང་ཚོ་འགྲོ་བ་མི་ཟེར་བ་ནི་ཉོན་མོངས་དུག་གསུམ་གྱིས་བཅིངས་པའི་རང་བཞིན་ཞིག་ཡིན་ཕྱིར། འབྱུང་འགྱུར་གྱི་གནད་དོན་ལ་དེ་ཙམ་གནད་འགག་དུ་མི་འཛིན་མོད། དེས་ན་འདས་པ་དང་ད་ལྟའི་ཉམས་མྱོང་ལ་རྒྱུས་ལོན་གྱིས་འབྱུང་འགྱུར་ལ་ཁ་ཕྱོགས་བྱེད་དགོས་པ་ནི་མི་རིགས་ཤིག་དང་མི་སྒེར་སུ་ལའང་གལ་ཆེའི་རང་བཞིན་ལྡན་པའི་ལས་འགན་ཞིག་ཡིན། དེ་ལྟར་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་འདས་པའི་ལོ་ཟླའི་ཁྲོད་དུ་ཁ་ཡོད་ལག་ཡོད་ཀྱི་མི་རིགས་འདིའི་གལ་ཆེའི་རང་བཞིན་ཞིག་ལ་འགྱུར་ཡོད་ལ་ད་ལྟ་ཡང་ངོ་བོ་དེ་རང་དུ་གནས་ཡོད་ཅིང་། མ་འོངས་པའི་དུས་ལའང་དེ་ལྟར་གནས་ཐབས་ལ་འབད་དགོས་པ་ནི་ང་ཚོའི་ཕྲག་ཐོག་གི་ལས་འགན་ཞིག་ཡིན་པ་ནི་འབྱུང་འགྱུར་གྱི་བོད་ཡུལ་འཛུགས་སྐྲུན་དང་། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ། མི་རིགས་འདིའི་བདེ་སྡུག་ལ་སོགས་གང་གི་ཆ་ནས་བཤད་ནའང་བོད་མིའི་སྲོལ་རྒྱུན་རིག་གནས་ནི་མེད་ཐབས་མེད་པ་ཞིག་དང་། མ་འོངས་པར་བོད་མི་རིགས་ཞེས་པ་གནས་དང་མི་གནས་ནི་མི་རིགས་དེ་ལ་དབང་བའི་རིག་གཞུང་བཟང་པོ་དེ་དག་རྒྱུད་འཛིན་ཐུབ་མི་ཐུབ་ལ་རག་ལུས་ཞིང་། འཛམ་གླིང་ནང་མཁས་པ་མང་པོའི་གསུང་རྒྱུན་དུ་ "མི་རིགས་ཞིག་གནས་དང་མི་གནས་ཞེས་པ་དེ། མི་རིགས་དེའི་ལེགས་བྱང་དུ་གྱུར་བའི་རིག་གཞུང་གསོན་པོར་གནས་དང་མི་གནས་ལས་ཐག་ཆོད་པ་ཡིན།" ཞེས་ཁ་གཅིག་གྲགས་སུ་གསུངས་བཞིན་ཡོད་ལ་དོན་ངོ་མ་ཡང་དེ་རང་ལས་མི་འདས། ང་ཚོ་བོད་མི་རིགས་ཞེས་པ་གཏན་ཏུ་འཛམ་གླིང་འདིའི་ཐོག་གནས་དགོས་ལ་མི་རིགས་གཞན་དང་འདྲ་བར་ང་ཚོ་ཡང་དུས་ཀྱི་འཕོ་འགྱུར་དང་ལྷན་དུ་དུས་ནས་དུས་སུ་གོམ་པ་མདུན་སྐྱོད་བྱེད་དགོས་པར་སོང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་དགོས་པ་ནི་དགེ་མཚན་གྱི་རང་བཞིན་ལྡན་པ་ཞིག་ཡིན།


༼ ༢ ༽

          བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའམ་རྨང་གཞི་བརྟན་པོ་ཞིག་ང་ཚོའི་མེས་པོ་རྣམས་ཀྱི་བཙུགས་ཟིན་ཡོད་ལ། མ་འོངས་པའི་མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤེལ་བྱེད་རྒྱུ་དེ་མི་རབས་འདིའི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན་པར་སོང་། ང་ཚོ་བག་ཕེབས་དང་སྣང་མེད་དུ་འདུག་ཐབས་བྲལ་ཞིང་། ཕྲག་ཐོག་གི་འོས་འགན་དོན་འཁེལ་མ་ཐུབ་ཚེ་མ་འོངས་པ་ང་ཚོ་ཤི་བའི་རྗེས་ལ་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱིས་ང་ཚོ་ལ་འཁང་ར་དང་འཕྱ་སྨོད་བྱེད་སྲིད་ལ། ལོ་རྒྱུས་ཀྱི་ཟིན་ཐོ་ནག་པོ་ཞིག་ཀྱང་འགོད་སྲིད་པ་ཡིན། གང་ལྟར་ང་ཚོ་འཚོ་གནས་ཐུབ་ཐབས་བྱེད་པ་ནི་གལ་ཆེ་ཡང་དེ་ལས་ཀྱང་གལ་ཆེ་བ་ང་ཚོའི་བུ་ཕྲུག་ཚོའི་མ་འོངས་པའི་མདུན་ལམ་ལ་བསམ་གཞིགས་བྱེད་རྒྱུ་དེ་ཡིན་པར་སོང་། ང་ཚོས་དུས་བཟང་ངན་དང་འཚོ་བ་སྐྱིད་སྡུག་ཡག་ཉེས་སོགས་གང་ལའང་མ་ལྟོས་པར་རྒྱུན་བསྲིངས་ནས་བོད་ཀྱི་སྲོན་རྒྱུན་རིག་གནས་དེ་བཞིན་མ་འོངས་པའི་བོད་མི་རིགས་ཀྱི་མངོན་འདོད་སྐོང་ཐུབ་པ་དང་། མི་རིགས་ཀྱི་མོས་པ་དང་འཚམ་པ། ལྷག་པར་དུ་གོ་ལ་ཧྲིལ་པོའི་བདེ་སྡུག་ལ་སྨན་པའི་རིག་གཞུང་ཞིག་ཏུ་འགྱུར་བ་ལ་འབད་དགོས་ལ། རིག་གཞུང་དེའི་རྩ་བའི་ངོ་བོ་དང་རིན་ཐང་ཡང་དེ་ལས་མ་འདས་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་སྣང་གི་སྒོ་ནས་རྒྱུན་འཛིན་བྱེད་པ་ནི་མ་འོངས་པའི་ཁ་ཕྱོགས་ནས་བལྟས་ནའང་དགེ་མཚན་དུ་མ་ལྡན་ཡོད་པ་ཞིག་ཡིན་པ་ནི་སྤོབས་པ་ཆེན་པོས་བརྗོད་ནུས་པ་ཡིན།


༼ ༣ ༽

          ལྷག་པར་ང་ཚོ་བོད་མི་རིགས་ཟེར་བ་འདི་ཕ་མེས་ཀྱི་དུས་ནས་སངས་རྒྱས་ཆོས་ལུགས་ལ་དད་མོས་ཡོད་མཁན་ཞིག་དང་། མ་ཟད་འགྲོ་བ་མིའི་རིགས་སྤྱི་དང་འདྲ་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། ལྷག་པར་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མངོན་དུ་ཕྱོགས་མཁན་ཤ་སྟག་ཡིན་པ་ནི་ང་ཚོ་གནས་སའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་རྟོགས་ནུས་པ་ཡིན། ཡིན་ན་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ལེགས་པར་མ་བསླབ་པར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ནུས་པ་ནི་དེ་ཡང་མདོ་སྡེ་རྒྱན་ལས། "རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར།།" ཞེས་གསུངས་པའི་རིག་པའི་གནས་ལྔ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་རིག་གནས་ཁག་ལྔ་པོ་དེ་དག་ལ་གོ་བ་ཡིན་དུས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བ་ཞིག་ཡིན། དེ་ལྟ་བུའི་རིག་གཞུང་རྒྱུན་འཛིན་བྱེད་པའི་དགེ་མཚན་བརྗོད་ཀྱི་མི་ལངས་བ་ལྡན་ནའང་སྐབས་འདིར་རེ་རེར་བརྗོད་པའི་དགོས་པ་མ་མཐོང་། མདོར་བསྡུས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་འདས་པ་དང་། ད་ལྟ། མ་འོངས་བཅས་སྔ་ཕྱི་གང་གི་ཁྲོད་དུ་འཛམ་གླིང་སྤྱི་དང་ལྷག་པར་བོད་མིའི་སྤྱི་ཚོགས་ཧྲིལ་བོར་གལ་ཆེའི་རང་བཞིན་དང་རིན་ཐང་གི་རབ་ཏུ་བརྒྱན་པའི་རིག་གཞུང་ཞིག་ཏུ་གྱུར་ཡོད་ལ་དེ་ལྟ་བུའི་རིག་གཞུང་ལ་རྒྱུན་འཛིན་མི་བྱེད་པ་ནི་མིག་ཡོད་ཀྱང་དམ་པ་ངོ་མ་ཤེས་པ་ལྟ་བུར་སོང་། ནོར་བུ་རང་གི་ལག་ཏུ་ཡོད་དུས་དེ་ལ་བདག་སྐྱོང་དགོས་པ་ནི་ཤིན་ཏུ་ནས་དགེ་མཚན་གྱི་རང་བཞིན་ལྡན་པ་ཞིག་ཡིན།


 

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ཐབས་ལམ་གླེང་བ།

   ང་ཚོ་བོད་པ་ཞེས་པའི་མི་རིགས་འདི་འཆི་མི་འདོད་ན་གསོན་པའི་ཐབས་ཤེས་ལེགས་ཤོས་དེ་རིན་ཐང་དང་ལྡན་པའི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་ལ། དེ་ལྟར་རྒྱུན་འཛིན་བྱེད་པའི་ཐབས་ལམ་ས་བཅད་རིམ་པར་དབྱེ་ནས་བརྗོད་པར་བྱ་བ་ལ།


༼ ༡ ༽

 སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལྟ་བུའི་སྐད་ཡིག་གླེང་བ།

   མིའི་ཚེ་སྲོག་ཡུན་དུ་གནས་ཅིང་བདེ་བར་འཚོ་བར་བྱེད་པའི་རྟེན་ཞེས་སྙིང་གི་བྱེད་པ་ལྟར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་ནི་མི་རིགས་འདིའི་སྐད་ཡིག་གིས་བྱེད་པ་ཡིན། དེས་ན། བོད་པའི་སྐད་ཡིག་གི་ཐོག་ལ་མྱོང་གོམས་གང་ཡང་མེད་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་སྣ་ཚོགས་ལོངས་སུ་སྤྱོད་འདོད་བྱེད་པ་ནི་རྩ་བ་མེད་པའི་ལྗོན་ཤིང་ལ་འབྲས་བུའི་རེ་བ་བྱེད་པ་ལྟ་བུ་རེད། དེའི་ཕྱིར་བོད་ཀྱི་ཐུན་མིན་རིག་གཞུང་འདིའི་སྙིང་བཅུད་ཅི་དགར་སྤྱོད་འདོད་ན་ངེས་པར་སྐད་ཡིག་གི་རྨང་གཞི་མེད་དུ་མི་རུང་བ་ཞིག་སྟེ། དེ་ཡང་སློབ་དཔོན་ཐོན་མི་མཆོག་གིས། "བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡི་གེའི་སྦྱོར་བ་ཤེས་པར་བྱ།།" ཞེས་དང་། ཡང་སུམ་ཅུ་པའི་རྩ་བར། "བསླབ་པའི་རིམ་པ་འདི་ཡིས་ནི།། གང་ཞིག་འབད་པ་ཆུང་ངུས་ཀྱང་།། ཤེས་རབ་མྱུར་དུ་འགྲོ་བར་འགྱུར།། དེ་ཕྱིར་དང་པོར་དེ་ཉིད་བསླབ།།" ཅེས་གསུངས་པ་ལྟར་ཡུལ་གངས་ཅན་གྱི་ལྗོངས་སུ་མཁས་པ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱིས་ཀྱང་ཐོག་མར་བོད་རང་གི་སྐད་ཡིག་ལ་སྦྱངས་པ་མཐར་ཕྱིན་གནང་བ་སོགས་གོམ་པ་རིམ་འཛེགས་ཀྱིས་བྱོན་པ་ཤ་སྟག་ཡིན་པ་ནི་སྨྲོས་མི་དགོས་པ་ཡིན། སྤྱིར་དེང་གི་ཆར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་གྱི་ཁྱབ་ཚད་ལ་ཆ་མཚོན་ན་གཞི་རྒྱ་ཆེ་བ་ཞིག་མིན་ནའང་སྐད་ཡིག་དེའི་རིན་ཐང་དང་། སྐད་ཡིག་འདིའི་ནང་དུ་དེང་བར་ཉར་ཚགས་བྱས་པའི་རིག་གཞུང་གི་རིན་ཐང་གྲ་གྲུ་མ་ཉམས་པར་བརྗོད་ཐུབ་པའི་ཁྱད་ཆོས་ལ་གདེང་འཇོག་དང་གུས་བརྩི་ཞུ་མི་དུས་ནས་དུས་སུ་ཇེ་མང་དུ་འགྲོ་བ་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནས་ར་སྤྲོད་ཐུབ་པ་ཡིན། ལྟག་པར་དུ་བོད་ཀྱི་སྐད་ཡིག་ནི་བཀོལ་སྤྱོད་བདེ་ལ་ཤིན་ཏུ་ནས་གསོན་ཉམས་ལྡན་པ་སོགས་ཕུན་སུམ་ཚོགས་པའི་ཁྱད་ཆོས་སྣ་མང་ལྡན་ཡོད་སྟབས། བོད་མིའི་འབྱུང་འགྱུར་གྱི་མདུན་ལམ་ཡང་སྐད་ཡིག་དེ་ལས་ཚོད་དཔག་བྱེད་ཐུབ་པ་ཡིན་ལ། སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལྟ་བུའི་སྐད་ཡིག་ལ་བདག་གཅེས་དང་། ཡང་ནས་ཡང་དུ་བཀོལ་སྤྱོད་སོགས་མདོར་ན་ཉིན་རེའི་འཚོ་བའི་ཁྲོད་དུ་ཇི་ཙམ་བཀོལ་སྤྱོད་གཏོང་ཐུབ་པ་དེ་ཙམ་གྱིས་བོད་མིའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་ཐུབ་ངེས་ཡིན་ལ། བོད་མིའི་སྐད་ཡིག་ལ་གོམས་འདྲིས་སུ་སོང་ནས་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་ཉམས་ལེན་བྱེད་ཐུབ་ན་ཕྱོགས་གང་ནས་དགེ་ཕན་ཆེ་བར་མཐོང་། དེ་ལས་ལྡོག་ཏེ་སྐད་ཡིག་ལ་སྦྱངས་གོམས་གཏན་ནས་མེད་ཅིང་ཐ་ན་ཀ་མད་སུམ་ཅུ་དང་སྔོན་འཇུག་དང་རྗེས་འཇུག་གི་རྣམ་བཞག་ཙམ་ཡང་མི་ཤེས་པར་གཞི་རྒྱ་ཆེ་བའི་མི་རིགས་དེའི་སྲོལ་རྒྱུན་རིག་གནས་ལ་ཉམས་ཚོད་བྱེད་པ་ནི་ལག་རྡུམ་བྲག་འཛེགས་ལྟ་བུ་མཐོང་། དེ་འདྲའི་གནས་སྟངས་འོག་ལ་བོད་ཀྱི་སྐད་ཡིག་ཐོག་ཏུ་བྲིས་པའི་རིག་གནས་ཞིག་དང་གདོང་ཐུག་དུས་ཅི་ཤོད་འདི་ཤོད་མེད་པའི་ས་མཚམས་ཞིག་ཏུ་ལྷུང་འགྲོ་བ་ནི་ཆེས་མངོན་གསལ་ཞིག་ཡིན། དེས་ན། རྩ་བ་བསྐྱུར་ནས་ཡལ་ག་བཟུང་བ་ལྟ་བུ་མ་ཡིན་པར་སྲོལ་རྒྱུན་རིག་གནས་ཀྱི་སྒོ་འབྱེད་ནུས་པའི་ལྡེ་མིག་ལྟ་བུའི་སྐད་ཡིག་ལ་ཆེས་མཐོ་བའི་རིན་ཐང་འཇོག་དགོས་པ་དང་སྐད་ཡིག་ལ་བསུན་སྣང་བྱེད་པའི་བསམ་བློ་རྙིང་པ་འདོར་ནས་དེ་ལ་དགའ་སྣང་དང་། དེའི་གྲུབ་འབྲས་སུ་མཁས་བཙུན་བཟང་གསུམ་ལྡན་པ་ཞིག་བྱེད་རྒྱུ་ནི་ཕུགས་རྒྱང་རིང་བའི་མདུན་ལམ་ཞིག་ཡིན་པ་ནི། ྋཔཎ་ཆེན་སྐུ་གོང་མ་གང་གིས། "བོད་ཡིག་ཁྲིད་ན་མདུན་ལམ་མེད་ཟེར་བ་དེ་མདུན་ལམ་ཡོད་པར་འགྱུར་དགོས་པ་དང་། བོད་ཡིག་བསླབ་ན་ཟ་ཕོར་མེད་ཟེར་བ་དེ་ཟ་ཕོར་ཡོད་པར་འགྱུར་དགོས།" ཞེས་གསུངས་པ་ནི་ད་ཆ་ང་རང་ཚོའི་སྤྱི་ཚོགས་དང་ཁ་ཡོད་ལག་ཡོད་ཀྱི་འབྲེལ་བ་ཆེ་བའི་བཀའ་སློབ་གལ་ཆེན་ཞིག་ཡིན།


 ༼ ༢ ༽

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་བསྐྲུན་ཐབས།

   རིག་གནས་ཞིག་རྒྱུན་འཛིན་དང་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་དགོས་རྒྱུ་ནི་ཅང་ཤེས་ཀྱི་རྟ་ཕོའི་རྩལ་ངོམས་བྱེད་སའི་ཐང་ཆེན་ཞིག་དང་འདྲ་ལ་ཁོར་ཡུག་མེད་ན་སྲོལ་རྒྱུན་ནི་སྲོལ་རྒྱུན་གྱི་རྣམ་པ་ཙམ་ལས་དེའི་མདུན་ལམ་ལ་རེ་བ་བྱ་ཐབས་མེད་པ་ཡིན། དེ་ཡང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་བསྐྲུན་རྒྱུ་ནི་སྲིད་གཞུང་དང་ཁྱིམ་ཚང་མི་སྒེར་བཅས་ཀྱི་ལས་འགན་ཡིན་ལ། སྲིད་གཞུང་ཞིག་ལ་མཚོན་ན། མི་རིགས་ཞིག་དང་དེའི་ལེགས་བྱང་དུ་གྱུར་བའི་རིག་གཞུང་དག་སྲུང་སྐྱོབ་བྱེད་པའི་ལས་འགན་ཆེན་པོ་ཡོད་ལ། ངེས་པར་དུ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་ཁབ་དེའི་མི་མང་རྣམས་ལ་རང་གི་ཕ་མེས་ཀྱི་དུས་ནས་དར་ཁྱབ་ཆེ་བའི་སྲོལ་རྒྱུན་རིག་གནས་དག་ལ་ལོངས་སུ་སྤྱོད་སའི་ཁོར་ཡུག་སྐྲུན་ཐབས་བྱེད་དགོས། ྋམགོན་པོ་གང་ཉིད་བཙན་བྱོལ་དུ་ཕེབས་པའི་སྐབས་ཀྱི་ཆེས་ཐོག་མའི་ཐུགས་རེ་ཡང་དེ་ལས་མ་འདས་པ་ནི་རྒྱ་གར་གྱི་སྲིད་འཛིན་དམ་པ་ནེཧ་རུ་དང་ཐོག་མར་མཇལ་འཕྲད་ཀྱི་བཀའ་མོལ་དེ་ལས་ར་སྤྲོད་ཐུབ་པ་ཡིན་ལ་ཐུགས་རེ་དེ་ནི་ཆེས་ཕུགས་རྒྱང་རིང་ལ་དོན་སྙིང་དང་ལྡན་པ་ཞིག་ཡིན་པ་རེད། བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་སྡུག་ཇེ་ཞན་རེད་ལ་བོད་པའི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་སའི་ཁོར་ཡུག་ཞིག་རྒྱ་ནག་གཞུང་ནས་སྔོན་ཆད་བསྐྲུན་མེད་ལ་མ་འོངས་པ་ཡང་གཏན་ནས་བསྐྲུན་མི་སྲིད། དེ་ལས་ལྡོག་ཏེ་ཕྱོགས་གང་ས་ནས་རྩ་མེད་ནུས་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ལྟ་བུར་སྣང་། ཡིན་ཡང་བོད་ནང་གི་བོད་མི་མི་ཉུང་བ་ཞིག་གིས་བློ་གཅིག་སེམས་གཅིག་གིས་རང་གི་རིག་གཞུང་ལ་དགའ་ཞེན་གྱིས་ཞུམ་པ་མེད་པའི་བློ་སྟོབས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཉམས་ད་དུང་ཡང་འཚོ་ཞིང་བཞུགས་ཡོད། དེས་ན། ང་ཚོ་རང་དབང་ལུང་པར་གནས་པ་ཚོ་ལ་དེ་བས་ཀྱང་ལས་འགན་འཕར་མ་ཞིག་ཡོད་པ་ནི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ཁོར་ཡུག་སྐྲུན་ཐབས་ལ་དུས་ནས་དུས་སུ་དགོངས་པ་ཆེ་བཞེས་གནང་རྒྱུ་དེ་རེད།  བཙན་བྱོལ་གཞུང་གིས་གནང་དགོས་ངེས་ཞིག་དང་གནང་མི་ཐུབ་པ་ཞིག་གཏན་ནས་མ་ཡིན་པར་སེམས། དེ་ཡང་འདས་པའི་ལོ་ཤས་ནང་དཔེ་སྟོན་སློབ་གྲྭ་ཞིག་ཆེད་འཛུགས་ཀྱིས་ལམ་ཁ་གསར་པ་ཞིག་གསར་གཏོད་གནང་ཐུབ་པ་ནི་ཆེས་ཕུགས་རྒྱང་རིང་བའི་དགོངས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། སྔོན་མ་ྋཔན་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ཀྱི་བོད་ནང་གི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་པ་ཡང་དེ་རང་ཡིན་པ་ནི་ཁོང་གི་མཛད་རྣམ་ལས་རྟོགས་ཐུབ་པ་ཞིག་ཡིན། ཡིན་ནའང་དཔེ་སྟོན་སློབ་གྲྭ་ཙམ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡོང་ཐབས་ཀྱི་དཔེ་མཚོན་ཆུང་ཆུང་ཞིག་ལས་རིག་གཞུང་རྒྱ་ཆེན་པོ་ཞིག་ལ་མཚོན་ན་གཞི་རྒྱ་ཆེ་བ་ཞིག་གཏན་ནས་མ་ཡིན་པར་སོང་། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་སའི་ཁོར་ཡུག་ཡོད་བསྡད་པ་དེ་དག་ལ་ཕྱོགས་གང་ས་ནས་འཐུས་སྒོ་ཚང་བ་ཞིག་ཏུ་འགྱུར་བ་ལ་ཐུགས་འཁུར་བཞེས་དགོས་པ་དང་། དེར་མ་ཟད་ཤེས་ཡོན་སྲིད་ཇུས་ལ་ཡང་བསྐྱར་བསྐོར་གྱིས་བགྲོ་གླེང་དང་ཉམས་ཞིབ་གནང་དགོས་པ་ནི་ཆེས་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་སེམས། བརྒྱུད་རིམ་དེ་ལྟ་བུའི་ཁྲོད་དུ་ང་ཚོའི་མི་མང་ཚོས་ཀྱང་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་གཞུང་གི་དགོངས་པ་དོན་དུ་འཁྱོལ་བ་ཞིག་ཏུ་འགྱུར་བར་འབད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེར་མཐོང་། དེ་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ལ་ྋགོང་ས་མཆོག་གིས་བོད་པའི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ། རིག་གཞུང་དེའི་རིན་ཐང་ལ་དཔག་པའི་བེད་སྤྱོད་ཡོད་པ་ཞིག་བྱེད་དགོས་པའི་དགོངས་པ་བཞེས་གནང་མཛད་ཀྱི་ཡོད་པ་ལྟར་རང་གཞུང་སྤྱི་དང་ལྷག་པར་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་སའི་ཚོགས་པ་ཁག་ནས་དམིགས་ཡུལ་ངེས་ཅན་ཞིག་དང་གསར་གཏོད་ཀྱི་རྣམ་པ་ཞིག་གི་ཐོག་ནས་བོད་ཀྱི་རིག་གཞུང་ཁག་གི་ངོ་བོ་དང་། ཁྱད་ཆོས། རིན་ཐང་། རིག་པའི་རྒྱབ་ལྗོངས་སོགས་རང་གཞན་གཉིས་ལ་གང་ཡོང་ཅི་ཡོང་གིས་བེད་སྤྱོད་ཡོད་པ་ཞིག་བྱེད་དགོས་པ་ནི་དུས་ཚོད་ཀྱི་འགྱུར་འགྲོས་དང་མིའི་རྣམ་དཔྱོད་ཀྱི་ནུས་པ་ཐོན་ཐུབ་པའི་རིག་གཞུང་རྒྱུན་འཛིན་བྱེད་ཐབས་ཞིག་ཡིན། གང་ལགས་ཞེ་ན། ཇི་ཙམ་གྱིས་རིག་གཞུང་ཞིག་བེད་སྤྱོད་ཐུབ་པ་དེ་ཙམ་གྱིས་རིག་གཞུང་དེར་ཞིབ་འཇུག་དང་དོ་སྣང་བྱེད་མཁན་མང་དུ་ཡོང་ངེས་ཡིན། དཔེར་ན། བཟོ་གྲྭའི་ནང་གི་དངོས་པོ་ག་གེ་མོ་ཞིག་སྤུས་ཀ་ཅི་འདྲ་ཡང་ཁྲོམ་གཞུང་དུ་དངོས་སུ་མཐོང་རྒྱུ་མེད་ན་དེ་ལ་ཆ་འཇོག་བྱེད་མཁན་ཆེས་དཀོན་པ་ལྟ་བུ་རེད། མ་ཟད་བོད་ཀྱི་ནང་ཆོས་ལ་ཆ་བཞག་ན་གློ་བུར་དུ་བྱུང་བ་ཞིག་མིན་པར་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ནས་རྒྱ་གར་དང་བོད་ཀྱིས་གཙོས་ཨེ་ཤི་ཡའི་ནང་དུ་དར་ཁྱབ་གང་འཚམ་བྱུང་ཡོད་ནའང་ད་ལྟ་ལྟ་བུའི་ཁྱབ་ཚད་དང་གདེང་འཇོག་ཐོབ་བསམ་པ་སུས་ཀྱང་བློ་ཡུལ་ལ་འཁོར་མེད་པར་སྙམ། ཡིན་ནའང་། རིག་གཞུང་རང་གི་རིན་ཐང་དང་ྋམགོན་པོ་གང་གི་མཁྱེན་བརྩེའི་ནུས་ཤུགས་ལ་བརྟེན་ནས་ད་ཆ་བོད་ཀྱི་ནང་ཆོས་ཀྱི་རིན་ཐང་ནི་འཛམ་གླིང་ཡངས་པོར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད། ལྷག་པར་དུ་ཚན་རིག་པ་དང་ནང་ཆོས་དབར་གྱི་བགྲོ་གླེང་གནང་བ་སོགས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡ་གྱལ་དུ་འགྱུར་བའི་ནང་ཆོས་ནི་དུས་རབས་ཉེར་གཅིག་པའི་མཁས་པ་རྣམས་ཀྱི་དོ་སྣང་གནང་ཡུལ་དུ་གྱུར་བ་དང་དེ་དང་ཕྱོགས་མཚུངས་རིག་གནས་གཞན་ཚོ་ཡང་རིམ་པས་འཛམ་གླིང་མི་མང་གིས་གདེང་འཇོག་ཐོབ་པའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་།


   དེ་དང་འདྲ་བར་ཁྱིམ་ཚང་ཞིག་གམ་སློབ་གྲྭ་གང་ཡིན་རུང་གིས་བུ་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཐུབ་ཙམ་མ་ཡིན་པར་ཚུལ་མཐུན་གྱི་སློབ་གསོ་ཞིག་གི་ཐོག་ནས་འཚར་བཞིན་པའི་ན་གཞོན་ཚོའི་རྒྱུད་ལ་རང་རང་གི་དགའ་ཕྱོགས་དང་དགོས་དམིགས་ལ་གཞིགས་པའི་སྲ་བརྟན་གྱི་དམིགས་ཡུལ་ཞིག་རྒྱུན་འཇགས་ཡོང་བ་བྱེད་དགོས་ལ་ཁོང་ཚོའི་མོས་པ་དང་། འཇོན་ཐང་། བློ་རིག་སོགས་ལ་དཔགས་པའི་མི་ཚེའི་འགྲོ་ལམ་ཞིག་གདམས་གསེས་ཡོད་པ་བྱེད་དགོས་པ་མ་ཟད། མདུན་ལམ་དེ་དག་དོན་འཁྱོལ་ཡོང་བར་ཕྱོགས་གང་ས་ནས་ནུས་པ་འདོན་དགོས་པ་ནི་སློབ་གསོ་སྤྲོད་མཁན་གྱི་གཡོལ་ཐབས་བྲལ་བའི་ལས་འགན་ཞིག་ཡིན། དེ་འདྲའི་སློབ་གསོ་ཞིག་གི་འོག་བུ་ཕྲུག་ག་གེ་མོ་ཞིག་སྲོལ་རྒྱུན་རིག་གནས་ལ་ཉམས་ལེན་གྱི་འདོད་པ་ཡོད་ན་ཕ་མ་དང་དགེ་རྒན་ཚོས་ཁོང་ཚོར་སེམས་ཤུགས་འཕར་མ་ཞིག་སྤྲོད་དགོས་པ་ལས་སྲོལ་རྒྱུན་རིག་གནས་ལ་ཕུགས་མདུན་མེད་པའི་སློབ་གསོ་སྤེལ་ན་ཁོང་ཚོ་ངེས་པར་དུ་འགྲོ་འདོད་པའི་གནས་ཞིག་ལ་སླེབས་པ་ཉུང་ཉུང་ཡིན་པ་གསལ་པོ་རེད། དེ་འདྲའི་གནས་སྟངས་ཐོག་ཕ་མ་དང་དགེ་རྒན་ཚོས་ཐ་ན་རང་གི་ཉིན་རེའི་འཚོ་བའི་བྱེད་སྒོ་ཞིག་ལ་འགྱུར་བ་གཏོང་དགོས་པ་བྱུང་ཡང་དེ་ལ་འགྱོད་པ་མེད་པའི་ལྟ་བ་ཞིག་བཟུང་ཐུབ་ན་འབྱུང་འགྱུར་ལོ་འགའ་ཤས་ནང་བོད་པའི་སྤྱི་ཚོགས་ཧྲིལ་པོའི་ཁྲོད་དུ་སྲོལ་རྒྱུན་རིག་གནས་ལ་ཞེན་པ་ཆེ་བའི་མི་རབས་གསར་པ་གང་མང་ཞིག་བསྐྱེད་བསྲིངས་ཐུབ་རྒྱུ་ཡིན་པར་ངས་ཚིག་བསྡོམས་བྱེད་ཐུབ། མ་ཟད་ཕ་མ་དང་དགེ་རྒན་རང་ཉིད་ཡིན་ནའང་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ཞིག་ཡོད་པ་ཞིག་བྱུང་ན་ཡར་ཐོག་ཡར་བརྩེགས་ཀྱི་རྣམ་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ང་ཚོའི་མྱོང་བས་གྲུབ་ཐུབ།


མདོར་ན། ཡོད་ཚད་མི་སྒེར་ཞིག་ལ་ཐུག་ཡོད་དུས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངེས་པ་རྙེད་པའི་ཐོག་ནས་རྒྱུད་འཛིན་དང་དར་སྤེལ་སྲུང་སྐྱོབ་བྱེད་རྒྱུ་ནི་རིག་གཞུང་གི་རིན་ཐང་དང་ངོ་བོ་ཐོག་ནས་གལ་ཆེན་ཡིན་ལ་མི་རིགས་དེའི་ཆབ་སྲིད་དང་འཛམ་གླིང་ཧྲིལ་པོའི་འགྱུར་འགྲོས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་ཞིག་ཡིན།


༼ ༣ ༽

འཚར་བཞིན་པའི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་འཛིན་པའི་ལྟ་བ་དང་ལས་འགན།   

   སྐབས་རེ་བོད་མིའི་སྤྱི་ཚོགས་ནང་དོ་སྣང་བྱེད་དུས་འཚར་བཞིན་པའི་ན་གཞོན་ཚོའི་ཁྲོད་དུ་སྲོལ་རྒྱུན་རིག་གནས་ལ་འཛིན་པའི་ལྟ་བ་གུ་ཡངས་མེད་པའི་རྣམ་པ་མངོན་ཞིང་། ཐ་ན་སྲོལ་རྒྱུན་རིག་གནས་ནི་ཆོས་ལུགས་རྨོངས་དད་ཙམ་ཡིན་པར་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད། ཕྱོགས་གཅིག་ནས་བསམ་ན། དུས་ཀྱི་འགྱུར་བ་དབང་བཙན་པས་ཁོང་ཚོ་ལ་ལན་པ་མེད་པ་ལྟ་བུར་སྣང་ཡང་ཕྱོགས་གཞན་ནས་བཤད་ན་ཁོང་ཚོས་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་དང་རིན་ཐང་སོགས་ཀྱི་ཐོག་ལ་རྒྱུས་ལོན་བྱེད་པའི་དུས་ཚོད་ཆུ་ཚོད་གཅིག་ཀྱང་འགྲོ་གྲོན་མ་བཏང་བར་ཚིག་ཙམ་གྱིས་བསྡོམས་རྒྱག་པ་ནི་ཧམ་པ་ཆེས་སོང་བ་མ་ཡིན་ནམ། དེས་ན་དེ་འདྲའི་ན་གཞོན་ཚོས་འཆར་གཞི་དང་ལྡན་པའི་སྒོ་ནས་དུས་ཚོད་ཡོད་ཚད་ལ་དྲ་རྒྱ་དང་དཔེ་དེབ་བལྟ་ཀློག་དེ་མིན་མཁས་པ་ཚོའི་མདུན་ནས་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ལོན་དགོས་པ་དང་། དེ་དང་ཕྱོགས་མཚུངས་སྲོལ་རྒྱུན་རིག་གནས་ལ་མོས་པ་དང་གོམས་འདྲིས་ཡོད་མཁན་ཚོས་ཀྱང་བག་འཁུམས་སུ་མི་གནས་པར་རིག་གཞུང་ཁོ་ནའི་ཐོག་དྲ་རྒྱ་བསྐྲུན་ཐབས་དང་བགྲོ་གླེང་། རྩོམ་ཡིག་འགྲན་བསྡུར། དཔེ་དེབ་འབྲི་རྒྱུ་སོགས་སྤྱི་ཚོགས་ཧྲིལ་པོར་སྲོལ་རྒྱུན་རིག་གནས་ཀྱི་བཀོལ་སྤྱོད་ཡོད་པ་ཞིག་བྱེད་ཐུབ་ན་ང་ཚོ་སླེབས་ས་ཞིག་ཏུ་སླེབས་ངེས་ཡིན། ལྷག་པར་ང་ཚོས་ཤེས་དགོས་པ་ཞིག་ལ་བོད་ནང་དུ་རྒྱའི་སྲིད་ཇུས་ཇི་ཙམ་དབང་བཙན་ཡང་དེ་ཙམ་གྱི་བློ་སྟོབས་ཆེ་བའི་བོད་མི་ཚོས་དམིགས་ཡུལ་དང་དགོས་པ་ངེས་ཅན་ཞིག་ལ་དམིགས་ནས་སེམས་ཤུགས་འཕར་མ་ཞིག་བསྐྱེད་དགོས། གང་ལྟར་ང་ཚོས་རང་དབང་ལུང་པར་རང་དབང་གི་ཐོག་ནས་རིག་གཞུང་རྒྱུན་འཛིན་གྱི་གོ་སྐབས་དམ་འཛིན་བྱེད་དགོས་པ་ནི་གཡོལ་དུ་མེད་པའི་ང་ཚོའི་ལས་འགན་ཡིན་ལ་གཞིས་ལུས་སྤུན་ཟླ་རྣམས་ཀྱི་ཐུགས་རེ་ཡང་ཡིན།


མཇུག་བསྡུའི་གཏམ།

ྋཔཎ་ཆེན་རིན་པོ་ཆེས། "མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ཁྲོད་རང་རེའི་མེས་པོ་རྣམས་ཀྱིས་ཀྱང་འོད་སྟོང་འབར་བའི་བསམ་བློ་དང་། དངོས་པོའི་དཔལ་ཡོན་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པས་ང་ཚོ་བོད་རིགས་སློབ་མ་རྣམས་ཀྱིས་ཀྱང་ངེས་པར་དུ་མི་རིགས་ཀྱི་ལོ་རྒྱུས་དང་། རིག་གཞུང་གཅེས་འཛིན་བྱེད་དགོས།" ཞེས་བཀའ་གནང་བ་བཞིན་བོད་མི་ཡོངས་ལ་འདུ་ཤེས་དེ་ལྟ་བུ་ཞིག་དགོས་པ་གལ་ཆེར་མཐོང་ལགས།

མཚམས་འདིར་ངེས་པར་དུ་བརྗོད་དགོས་པ་ལ་རྩོམ་ཡིག་འདི་ནི་སྲོལ་རྒྱུན་རིག་གནས་ལ་ཆེད་སྦྱངས་མཁས་པ་ཞིག་གིས་སྤེལ་བ་མིན་ལ། རྩོམ་ཡིག་འབྲི་སྦྱང་ལ་ཉམས་མྱོང་དང་གོམས་འདྲིས་སུ་སོང་བ་ཞིག་གིས་ཀྱང་མིན་པར་མི་དཀྱུས་མ་ཞིག་གིས་རང་གི་མྱོང་བ་བརྗོད་པའི་ཟིན་ཐོ་ལྟ་བུ་ཡིན་པས་བྲིས་རྩོམ་འདི་ལ་རྩོམ་ཡིག་ཞིག་ལ་དགོས་ངེས་པའི་ཆ་རྐྱེན་གང་མང་ཞིག་མི་ལྡན་པ་ངེས་པ་ཡིན་པས་ཤེས་ཡོན་ཅན་དང་ཉམས་མྱོང་ཅན་རྣམས་ཀྱིས་འབྱུང་འགྱུར་གྱི་ཁ་ཕྱོགས་ལ་དམིགས་པའི་ལམ་སྟོན་གནང་སྐྱོང་ཡོང་བ་ལ་སྐོམ་པ་ཆུ་འདོད་ལྟར་རེ་བ་བྱེད་བཞིན་ཡོད།། །།



 

མཐའ་མའི་འདོན་ཐེངས་།: 09.05.2016 ཉིན། 9:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།