སྨན་རྩིས་དྲ་བ། - ཆེད་རྩོམ།

སྲིན་ནད་ཡ་མའི་བཅོས་བསྡུས་དོན་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.07.2023
ཆེད་རྩོམ། >>


༄༅། །སྲིན་ནད་ཡ་མའི་བཅོས་བསྡུས་དོན་གསུམ་པ།

དེའུ་དམར་བསྟན་འཛིན་ཕུན་ཚོགས།

 

ཨོཾ་ཨ་ཐཱ། སྨན་བླ་རིགས་གསུམ་མགོན་ལ་ཕྱག་བགྱིས་ནས། །སྲིན་ནད་ཡ་མའི་བཅོས་ཐབས་མདོར་བསྡུས་བྲི། །དེ་ལ་རྒྱུ་མཚན་རྟགས་དང་བཅོས་ཐབས་གསུམ།།

            རྒྱུ་ནི་གཉན་ཡིན་མཚན་ཉིད་ཕྱི་ནང་བར། །གསུམ་ལས་གཟུགས་ཅན་གཟུགས་མེད་གཉིས་སུ་ཡོད། །གཟུགས་མེད་ནད་ཡིན་གཟུགས་ཅན་སྲིན་བུ་སྟེ། །གཉིས་ཀའི་སྣ་འདྲེན་གདོན་ཡིན་བསྡོངས་ཟླའི་གྲོགས། །ཡང་ན་ཚ་བ་ཡང་ན་གྲང་བའི་ནད། །ཕྱི་གནས་ལྷོག་པ་སྤུན་དགུ་སྲིང་མོ་གཉིས། །གཟུགས་ཅན་ཡིན་ལ་ནང་གནས་ཀླད་གཟེར་སོགས། །ཁོང་ལྷོག་སྤུན་དགུ་གཟུགས་མེད་ཡིན་པར་བཤད། །བར་གནས་གག་པ་རིགས་དྲུག་གཟུགས་མེད་དེ། །ཡ་མ་དཀར་ནག་ཁྲ་གསུམ་གཟུགས་ཅན་ཡིན། །དེ་ལྟར་ཕྱི་ནང་ལྷོག་རིགས་བཅོ་བརྒྱད་དང་། །གག་དྲུག་ཡ་གསུམ་བསྡོམས་པས་ཉི་ཤུ་བདུན། །སྔ་མ་ཉེར་བཞི་འདིར་མན་ལོགས་སུ་གསལ།།

            སྐབས་འདིར་ཕྱི་མ་སྲིན་གྱི་དབྱེ་རྟགས་བཅོས། །གསུམ་ལས་དང་པོ་ཡ་མ་ཞེས་པ་ནི། །གཤིན་རྗེའི་མིང་སྟེ་དོན་ལ་སྲིན་རྒོད་ཡིན། །སྤྱིར་ནི་མི་ལུས་འདོམ་གང་གྲུ་བཞི་ལ། །སྲིན་བུའི་གྲོང་ཁྱེར་ཉི་ཁྲི་ཆིག་སྟོང་དང་། །བརྒྱད་ཅུ་ལ་སོགས་ཡོད་པར་བཤད་ནའང་། །རྣམ་པར་མ་གྱུར་ཚེ་ན་ལུས་འཚོ་བྱེད། །གྱུར་ཚེ་འཇིག་བྱེད་དེ་ཡང་གདུག་པའི་རིགས། །གསོད་པར་བྱེད་པའི་སྲིན་བུ་དཀར་ནག་ཁྲ། །སྔོ་སེར་ལྔ་ལས་ནང་རིགས་སོ་སོར་ནི། །དཀར་པོ་དུང་འདྲ་རླུང་སྲིན་དེར་རིགས་བཞི། །ཉེ་རྒྱུ་སེར་པོ་མཁྲིས་སྲིན་ལ་རིགས་དྲུག །སྔོན་པོ་སྦྲུལ་འདྲ་བད་སྲིན་ལ་རིགས་བདུན། །ནག་པོ་རྐང་གཅིག་ཁྲག་སྲིན་ལ་རིགས་ལྔ། །ཁྲ་བོ་སྡོམ་འདྲ་འདུས་པའི་རྩ་སྲིན་གསུམ། །སྐྱ་བོ་ཆུ་སེར་སྲིན་ལ་རིགས་བཞི་དང་། །ཡ་མ་དཀར་ནག་ཁྲ་གསུམ་བཅས་པ་ལ། །གསོད་བྱེད་སུམ་ཅུ་རྩ་གཉིས་ཞེས་སུ་འབོད།།

            དེ་ལས་བསྡུས་པ་གནོད་པ་སྐྱེལ་བྱེད་བཅུ། །ཁ་ལེབ་གྲུ་གུ་ལོང་གི་སྲིན་དང་གཅིག །སྨུག་པོ་སྦྲུལ་འདྲ་ཕོ་བའི་སྲིན་དང་གཉིས། །སྐྱ་སྤུན་སོ་དང་ཡན་ལག་སྲིན་དང་གསུམ། །སེར་པོ་ཉེ་རྒྱུ་མཁྲིས་པའི་སྲིན་དང་བཞི། །ཀེང་རུས་མཇིང་བསྣོལ་རུས་པའི་སྲིན་དང་ལྔ། །ཡ་མ་འཁོར་བ་མིག་གི་སྲིན་དང་དྲུག །དཀར་པོ་མཆུ་རྣོན་ཀླད་པ་མྱག་དང་བདུན། །མཚོན་ཆའི་མཆུ་ཅན་རྒྱུ་མའི་སྲིན་དང་བརྒྱད། །མ་ར་ཙེ་ཞེས་མངལ་གྱི་སྲིན་དང་དགུ། །གཅིག་རྒྱུག་མདའ་འཕེན་ལུས་ཀུན་ཁྱབ་སྟེ་བཅུའོ།།

            དེ་ལས་བསྡུས་པ་སྲིན་བུ་བདུན་ཡོད་པ། །འགུ་ཡ་ནག་པོ་སོ་ལ་གནས་པ་དང་། །བཙན་བྱ་སེར་པོ་མིག་ལ་གནས་པ་དང་། །རྐང་གཅིག་པ་ནི་སོ་ལ་གནས་པ་དང་། །རྐང་གཉིས་པ་ནི་ཀུན་ཏུ་རྒྱུག་པ་དང་། །རྐང་གསུམ་པ་ཡིས་གློ་སྙིང་འབིགས་པ་དང་། །དམར་པོ་སྦྲུལ་འདྲ་མཆིན་པར་རྒྱུ་བ་དང་།།

            སླར་ཡང་བསྡུ་བས་སྲིན་བཞི་ཞེས་བྱ་བ། །ཀུན་རྒྱུགས་རྩ་ལ་གནས་པའི་སྲིན་དང་གཅིག །གྲོལ་མ་ཁོང་དུ་གནས་ཤིང་ཁྲོ་དང་གཉིས། །སྟོད་སྲིན་ཡན་ལག་ལ་གནས་སྲིན་དང་གསུམ། །ཡ་མ་མགོ་ལ་གནས་དང་བཞི་ཡིན་ནོ།།

ཤིན་ཏུ་བསྡུས་པ་སྲོག་གཅོད་བྱེད་པོ་གསུམ། །ལོང་སྲིན་ཁ་ལེབ་གྲུ་གུ་ཁོང་པའི་བདུད། །ཀླད་སྲིན་དཀར་པོ་མཆུ་རྣོན་མགོ་ཡི་གཤེད། །གཅིག་རྒྱུག་མདའ་འཕེན་ལུས་ཀུན་ཁྱབ་པའི་བདུད། །དེ་སོགས་དབྱེ་བ་རྣམ་གྲངས་བཤད་མང་ཡང་། །རླུང་མཁྲིས་བད་ཀན་འདུས་པ་ཁྲག་དང་ལྔར། །མ་གྱུར་མེད་ཅིང་ཚ་གྲང་གཉིས་སུ་འདུས། །

གཉིས་པ་ནད་ངོས་བརྟག་པར་བྱ་བ་ལ། །གནས་ཚུལ་གཉིས་ལས་དང་པོ་ན་བའི་གནས། །རྣ་བའི་གོང་གི་གྱེན་སོར་གསུམ་བཙལ་དང་། །དཔྲལ་སྐྲ་མཚམས་ནས་སོར་བཞི་གྱེན་བཙལ་དང་། །སྤྱི་གཙུག་འདི་གསུམ་ཡ་མའི་འཁོར་ས་ཡིན། །ཟ་འགྲམ་གཡས་གཡོན་ལྟག་པའི་སྡུད་སྒོ་དང་། །མཚོག་མ་བཞི་པོ་ཡ་མའི་ཚད་བཞི་ཡིན། །སྨིན་མཚམས་རྒྱབ་ཚིགས་བདུན་པ་རྐང་པ་ཡི། །སྒྱིད་ཁུང་འདི་བཞི་ཡ་མའི་གབ་ཁུང་སྟེ། །འདི་དག་ནའམ་མ་ངེས་བརྡབ་རྨས་ངན། །ན་བ་སྲིན་དུ་བརྗོད་ཀྱང་ན་ཚུལ་ནི། །སློང་རྐྱེན་ན་ལུགས་གཉིས་ལས་སློང་བྱེད་རྐྱེན། །མངར་གསུམ་རུལ་སུངས་རི་དྭགས་ཕག་ཤ་ཟོས། །བརྡབ་བརྡུང་རྡོ་དབྱུག་མཚོན་ཕོག་རྨས་འགྲམས་འཁྲུགས། །གྲིབ་གདོན་མི་གཙང་ཟས་གོས་མགྲོན་གྱིས་སློང་། །ན་ལུགས་གཅིག་ཏུ་མ་ངེས་ཚ་ཚག་རྒྱུག །ཟུག་གཟེར་དྲག་པོ་བཟོད་མེད་འཕར་བ་དང་། །གཟེར་ཚ་གཡའ་སྐྲངས་འབྲུམ་པ་རེངས་འཁུམས་སོགས། །མ་ངེས་གང་ཡང་ས་བདག་འབྲས་ལྷོག་དང་། །ན་ལུགས་འདྲ་བའི་ནོར་འཕྲང་ཡོད་པར་བྱེད། །མགོ་ལུས་ཡན་ལག་དབང་པོ་དོན་སྣོད་དང་། །ཕྱི་ནང་རྩ་རྒྱུས་རུས་པ་ཤ་ལྤགས་སོགས། །རྨ་ཅན་རྨ་མེད་སྐྲངས་རྣག་ཡོད་དང་མེད། །གང་ཡང་འབྱུང་བ་པོ་ཡི་མིང་དུ་འབོད། །དེར་ཡང་ཚ་གྲང་འདུས་པའི་རང་རྟགས་སྟོན། །ཟས་སྤྱོད་ཚ་བས་ཕོག་ལྡང་ཚ་སྲིན་ཏེ། །དོན་ལ་ཁྲག་དང་མཁྲིས་པར་ལྡན་པའོ། །ཟས་སྤྱོད་གྲང་བས་ཕོག་ལྡང་གྲང་སྲིན་ཏེ། །དོན་ལ་ཆུ་སེར་ནད་དང་བད་ཀན་ལྡན། །ཚ་གྲང་གཉིས་ཀས་གནོད་དང་མ་ངེས་ན། །འདུས་པ་ཡིན་འདི་རླུང་གདོན་ཀུན་ལ་བསྡོངས། །གནས་གང་འུབ་རིལ་ན་བ་ཡ་མ་དང་། །ཕྱེད་པ་ན་བར་སྲིན་ཞེས་ཐ་སྙད་མཛད།།

            དེ་དག་སྤྱི་ཡི་རྟགས་ཡིན་བྱེ་བྲག་ནི། །མགོ་བོ་མི་ཐེག་འཁོར་འཐོམས་ལྕི་བ་དང་། །གཟེར་ཟུག་རབ་དྲག་མགོ་འབུག་རྣ་བུག་གཟེར། །ཀླད་པ་ཚ་གཟེར་གང་ཡང་མགོ་སྲིན་ཡིན། །མིག་དམར་མཆིལ་མ་མང་ངམ་དེ་ལས་ལྡོག །ཚ་གཡའ་རྩུབ་ཚག་གྲ་མ་ཡོད་སྙམ་དང་། །ཟུག་འཁྱུག་འབྲུམ་ཕྲན་འབྱུང་ལ་ལིང་ཐོག་མོད། །མིག་གི་སྲིན་ཡིན་ཤས་ཆེར་ཁྲག་ལས་གྱུར། །མགོ་སྲིན་ཤས་ཆེ་ཁྲག་དང་རླུང་གིས་བསྐྱེད། །ཆང་དང་དྲོད་ཀྱིས་གནོད་ཁྲག་ཕན་ན་རླུང་། །དེས་ཀྱང་མ་འབྱེད་ནས་དང་བྲ་བོའི་ཟན། །ཚྭ་མར་བཏབ་པའི་དྲོད་དུགས་ཀྱིས་དཀྲིས་བཞག །གནོད་ཁྲག་མ་གནོད་པའམ་ཕན་ན་རླུང་། །སྐེ་དང་ཨོག་མར་གཟེར་སྐྲངས་དེ་རྟོགས་སླ། །ལུས་སྐྲངས་སྔངས་ཐབས་ལུ་ལ་གློ་ཚ་འཁྲུགས། །ལུད་པ་ངེས་མེད་གློ་སྲིན་ཡིན་པར་འདོད། །སྙིང་གཟེར་ཚ་འབྲབ་མི་དགའ་ཚིག་པ་ཟ། །བརྗེད་ངས་བརྒྱལ་འབོག་སྨྱོ་ན་སྙིང་གི་སྲིན། །ཁྲག་གི་རྟར་ཞོན་ཕྱི་ནང་ཀུན་ཏུ་རྒྱུག །མཆིན་པ་ཚ་གཟེར་རོད་ངན་མིག་མི་གསལ། །ལུས་ནང་བར་ཚ་མཆིན་པའི་སྲིན་འབུར་ངེས། །རུས་སྲིན་རུས་གཟེར་ཚིགས་དང་ཆུ་རྒྱུས་གཟེར། །རེངས་སམ་འཁུམས་པ་འཇའ་བྱེད་ན་ཟུག་ཆེ། །ཡན་ལག་རེངས་འཁུམས་གཞོན་ཕྱེད་ཞ་སོགས་འབྱུང་། །སྟོང་སྐྱུགས་བྱེད་ཅིང་དུགས་ཐབས་ན་བ་དང་། །མི་སྦོས་མི་འཁྲོག་ཀྱུང་ཀྱུང་ན་བ་དང་། །ཞོ་འཐུང་ཚིལ་ཟས་ཟོས་རྗེས་གཡའ་ཞིང་གཟེར། །ཕོ་ལོང་གནས་སུ་སྲིན་ནད་ཡོད་པ་ཡིན། །སྲིན་དེ་ཁྲོས་ན་ཕོ་བ་གྲིས་དཀྲུག་འདྲ། །གཟེར་འཁྱུག་ཅི་བྱ་གཏོལ་མེད་ངུ་འཁེན་འགྲེ། །ཕོ་ལོང་གཡོན་ངོས་གཟེར་ལ་ཚ་རུབ་བྱེད། །གྲོལ་མ་ཞེས་བྱ་སྲིན་ཐོར་གླང་ཐབས་ཡིན། །རྒྱུ་མ་གཟེར་འཁྲོག་སྦོ་ཡང་འབབ་རྒྱུ་མེད། །ཚ་འཁྱུགས་མེ་སྟག་ཡར་སྙམ་རྒྱུ་མའི་སྲིན། །བཤང་བ་སྲི་བླུགས་གཞང་གཟེར་ཟ་ཞིང་ཁོལ། །མི་བཟོད་འཕྲུག་ཚེ་ཁྲག་དང་ཆུ་སེར་འབྱུང་། །བརྩེ་ཞིང་ཟ་པས་བཟོད་པའི་གླགས་མི་རྙེད། །གཞང་ཁ་སྐྲངས་དང་འཕྲུག་ཚེ་སྲིན་གྱི་འབུ། །སྤུ་ཙམ་ཡང་ཡང་འབྱུང་ཡང་ཟད་མི་ཤེས། །སྡོད་ས་མི་ནོན་གཞང་སྲིན་ཡིན་པར་ངེས། །ཟླ་གསུམ་ཚུན་ཆད་ལྟེ་འོག་ལྡང་དུབ་བྱེད། །སྒྲ་བཅས་འཁྲོག་ཅིང་ལྟེ་སྐོར་དམར་པོ་འབྱུང་། །རྒྱུ་མར་སྲིན་ཡོད་ལྟེ་སྲིན་ཞེས་ཀྱང་བྱ། །ཆུ་ཁ་ཚ་གཡའ་རྒྱུ་ཞབས་ཚ་གཟེར་ལྡང་། །དྲི་ཆུ་ཁྲག་ཏུ་འབབ་ན་ལྒང་བའི་སྲིན། །བུད་མེད་ཚབས་ནད་ཅན་ལ་ཁྱད་པར་དུ། །རྒྱུ་ཞབས་ཚ་འབྲབ་ཟླ་མཚན་སྲིའམ་འབྱམས། །ཁྲག་རྣག་ཆུ་སེར་ཤ་ཁུ་མ་ངེས་འབབ། །མཚན་མ་སྐྲངས་ཤིང་ཟ་ལ་འཕྲུག་བཟོད་བྲལ། །ཆགས་པ་ཆེ་ཞིང་སྤྱད་ན་བག་རེ་བདེ། །འཕྲུག་པས་ཁྲོས་ན་གླང་ཐབས་ལྟ་བུར་གཟེར། །མངལ་སྲིན་ཞེས་བྱ་ཁྲག་ལས་གྱུར་ཤས་ཆེ།།

གསུམ་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་སྨན་རྩ་བ་གཅིག་དང་ཡན་ལག་ལྔ། །རྩ་བ་ལང་ཐང་རྩེ་དང་ཁ་ཤོག་པ། །ཝ་ཏ་ཐང་ཤོག་སྒོག་སྐྱ་བྱི་ཏང་ཀ །གླ་རྩི་མུ་ཟི་གླ་སྒང་མ་རུ་རྩེ། །སྙི་བ་སྲིན་ཤིང་ཕུར་མོང་དཀར་ནག་དམར། །དབྱར་ལྡུམ་དགུན་འབུ་གུ་གུལ་སོ་མ་ར། །ཤ་བ་ཡུ་མོའི་རྒྱུ་མ་དྭ་བའི་རྩ། །བྱེའུ་ཤིང་རྟའི་ཤ་དང་ཀླད་པ་སྟེ། །རྩ་བ་ཉི་ཤུ་ཡན་ལག་ཁ་བསྒྱུར་ནི། །རླུང་ལ་ཛཱ་ཏི་ཤིང་ཀུན་བུ་རམ་སྦྱར། །གྲང་སྲིན་རྒྱ་ཚ་ཤུ་དག་ཚ་བ་གསུམ། །ཁྲག་སྲིན་ཧོང་ལེན་སྐྱུ་རུ་བ་ཤ་ཀ །ཚ་སྲིན་སྤྱི་ལ་ག་པུར་ཅུ་གང་དང་། །ཀ་ར་སྦྱར་ཞིང་གཉན་སྲིན་ཁྱུང་ལྔ་བསྟེན། །སྲིན་ནད་རིགས་ཀུན་བྱ་བརྒྱ་འུར་གཅིག་གིས། །འདེད་བྱེད་འདི་ལ་རཀྵ་རྒྱས་འདེབས་ཟེར། །གྲང་སྲིན་སྦྲང་དང་ཁྲག་སྲིན་ལོ་བརྒྱད་ཆུས། །རྟ་བྱས་སྲན་མ་ཙམ་བྱས་ཐུན་སྟོབས་བསྟུན།།

བྱེ་བྲག་བཅོས་ཐབས་དབྱུང་གསོད་རྣམ་པ་གཉིས། །མགོ་སོགས་ནང་གནས་ཀུན་དང་རྨ་སྲིན་རྣམས། །ཕལ་ཆེར་དབྱུང་བར་བཤད་ཀྱང་སྐབས་དང་སྦྱར། །མགོ་སྲིན་ནང་གནས་ཁ་རྣ་སྣ་བུག་ནས། །དུད་པའི་ལྕགས་ཀྱུས་དབྱུང་བའི་མན་ངག་ནི། །སྣོད་ནག་སུམ་གཉིས་བཀང་བའི་དག་བྱེད་དབུས། །སྲིན་གྱི་ཤེ་ལ་དཀར་པོ་གསུམ་འཛོམས་ཐོད། །སྲིན་སྒྱེད་ཞུགས་སུ་བཞག་ལ་སྟེགས་བུའི་སྟེང་། །ར་ཡི་ལུས་ཟུངས་བཞི་པས་རྡ་རྡུ་ར། །སྤྲུ་འབྲུའི་ཕ་ལ་ཆ་མཉམ་སྦྲུས་པའི་ཟན། །ཅོ་གའི་སྒོང་ཙམ་ད་ཧ་ཐ་བྱས་པའི། །བླ་རུ་འདེག་རྒྱུའི་ལམ་ནས་གྱེན་འཕུལ་བའི། །རྒྱུ་བར་འོས་པའི་ལམ་བཀང་ཡུན་བསྲིང་མཐར། །དབྱིབས་ལ་བལྟས་པས་རྒྱ་མཚོ་རཀྵ་རྐྱལ། །མང་ཉུང་སྲིན་གྱི་རིགས་ཡིན་གཞན་མ་ངེས། །ཁ་ལེབ་གྲུ་གུ་ཞིག་ན་ཟད་མཐའ་མེད། །ཤིན་ཏུ་མང་བའི་རིགས་ཡིན་ཐོན་ཚོད་བདེ། །གཟུགས་མེད་ཐོན་པ་མེད་ཀྱང་བདེ་བ་སྟེར།།

མགོ་ཡི་ཕྱིར་གནས་བཅོས་པའི་མན་ངག་ནི། །གོང་གི་སྤྱི་སྨན་སྟེང་དུ་ཏིག་ཏ་དང་། །གཡའ་ཀྱི་ཨ་འབྲས་མི་ཐོད་བིལ་བ་དང་། །འབྲུག་རུས་རྡོ་ཀླད་འབྲུག་ཀླད་ལུག་མིག་པ། །བསྡེབས་པར་ཚབས་ཆེ་གཉན་ནད་ཁྱུང་ལྔ་བསྣན། །ཡང་ན་དབྲལ་ཏེ་མངོན་སུམ་དབྱུང་བར་བྱ། །མགོ་ནད་ཕྱི་ཚད་ཆེ་ཞིང་འཁྱུག་ཆེ་ན། །སྐྲ་གཞར་བག་ཟན་སྦྱོར་ལ་གྲི་ལྟག་ཙམ། །ཁྱབ་པར་བྱུག་སྟེང་རས་དཀྲིས་བྲོས་ལམ་དགག །ཞག་གཅིག་བཞག་ལ་ནངས་པར་ཉི་མཐོང་དུས། །ཤིག་ཤིག་འགུལ་ཞིང་འཁྱུག་དེ་བརྟོལ་ལ་འདོན། །འཕར་རྩ་འདུག་ན་མེས་བསྡམ་གདུག་ཅན་བྱུག །ཡང་ན་ལང་ཐང་རྩེ་དང་ཁ་འདར་མའི། །མཆིན་པ་སྦྱར་ལ་ཕྱི་ནས་ཁྱབ་བྱུག་ཕན།།

ཡང་ན་གདུག་པ་ཅན་གྱི་བྱུག་པ་ནི། །བཙན་དུག་ལ་སོགས་དུག་སྣ་འཚོགས་ཚད་དང་། །ན་ལེ་ཤམ་སོགས་དྲོད་སྨན་འཚོགས་ཚད་དང་། །བྱི་ཏང་ཀ་སོགས་སྲིན་སྨན་གང་འཚོགས་རྣམས། །ཞིབ་བཏགས་གླུམ་ཉེར་སྦྱར་ལ་ལན་ཚྭ་བཏབ། །མགོ་ལ་གོང་བཞིན་བྱུགས་ལ་ཞག་གསུམ་ཚུན། །གྲོད་པས་བཏུམ་ཞིང་ཚབས་དང་སྦྱར་ལ་བཏང་། །ཕྱི་ལ་གནས་པའི་རུས་ནད་པགས་ནད་སེལ། །བར་གྱི་རྩ་ནད་རུས་ནད་གཏིང་ནས་འདོན། །ནང་གི་ཀླད་ནད་མཐའ་དག་དྲུངས་ནས་འབྱིན། །རྗེས་ལ་རུས་སྣའི་ཁུ་བ་གླུམ་ཉེ་ལ། །བུ་རམ་བཏབ་པའི་བཅུད་ལུམས་བྱ་བ་གཅེས།།

མགོ་རྩི་བྱ་ཐབས་ཀླད་པར་འབྲུག་རུས་བཏབ། །བཙོས་ལ་ཤིང་ཀུན་ཆུ་གྲང་ལ་སྦྱངས་པ། །པི་ལིང་སྒ་དང་ཟི་ར་དཀར་པོའི་ཕྱེ། །བསྲེས་དཀྲུགས་ཆང་དང་མར་སྦྱར་ཟ་དུས་བཏག །བསྐོལ་ཏེ་བསྟེན་པས་མགོ་འཁོར་མཚོ་འཁྱོམས་འཇོམས། །སྤྱི་གཙུག་སྡུད་ཁུང་རྒྱུ་ཞབས་མེ་ཡིས་བསྣན།།

མིག་གི་སྲིན་ལ་བྱི་ཏང་ལང་ཐང་རྩེ། །མ་རུ་རྩེ་དང་སྒོག་སྐྱ་ཤིང་ཀུན་དང་། །སེ་བའི་མེ་ཏོག་དཀར་པོ་མ་གི་ཏ། །རྒྱ་ཡི་མུ་ཟི་དེ་རྣམས་ཞིབ་བཏགས་ལ། །ཤ་རློན་ལ་བྱུགས་མི་སྟེང་ཁེབས་པར་གླན། །དེ་སྟེང་དར་རས་དཀྲིས་མས་ཞག་གཅིག་བསྡམ། །ཁོང་དུ་གོང་གི་སྤྱི་སྨན་བསྟེན་པར་བསྔགས། །ནངས་པར་བླངས་པས་ཤ་ལ་སྲིན་ཀུན་འབྱར། །དེ་རྗེས་མྱང་རྩི་བཅས་པའི་སྐྱེར་ཁཎ་བྱུགས། །དེ་རྗེས་རྩབ་ཤིང་ཁུ་བས་ནངས་མ་འགའ། །བཀྲུས་པས་ཕྱིས་མི་ལྡོག་པའི་དགོས་པ་ཡོད། །འགྲམ་པ་ལྐོག་མ་མགོ་ཕྱེད་ན་བ་ལ། །ཕལ་ཆེར་སྐྱུག་བྱ་དེ་ཡང་བྱི་ཏང་ཀ །ལང་ཐང་མ་རུ་སྲིན་དུག་གུ་གུལ་ནག །ཀྱི་ལྕེ་བ་དང་སྤང་སྤོས་བྱ་ཏྲ་སྦྱར། །དེ་རྗེས་སྐྱུག་དྲངས་མོད་ལ་བདེ་བ་སྟེར།།

སྟོད་ཀྱི་ཡ་མ་དབྱུང་རུང་ཕལ་ཆེར་གཅོད། །ཤིང་ཀུན་སྒོག་སྐྱ་ཤ་རྩི་ལ་སོགས་པ། །སྒོག་རིགས་གང་འཚོགས་འཛིན་པ་བྱི་ཏང་ཀ །རྒྱ་གར་མུ་ཟི་ལང་ཐང་མ་རུ་རྩེ། །སླེ་ཏྲེས་སོ་མ་རཱ་ཛ་སྤང་སྤོས་དང་། །ཤིང་ཀུན་སྐྱེར་ཤུན་ཕུར་མོང་མ་གི་ཏ། །ཚ་བ་གསུམ་རྣམས་ཆག་ཚེ་བུ་རམ་དང་། །གླུམ་ཉེར་སྦྱར་བ་ཁོང་བཏང་སྟོད་སྲིན་འཇོམས།།

བར་སྲིན་མཆིན་བབས་སྲིན་གྱི་སྤྱི་སྨན་སྟེང་། །གི་ཝང་གུར་གུམ་ཨུཏྤལ་བ་ཤ་ཀ །བྲག་ཞུན་ཧོང་ལེན་མཛོ་མོ་བསྡེབ་པས་འཇོམས།།

སྨད་སྲིན་དབྱུང་དང་བསད་པ་གཉིས་ཀས་ཕན། །གོང་བཞིན་དུད་པས་དབྱུང་དང་ཁོང་སྨན་གྱིས། །དབྱུང་བ་གཉིས་ཡིན་ཁྱད་པར་དབྱུང་བྱ་གསུམ། །མཆིན་མཁྲིས་ཕོ་བར་ལྷུང་དང་ལོང་གི་སྲིན། །ཕོ་བར་འཚང་དང་གཤག་ལེབ་ལོང་བབས་དབྱུང་། །བད་སྲིན་གཏིང་ནས་ལྡང་ཚེ་དུགས་ཐབས་ལྡང་། །དེ་དུས་སྔོན་ལ་གསོན་སྦྱོང་བྱ་བ་ནི། །དུར་བྱིད་སྤྱང་ཚེར་རེ་ལྕག་མི་ཤ་རྣམས། །གོང་གི་སྨན་རྣམས་མར་དང་སྦྱར་ལ་འཕུལ། །བདུད་རྩི་ལྔ་དང་སྲིན་སྨན་འཚོགས་ཚད་རྣམས། །རྫ་མ་ཞབས་བརྟོལ་བུག་པའི་འོག་ཏུ་བསྲེགས། །བརྡོལ་ཁར་འདམ་གྱི་མཚམས་སྦྱར་ནི་རུ་ཧའི། །ཡེའུ་སྦུབས་སྤྲད་པའི་སོར་བཞི་འཕོངས་སུ་བཅུག །དུ་བ་མ་ཤོར་མ་འགུལ་ལུས་བདེ་བར། །སྤྱི་བོར་རླངས་པ་མ་བྱུང་བར་དུ་བདུག །དེ་རྗེས་སྒོག་པ་ཤུན་ཕྲལ་ཕུལ་དོ་ཙམ། །ཞིབ་བཏགས་སྲིན་སྨན་དང་བཅས་ཡར་འོར་སྦྱར། །སྐྱོ་མ་ཕུལ་བཞི་བྱས་ལ་འཐུང་དུ་གཞུག །དུད་པས་གསོས་ལ་ཁོང་བཏང་སྨན་གྱིས་འཕུལ། །མཐོ་གང་ནས་བཟུང་འདོམ་པ་ལྔ་དྲུག་སོགས། །རིང་ཐུང་མ་ངེས་པ་དང་མང་ཉུང་ཡང་། །གཅིག་གཉིས་སོགས་ནས་ཡ་མ་དཀར་ནག་ཁྲ། །ཕུལ་བཞི་ཙམ་ཚུན་འབྱུང་ཞིང་གཤག་ལེབ་སྲིན། །ཕུང་པོར་འོང་སོགས་གང་ཡོང་མ་རྫོགས་བར། །མྱུར་དུ་མ་བྱུང་མགོ་སོགས་དོན་པ་ན། །མངར་གསུམ་བཏབ་པའི་འོ་མ་དྲོད་འཇམ་དུ། །གང་བྱུང་ནུབ་པར་བྱས་པས་སྲིན་བུ་དེ། །དམུ་རྒོད་གཟན་གྱིས་བྲིད་ནས་དབབ་པ་ལས། །བཙན་འཐེན་བྱས་ན་མི་དེ་སྲོག་དང་བྲལ། །ཁ་ལེབ་གྲུ་གུ་ཞིག་པའི་སྲིན་ཡིན་ན། །དཀར་ལེབ་ཚིགས་ཅན་འདོམ་པ་ལྔ་དྲུག་ཙམ། །འཐོན་ཡང་ཡར་ལ་སྐྱུག་དང་མར་ལ་བཙིར། །དལ་བུས་མ་གཏོགས་དྲག་པོར་འཕུལ་འཐེན་སྤང་། །དེ་ནས་རི་རྒོད་མགོའི་སར་དོང་དུ་སྦས། །སྲིན་དེ་ས་བདག་བསྡོངས་པའི་སྲིན་ཡིན་ཕྱིར། །ས་སྟེང་ཉེ་བའི་ཆར་ནི་འཇོག་མི་བྱ། །ཡན་ལག་རུས་ཚིགས་པགས་པ་རེངས་འཁུམས་དང་། །ཞ་གྲུམ་སྒུར་པོ་རྡོལ་ཚོགས་འཁྱོར་ལ་སོགས་པ། །དབྱུང་བར་མི་ཐུབ་གདོན་དང་སྡོང་བས་ལན། །ལར་ནི་སྲིན་བརྒྱད་འདི་དག་གང་བྱེད་ཀྱང་། །སྔོན་དུ་བགེགས་སྐྲད་དབང་དང་རིམ་གྲོ་གཟབ། །ཁྱད་པར་ཀླུ་དང་ས་བདག་བཅོས་པ་གནད། །ཐང་ཕྲོ་རྩ་བ་ལོ་བཙན་འཐིང་པོ་སྤོད། །སྦང་མར་བསྲེས་པས་ཞག་གསུམ་ལུམས་བྱ་ཞིང་། །བསད་ཐབས་སྨན་བསྟེན་གང་འོས་གང་རྒྱས་གཏར། །ནས་ཆག་བྲེ་གསུམ་ནང་དུ་རུས་རྙིང་རིགས། །གང་མང་བཏབ་བསྲེས་སྤོད་དང་དྲོད་སྨན་བཏབ། །སྲིན་སྨན་གདའ་ཚོགས་དག་ཀྱང་དེ་བཞིན་བསྲེས། །དོང་ནང་སོལ་མེ་བླུགས་ཁར་རྫ་དེ་བཙུགས། །མེ་ལྕེ་སྟེང་མི་འོང་བར་འདམ་གྱིས་དགག །རྫ་མའི་ཁ་དེ་དོང་ལས་མཐོ་གང་མཐོ། །དེ་ཁར་ཤིང་དྲལ་བཀོད་དེ་སླེའུའི་སྟེང་། །ནད་པའི་ན་ས་དེར་གཏར་ཉལ་བྱས་ལ། །མ་སྲུབ་པར་བྱས་གོས་དྲོན་དུ་མས་བཀབ། །འོག་ཏུ་སྦུད་ཁུང་བཞག་ནས་སྦུད་པས་འབུད། །རླངས་པ་མ་ཤོར་ཡང་ཡང་རྔུལ་བར་བྱ། །སྐབས་སུ་ཉི་མའི་དྲོད་ལ་ནད་པ་ཕྱུང་། །རྔུལ་ཕྱིས་ལུས་པོ་མ་གྲང་སླར་ཡང་བསྐྱར། །ཞག་གཅིག་ལ་སོགས་ཚབས་བསྟུན་དེ་ཁོ་ན། །ཟབ་ཟིང་ཁ་ཟས་ཆག་ཚེ་གླུམ་དང་ནི། །བུ་རམ་མར་རྙིང་སྒོག་སྐྱར་ཞུན་སྦྱར་སྤོད། །བཏབ་པ་བསྟེན་པའི་རླུང་བཅོས་བྱ་བ་དང་། །ཟན་དྲོན་ཆང་གི་བཟའ་བཏུང་རན་ཚོད་བསྟེན། །ཞུན་མར་སྨན་དང་སྦྱར་བས་བསྐུ་མཉེ་བྱ། །

མངལ་སྲིན་གོང་བཤད་འགུལ་སྨན་དུ་བཀུས་ཕན། །ཡང་ན་སྲིན་སྨན་སྦྱར་བའི་མཁས་ཁྲུས་བྱ། །མངལ་སྲིན་ཁྲོས་ན་བྱི་ཏང་མ་རུ་རྩེ། །ལང་ཐང་ཝ་ཁུར་སྦྱར་བའི་རིལ་བུ་ནི། །སྲན་མ་ཙམ་བཅུག་རྗེས་ལ་སྙོམས་འཇུག་བྱ། །དེ་ལས་གཞན་པའི་བཅོས་ཐབས་མེད་ཅེས་གསུངས། །

ཕོ་ལོང་སྲིན་ཁྲོས་གྲོལ་མ་གླང་ཐབས་ལ། །ཁྱུང་ལྔ་བྱི་ཏང་ལང་ཐང་མ་རུ་རྩེ། །སོ་མ་རཱ་ཛ་སྒོག་སྐྱ་ཀོ་བྱི་ལ། །རེ་རལ་བྱི་རུག་པ་དང་ཕུར་ནག་དང་། །དཔའ་བོ་དཀར་པོ་ཆིག་ཐུབ་སྦྱར་བ་ཡི། །གནམ་ལྕགས་བྱ་ཁྱུང་བཅོ་ལྔ་ཟིལ་ཐོན་ཙམ། །བསྟེན་འདིས་འཕྲལ་དུ་སྲོག་སྦྱིན་བདེ་བ་སྟེར། ། 

སྲིན་ནད་བཤལ་བའི་གདམ་པ་བཤད་པ་ནི། །གླ་བ་གུ་གུལ་ཤུ་དག་ག་པུར་དང་། །ར་ཡི་ཆུ་སྦྱར་ཕྱི་ཡི་ཤ་ལྤགས་སྲིན། །མ་ལུས་བཀྲུ་བས་དག་བྱེད་ངོ་མཚར་ཆེ། །བྱི་ཏང་ལང་ཐང་མ་རུ་ཤིང་ཀུན་དང་། །སྒོག་སྐྱ་ཝ་ཏ་ཚྭ་སྣ་ལྕུམ་རྩའི་ཁུས། །རྟ་བྱས་བཏང་བས་ཕོ་ལོང་རྒྱུ་མའི་སྲིན། །དོན་སྣོད་གྲོལ་སྲིན་ལ་སོགས་སྦྱོང་བར་བྱེད། །དབྱུང་ཐབས་ལ་སོགས་དཔྱད་རྣམས་གང་ལ་ཡང་། །དབེན་པ་བསྟེན་དང་འགྲུལ་བཞུད་གདོན་འཛེམ་དང་། །ཟས་སྤྱོད་ལ་སོགས་གཞུང་བཞིན་ཉམས་སུ་ལོངས། །སྣོད་ལྡན་སྙན་དུ་བརྒྱུད་པའི་སྲོལ་ཡིན་ཡང་། །ཟབ་པའི་གདམ་པ་འདི་ཉིད་ནུབ་དོགས་པས། །ཡི་གེར་བྲིས་ཀྱང་ཤིན་ཏུ་གསང་བ་གནད། །མ་གསང་བསྟན་ན་བཀའ་འགལ་ཉམས་གྱུར་ཏེ། །སྲུང་མ་སྡེ་དགུས་སྲོག་ལ་རོལ་པར་གཏད། །སྲིན་གྱི་གྲོང་ཁྱེར་བཤིག་ནས་བྱུང་བ་ཡི། །རྣམ་སྨིན་དགོན་སྡེ་བརླག་དང་ཁྱད་པར་མེད། །དེ་ཕྱིར་ཀུན་ལ་གསང་ཤིག་ས་མ་ཡ། །ཞེས་པ་སྨན་འབངས་ཐ་ཆུང་བསྟན་ཕུན་པས། །བསྟན་འགྲོར་ཕན་པའི་སྐྱེས་ཆེན་ལ་ཕན་ཕྱིར། །ཁེ་ཉེས་རྩིས་འདེགས་བྱས་ནས་གསང་སྟེ་བྲིས། །དགེ་བས་བསྟན་པའི་ཞབས་ཏོག་འབྱུང་བ་དང་། །སྣོད་མིན་སྡིག་འབྱམས་ལག་ཏུ་མི་འགྲོ་བའི། །གསང་རྒྱ་གཡུང་དྲུང་མདུད་པ་མི་འཇིག་ཤོག། །།



མཐའ་མའི་འདོན་ཐེངས་།: 01.08.2023 ཉིན། 10:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།