སྨན་རྩིས་དྲ་བ། - ཆེད་རྩོམ།

སྨུག་པོ་གཉན་ཅན་དང་རྨ་ཅན་གྱི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.06.2023
ཆེད་རྩོམ། >>



༄༅།  །ཕོ་ནད་སྨུག་པོ་གཉན་ཅན་དང་རྨ་ཅན་བཅས་ཀྱི་ངོ་སྤྲོད་བཞུགས་སོ།།

སྨན་རམས་པ་བསྟན་འཛིན་ལྷ་སྒྲོན།



ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

ཞེས་མཆོད་པར་བརྗོད་ཅིང་སྐབས་དོན་རྩ་བའི་ས་བཅད་རྣམ་པ་བདུན་གྱི་སྒོ་ནས་ངོ་སྤྲོད་ཞུ་བར།

༡།   ཕོ་ནད་སྨུག་པོ་གཉན་ཅན་དང་རྨ་ཅན་གཉིས་ཀྱི་རྒྱུ་བསྟན་པ།

སྤྱིར་བད་ཀན་སྨུག་པོའི་ནད་གཞི་ལ་མིང་གི་རྣམ་གྲངས་འགའ་ཞིག་ཡོད་དེ།  ༡།  འདུས་པ་སྨུག་པོའི་ནད་དང་།  ༢།  འདུས་ནད།  ༣།  སྨུག་པོའི་ནད།  ༤།  འདུས་པའི་ནད་སོགས་འབོད་སྲོལ་ཡོད།  དེ་ཡང་ནད་སྐྱེད་བྱེད་ཀྱི་རྒྱུ་དངོས་ནི།  ཕོ་བའི་བད་ཀན་དང་།  མཆིན་པའི་ཁྲག  རྒྱུ་མའི་མཁྲིས་པ།  ལོང་གི་རླུང་བཅས་རྒྱུ་བཞི་འདུས་པའི་ཕྱིར་ན་འདུས་ནད་སྨུག་པོ་ཞེས་དེ་ལྟར་རྒྱུ་མིང་འབྲས་བུར་བཏགས་པ་ཞིག་ཡིན།

སྤྱིར་སྨུག་པོའི་ནད་ལ་གནས་དང་རིགས་ཀྱི་དབྱེ་བ་སོགས་མང་དུ་འབྱེད་ཡོད་ཀྱང་།  སྐབས་འདིར་བརྗོད་བྱ་གཙོ་བོ་ཕོ་ནད་སྨུག་པོ་གཉན་ཅན་དང་རྨ་ཅན་གཉིས་ནི།  ཐོག་མར་བད་ཀན་སྨུག་པོའི་ནད་ལྡང་སྐབས་སྨན་བཅོས་དུས་ཐོག་མ་བྱུང་བར་ལྷོད་ཡངས་སུ་སོང་ཞིང་མཐར་ཕོ་བ་དང་མིད་པ་རྒྱུ་ལོང་དམིགས་བསལ་རྒྱུ་སོར་བཅུ་གཉིས་ཀྱི་གནས་ཕལ་མོ་ཆེར་གཉན་ཁ་དང་རྨ་ངན་ཆགས་པ་ཞིག་ཡིན།  ནད་འདི་ལ་དུས་ཐོག་སྨན་བཅོས་བྱེད་ཚེ་དྲག་སྐྱེད་ཐུབ་པ་ཞིག་ཡིན་ཀྱང་།  དུས་ཐོག་སྨན་བཅོས་མ་གནང་བར་ལྷོད་ཡེངས་སུ་ཕྱིན་ནས་མཐར་ཕོ་བ་དང་མིད་པ་རྒྱུ་ལོང་བཅས་ཀྱི་གནས་སུ་འབྲས་སྐྲན་གྱི་ནད་གཞིར་འགྱུར་ཏེ་དུས་མིན་འཆི་རྐྱེན་བྱེད་བཞིན་པར་བརྟེན་ནད་ཅན་ཀུན་གྱིས་དུས་ཐོག་སྨན་བཅོས་དུས་ཡུན་རིང་ཙམ་བྱ་དགོས་པ་ཞིག་ཡིན།

༢།   ཕོ་ནད་སྨུག་པོའི་སློང་རྐྱེན་བསྟན་པ།

དུས་རྒྱུན་དུ་ཟས་ནང་སི་པན་དང་དྲོད་ཅན་གྱི་སྨན་སྣ་རིགས་མང་དྲགས་པ།  ཆང་རག་དང་ཞོ་སོགས་རྙིང་སྐྱུར་རིགས་མང་དུ་བསྟེན་དྲགས་པ།  བག་ལེབ་དང་ཀྲིང་མོག་སོགས་ཉིན་ཞག་སོང་བའི་ཁ་ཟས་མཁྲེགས་པོའི་རིགས་མང་དུ་ཟོས་པ།  ཤིང་འབྲས་ལེགས་པར་མ་སྨིན་པ་དང་གྲང་ཚལ་རྗེན་པ་སོགས་རྒྱུན་རིང་བསྟེན་པ།  གཞན་ཡང་ལམ་ཟུར་གྱི་ཟས་སྣོད་ལ་ཁེབས་གཅོད་མེད་པས་ཐལ་རྡུལ་དང་མོ་ཀྲའི་དུད་རླངས་སོགས་ཆགས་པའི་ཟས་རིགས་རྣམས་ཟོས་པ།  སྦྲང་འབུ་དང་དུག་སྦྲང་སོགས་ཀྱིས་འབག་བཙོག་བྱས་པའི་ཟས་རིགས་རྣམས་རྒྱུན་དུ་སྣང་མེད་དུ་བཟའ་བ།  གཞན་ཡང་འབྲས་དང་གྲོ་ཞིབ་ལས་བཟོས་པའི་ཟས་རིགས་གསར་པ་དང་།  སོས་པ་ལས་ལྡོག་པ་ཟས་རིགས་གྲང་མོ་དང་རྙིང་རུལ་འཇུ་དཀའ་བའི་རིགས་ཡུན་དུ་བསྟེན་དྲགས་པ།  ལྷག་པར་དུ་ཕོ་ཚད་ནད་གཞི་སྐབས་སུ་དུས་ཐོག་སྨན་བཅོས་མ་བྱས་པར་ལྷོད་ཡེངས་སུ་བཏང་བ།  ཉིན་རེའི་ལྟོ་དུས་གསུམ་པོ་དེ་མ་ཡིན་པར་མཚན་གུང་སོགས་དུས་མ་ཡིན་པ་ངེས་མེད་ལ་ཟས་མང་དུ་ཟོས་པ།  གཞན་ཡང་རྒྱུན་དུ་རང་ཉིད་ཀྱི་ཕོ་བའི་མེ་དྲོད་ཀྱི་སྟོབས་ལ་མ་ལྟ་བར་ཟས་མང་དུ་ཟོས་ཏེ་འགྲངས་དྲགས་པ།  ཕོ་བའི་ནང་དུ་ཆུ་སྐྱུར་མང་དུ་འཕེལ་དྲགས་པ།  གཞན་ཡང་སྐབས་རེ་རྡོ་སྣུམ་ལ་སོགས་ཕོ་བའི་རྩི་པགས་ལ་རྨ་རལ་འདོན་པར་བྱེད་པའི་རྫས་རིགས་ཁོང་དུ་སོང་བ་ལས་ནད་གཞི་འདིའི་སློང་རྐྱེན་བྱེད་བཞིན་ཡོད།

༣།   ཕོ་ནད་སྨུག་པོ་གཉན་ཅན་དང་རྨ་ཅན་གཉིས་ཀྱི་ནད་རྟགས།

སྤྱིའི་ནད་རྟགས་སུ་དུས་རྒྱུན་ཕོ་བར་ན་ཟུག་ཡང་ཡང་གཏོང་བ་དང་།  ཕོ་བ་དང་བྲང་ཁོག་ཏུ་ཚ་ཤར་ལངས་པ།  སྐབས་རེ་བྲང་ཚ་ཡང་ཡང་ལངས་པ།  ཟས་ཟོས་རྗེས་སུ་འཇུ་མི་ཐུབ་པར་སྒྲེགས་པ་རྒྱག་པ།  སྐབས་འགར་ཕོ་བར་ན་ཟུག་དྲག་ཏུ་གཏོང་བ།  ཆང་རག་འཐུང་བ་དང་།  ལུས་ཁམས་འཁྱགས་པ།  གནམ་གཤིས་འགྱུར་ལྡོག་བྱུང་བ་བཅས་ཀྱི་སྐབས་སུ་ནད་གཞི་ཇེ་སྡུག་ཏུ་འགྲོ་བ།  ཡང་ན་སྐབས་རེ་ཟུག་གཟེར་ཆེར་ལངས་ནས་ཁྲག་རུལ་དུད་ཁུ་ཅན་སྐྱུག་པ།  ནད་ཅན་དེ་ཉིད་ཀྱི་ལག་པའི་འཕར་རྩའི་རྒྱུ་བ་ནི་སྤྱིར་ནད་ཅན་མང་ཆེ་བར་རྩ་སྦོམ་ཁེངས་མངོན་པ་ལ་དམིགས་བསལ་ཀན་རྩ་གཉིས་ཞན་པར་འཕར་བ་དང་།  དྲི་ཆུའི་ཁ་དོག་ཕལ་ཆེར་དམར་སེར་དྭངས་པ་དང་།  ཡང་ནད་རྙིང་པའི་རིགས་ལ་ཁ་དོག་སྨུག་ལ་རྙོགས་ཤིང་ཤིན་ཏུ་དྲི་མ་དུགས་པ་སོགས་གཞུང་དུ་གསུངས་པ་ཇི་བཞིན་ཡོད།  ཁྱད་པར་དུ་ཆུ་སྐྱུར་མང་དུ་ལངས་པ་དང་།  ཁྲག་རུལ་དུད་ཁུ་སྐྱུག་པ།  བཤང་བ་སྐམ་ནག་ཤ་བའི་རིལ་མ་དང་འདྲ་བར་ཆགས་པ་དེ་ཕྱིར་འཐོན་དཀའ་བ་དང་།  ལྷག་པར་སྨུག་པོའི་གཉན་ཤས་གནས་གང་དུ་ཡོད་པ་དེར་ན་ཟུག་དྲག་ཏུ་གཏོང་བ་དང་།  གནས་དེར་རྨ་ནད་ཆགས་ཡོད་ཚེ་ན་ཟུག་དང་མཉམ་དུ་ཚ་ཤར་ཧ་ཅང་ཆེ་བ་ལྡང་།  མ་ཟད་སྐབས་རེ་སྨུག་པོའི་མཚོ་གྱེན་དུ་རྡོལ་ཏེ་ཞལ་ནས་ཁྲག་སྐྱུགས་པ།  དེ་བཞིན་སྨུག་པོ་ཐུར་དུ་རལ་ནས་ཁྲག་བཤང་བ་དང་མཉམ་དུ་བཤལ་བ་སོགས་ནི་ནད་གཞི་འདི་ཉིད་ཀྱི་མི་འགྱུར་བའི་ནད་རྟགས་གལ་ཆེའི་གྲས་ཤིག་ཡིན།  སྨུག་པོའི་རྨ་ནད་དེ་ཉིད་ཕལ་མོ་ཆེར་ཕོ་བ་རང་གི་ནང་དུ་དང་།  ཕོ་བའི་འཛུལ་སྒོ་དང་གུག་ཆུང་དུ་དོན་པ་དང་།  འགའ་ཤས་ལ་མིད་པ་དང་ཕོ་ཟུར།  དེ་བཞིན་འགའ་ཤས་ལ་རྒྱུ་ལོང་གི་གནས་སུ་རྨ་ནད་ཆགས་པ་སོགས་དེང་དུས་འཕྲུལ་ཆས་ལས་གསལ་པོར་མཐོང་ཐུབ་པ་མ་ཟད་ནད་པ་རང་ཉིད་ནས་ཀྱང་ཤེས་ཚོར་ཐུབ་པ་ཞིག་ཡིན།  ལྷག་པར་ལག་པས་ནད་པའི་ལྷེན་སྣའི་གཤམ་དཀྱིལ་དུ་གནོན་ཚེ་ན་ཟུག་དེ་གཞོགས་གཡོན་ངོས་སུ་ཡོད་པ་དང་།  ཁ་ཟས་ཟོས་པའི་རྗེས་སུ་གནས་དེ་ཉིད་དུ་ན་ཟུག་ཆེར་ལྡང་བ།  ཁྲག་དམར་དང་སྐབས་རེར་དུད་ཁུ་འདྲ་བ་ཡར་སྐྱུགས་པ།  ནད་ཤིན་ཏུ་རྙིང་པར་གྱུར་ན་ནི་བཤང་ལམ་ནས་ཐུར་དུ་ཁྲག་དམར་བཤལ་བ་ཡིན།  ཕོ་བའི་རྨ་ནད་དེ་ཉིད་ཕལ་ཆེར་རྒྱུ་སོར་བཅུ་གཉིས་ཀྱི་དུམ་བུ་སྟོད་དུ་འབྱུང་བ་དང་།  ཡང་ལྷེན་སྣའི་གཤམ་དཀྱིལ་ཐད་ནས་གནོན་སྐབས་གཞོགས་གཡས་ངོས་སུ་ཡོད་པ།  ལྟོ་ཆས་མ་ཟོས་པར་གྲོད་པ་ལྟོགས་པའི་དུས་སུ་ན་ཟུག་ཆེར་ལྡང་བ།  སྔ་དགོང་དུས་སུ་བཤང་བ་སྐམ་ལ་མདོག་ནག་ཅིང་རི་དྭགས་ཤ་བའི་རིལ་མ་དང་འདྲ་བ་འབབ་དཀའ་བས་ནད་ཅན་ཕལ་ཆེ་བར་ཉིན་གྲངས་གཉིས་གསུམ་ཙམ་མི་བབས་པར་བཤང་འགགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།  ཕོ་བ་དང་།  རྒྱུ་ལོང་གནས་སུ་སྦོས་བརྒྱངས་མངོན་གསལ་འབྱུང་བ་སོགས་ནད་རྟགས་རྣམས་ཡོད་ན་འཕྲལ་དུ་སྨན་ཁང་དུ་བསྐྱོད་དེ་སྨན་བཅོས་ཚུལ་བཞིན་བྱེད་རྒྱུ་གལ་ཆེ།  སྨན་པས་སློབ་སྟོན་གནང་བ་ལྟར་ཟས་སྤྱོད་སྤང་བླང་དུས་ཐོག་མ་བྱས་པར་ཉིན་ལྟར་གནས་སྐབས་འཚོ་བའི་ཆེད་དུ་དཔལ་འབྱོར་འདུ་འགོད་ཀྱིས་དངང་འཚབ་ཁོ་ནས་དུས་ཚོད་བསྐྱལ་བ་ཡིན་ན།  སྨུག་པོའི་ནད་གཞི་འདི་ཡུན་རིང་ལུས་པ་ལ་བརྟེན་ནས་གཉན་ཅན་རྨ་ནད་ཁྱབ་འཕེལ་དུ་ཕྱིན་ཏེ་ཕོ་བ་དང་རྒྱུ་ལོང་མིད་པ་སོགས་སུ་སྨུག་པོའི་རྨ་གཉན་རྐྱེན་གྱིས་ཁྲག་རྣག་དང་བཅས་ཏེ་ཁུང་བུ་རྡོལ་བ་དང་།  ཁྲག་འབོར་ཆེན་འཁྲུ་སྐྱུག་ངང་ཐ་མར་འབྲས་སྐྲན་གྱི་ནད་དུ་འགྱུར་བ་ཡིན།

༤།  ཕོ་ནད་སྨུག་པོར་ཕན་པའི་ཟས་རིགས་བསྟན་པ།

ནས་དང་གྲོ་འབྲས་སོགས་འབྲུ་རིགས་གསར་པ་མ་ཡིན་པའམ་སྐྱོན་ཅན་མ་ཡིན་པ་ལོ་ལོན་འབྲུ་རིགས་རྙིང་པའི་རིགས་དང་།  ལོ་འཁོར་པད་ཚལ།  སྲན་རིལ་སོགས་སྲན་མའི་རིགས།  པད་ཚལ།  འུ་སུའམ་ཡུལ་སྐད་དུ་བསོད་ནམས་དཔལ་འཛོམས་འབོད་པ་དེའི་འབྲུ་དང་ལོ་མ་གང་རུང་།  ཉུང་དམར་དང་ཉུང་རྩ་པད་ཚལ།  ལོ་ཀིའི་ཚལ།  སྒ་སེར།  ག་གོན་དང་སྒོག་རྫས་ཕོ་བ་རིས།  དབྱར་དགུན་དུས་སུ་བ་མཛོའི་དར་བ་སོས་པའི་རིགས།  སྟོན་དཔྱིད་སོགས་ཚ་བའི་དུས་སུ་ཆུ་ཁོལ་གྲང་རན་ཙམ་འཐུང་དགོས།  རྒྱུན་དུ་ཟས་ཟོས་རྗེས་སུ་ཆུ་སྐོལ་དྲོད་འཇམ་དང་རྨ་ནད་ཤས་ཆེའི་རིགས་ལ་ཆུ་བསྐོལ་གྲང་ཕོར་པ་གང་རེ་མཆོད་ན་ཕན།  གཞན་ཡང་སྐབས་རེར་ཉ་ཤ་དང་ཕག་ཤ་སོས་པ་ཕྲན་བུ་རེ་བཞེས་ན་ནད་གཞིའི་རྐྱེན་གྱིས་ལུས་ཟུངས་ཉམས་ཟད་དུ་སོང་བ་དག་གསོས་པ་དང་རྨ་ནད་ལའང་ཕན་པ།  མདོར་བསྡུས་ནས་བརྗོད་ན་རྒྱུན་དུ་ཟས་སྐོམ་གང་བསྟེན་ཀྱང་རང་ཉིད་ཀྱི་ཕོ་བའི་མེ་དྲོད་ཀྱི་སྟོབས་དང་རང་རང་གི་འབྱུང་ཁམས་དང་མཐུན་པར་རན་ཙམ་བསྟེན་པས་ཕོ་བ་དང་རྒྱུ་ལོང་སོགས་སུ་སྨུག་པོའི་རྨ་གཉན་ཡོད་ན་གང་མགྱོགས་དྲག་སྐྱེད་ཡོང་བ་དང་།  གལ་ཏེ་རྨ་གཉན་གྱི་ནད་གཞི་མེད་པ་ཡིན་ན་ནད་གཞི་སྔོན་འགོག་བྱེད་ཐུབ་པ་ཡིན་ནོ།།

༥།   ཕོ་ནད་སྨུག་པོར་ཕན་པའི་སྨན་བཅོས་བསྟན་པ།

སྨུག་པོའི་སྤྱི་སྨན་ནང་ནས་  ༡།  སྨུག་པོ་གཡུལ་རྒྱལ་དང་།  ༢།  གཡུ་རིལ་བཅུ་གསུམ།  ༣།  ཟླ་ཤེལ་སོ་བདུན།  ༤།  ཐང་ཆེན་ཉེར་ལྔ།  ༥།  གྲུབ་རིལ་ལམ་སྨན་གསུམ།  ༦།  རུ་རྟ་དྲུག་པའམ་སྨན་གཉིས།  ༧།  སྤྱི་འཇོམས་བདེ་བའི་མྱུ་གུ།  ༨།  ཟླ་ཤེལ་བདུད་རྩི་མ།  ༩།  རིན་ཆེན་བཙོ་བཀྲུ་ཟླ་ཤེལ།  ༡༠།  རིན་ཆེན་མང་སྦྱོར་ཆེན་མོ་སོགས་འབྲེལ་ཡོད་སྨན་སྦྱོར་ཁག་ནད་སྟོབས་ཆེ་ཆུང་དང་བསྟུན་ཏེ་བསྟེན་དགོས་ཤིང་།  དེ་ཡང་ཕོ་བ་དང་རྒྱུ་ལོང་གི་གནས་སུ་ཚ་ཤར་རྒྱག་པའི་སྐབས་སུ་དང་ཆུ་སྐྱུར་ལངས་པའི་དུས་སུ་ནི་སྨན་ཅོང་ཞི་དྲུག་པ་དང་སྨུག་པོ་གཡུལ་རྒྱལ་སྨན་གསུམ་སོགས་བསྟེན་ན་ཕན་ཆེ་བ་དང་།  སྨུག་པོའི་གནས་གང་རུང་དུ་སྦོས་བརྒྱངས་ཆེ་བའི་སྐབས་སུ་ཞི་རུ་དང་ཞི་བྱེད་དྲུག་པ།  ཞི་གསེར་དང་རུ་རྟ་དྲུག་པ་ལ་སོགས་པ་གང་འཕྲོད་བསྟེན་དགོས་པ་དང་།  སྨུག་པོའི་མཚོ་རྡོལ་ཏེ་གྱེན་དུ་སྐྱུག་པ་དང་ཐུར་དུ་ཁྲག་བཤལ་ཞིང་དེའི་སྐབས་སུ་རླུང་ཤས་ཀྱང་འཕེལ་རྟགས་གསལ་ཚེ།  སྤྱི་སྨན་ཁོང་ནས་ཟླ་ཤེལ་སོ་བདུན་དང་ཐང་ཆེན་ཉེར་ལྔ།  ཁྲག་གཅོད་གུར་བརྒྱད་དང་གུར་གུམ་བཅུ་གསུམ།  ཚངས་ལྷ་དང་ཨར་ཚེས་ཨར་ཀླུ་སོགས་གང་འཕྲོད་ནད་སྟོབས་དང་བསྟུན་ནས་གཏོང་དགོས།  སྐབས་རེར་སྨུག་པོའི་རྨ་གཉན་རྐྱེན་གྱིས་བྱེར་ཟུག་དང་དྲིལ་ཟུག་ཤེད་ཆེར་ལྡང་སྐབས་སུ་གཡུ་ཁྱུང་དང་།  གཡུ་ཁྱུང་དཀར་བསྣན།  རུ་དྲུག་ཁྱུང་བསྣན།  ཞི་དྲུག་ཁྱུང་བསྣན་སོགས་གང་འཕྲོད་གཏོང་དགོས།  སྐབས་རེ་སྨུག་པོའི་འགྱིངས་འདྲིལ་དང་བྱེར་བའི་རྟགས་འབྱུང་བ་དང་།  ན་ཟུག་ཤིན་ཏུ་ཆེ་བ་དང་ཟུངས་ཁྲག་འཁྲུ་སྐྱུག་དྲག་པོ་འབྱུང་བའི་དུས་སུ་གཡུ་གསང་དང་ཐང་ཆེན་ཉེར་ལྔ།  གུར་གུམ་བརྒྱད་པ་དང་ཙན་དན་བརྒྱད་པ།  ཙན་དན་བཅོ་བརྒྱད་སོགས་གང་རུང་གཏོང་དགོས།  དེ་བཞིན་རིན་ཆེན་བཙོ་བཀྲུ་ཟླ་ཤེལ་དང་།  རིན་ཆེན་མང་སྦྱོར་ཆེན་མོ།  རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་སོགས་གང་འཕྲོད་བཏང་བས་ཤིན་ཏུ་ཕན་ཆེར་སྣང་ངོ་།།

༦།   ཕོ་ནད་སྨུག་པོའི་ནད་རོ་གཙང་སེལ་ཆེད་དཔྱད་ཀྱི་བཅོས་ཐབས་བསྟན་པ།

སྨུག་པོའི་ནད་གཞི་གང་ཞིག་ཐོག་མར་གཉན་ཤས་ཅན་ཞིག་ཡིན་ཀྱང་སྨན་བཅོས་རྗེས་གཉན་ཤས་དང་ཚ་ཤས་སོགས་དྲག་སྐྱེད་བྱུང་རྗེས་ནད་རོ་གཙང་སེལ་བྱ་དགོས་རིགས་ལ་ཕོ་བའི་མི་འགྱུར་བའི་མདུན་གསང་དགུ་དང་།  རྒྱབ་ཀྱི་ཚིགས་པ་བཅུ་གཉིས་ཁ་གསུམ།  དགུ་པ་མཆིན་གསང་།  བཅུ་བདུན་པ་རྒྱུ་མའི་གསང་།  བཅུ་དྲུག་ལོང་གསང་བཅས་སུ་སྤྲ་མེ་དང་གསེར་ཏེལ་གང་འཕྲོད་རྒྱག་པ་དང་།  མེ་བཙའ་དངོས་སམ་རྟེན་འབྲེལ་མེ་བཙས་སོགས་ནད་པའི་ཟུངས་སྟོབས་དང་བསྟུན་ཏེ་བརྒྱབ་ན་སྨུག་པོའི་ནད་རོ་རྩད་ནས་བཅོས་ཐུབ་པ་ཡིན།  སྨུག་པོའི་རྨ་གཉན་ཚ་ཤས་ཆེ་བའི་རིགས་ལ་ནད་རོ་གཙང་སེལ་ཆེད་བཤལ་གཏོང་བ་དང་།  དཔྱད་བཅོས་སུ་སྣོད་ཀ་དང་རུ་ཐུང་གཏར་བ་སོགས་རྗེས་བཅོས་བྱ་དགོས་སོ།།

༧།   སྨུག་པོའི་ནད་གཞི་སྔོན་འགོག་བྱ་ཚུལ་བསྟན་པ།

སྤྱིར་གོང་དུ་གསལ་བའི་ཕོ་ནད་སྨུག་པོའི་སློང་རྐྱེན་དེ་དག་དུས་རྒྱུན་དུ་སྤང་བླང་ཚུལ་བཞིན་བྱ་དགོས་པ་གལ་ཆེ་ལ་སྔ་དྲོ་དང་།  ཉིན་གུང་།  དགོང་མོ་བཅས་ཀྱི་ཁ་ཟས་དུས་ཐོག་ལ་བཟའ་དགོས་པ་དང་།  འབྲས་དང་འབྲུ་རིགས་སྣ་ཚོགས་ལས་བཟོས་པའི་ཆང་རག་ཡུན་རིང་སོང་ཏེ་རོ་ཤིན་ཏུ་སྐྱུར་མོ་གྱུར་བའི་རིགས་དང་།  སོན་ལ་ཕུག་དང་སུར་པན་སོགས་བསྙལ་བའི་ཨ་ཅཱར་རམ་སྙལ་ཚལ།  ཞོ་རྙིང་པ་སྐྱུར་ཅན།  ཟས་སྐོམ་རོ་ཚ་སྐྱུར་ལ་རང་བཞིན་དྲོད་ཅན།  ཡང་ན་ངོ་བོ་ལྕི་བསིལ་རིགས་ཤས་ཆེར་བསྟེན་མི་རུང་།  བག་ལེབ་དང་།  ཀྲིང་མོག་རྙིང་པ།  གླང་ཤ་སྐམ་པོ་རྙིང་པ།  རྩམ་པ་ཧམ་རུལ་ཅན།  གཞན་ཡང་ཟས་མཁྲེགས་པོ་འཇུ་དཀའི་རིགས་དང་།  ཐལ་རྡུལ་དང་འབུ་སྲིན་དུག་རླངས་ལ་སོགས་ཕོག་པའི་ཟས་རིགས་དྲི་མ་ཅན་ཏེ་ཟས་བཙོག་པའི་རིགས་ནམ་ཡང་བཟའ་མི་རུང་བར་འཛེམ་དགོས་པ་གལ་ཆེན་པོ་ཡིན།  ལྷག་པར་དུ་བྱ་ཤ་དང་།  ལུག་ཤ་གཡག་ཤ་མ་ཧེའི་ཤ་སོགས་སྐམ་ཞིང་རྙིང་པའི་རིགས་རྣམས་བསྟེན་མི་དགོས་པ་གཙོ་བཟུང་བྱ་དགོས།  ལྕགས་ཀྲིན་ནང་བསྙལ་བའི་ཕག་ཤ་དང་གླང་ཤ་ལན་ཚྭ་འདེབས་པའི་ཟས་རིགས་རྣམས་དང་།  དྲོད་བཅུད་ཆེ་བའི་སྨན་སྣའི་གྲས་ཀྱིས་ཀྱང་ཕོ་ཚད་ནད་དུ་འགྱུར་བཞིན་ཡོད་ན་དེ་དག་མང་མ་དྲགས་པར་ཆ་སྙོམས་སུ་བསྟེན་རྒྱུ་གལ་ཆེ་བ་ཡིན།  གལ་ཏེ་ཕོ་བར་གཉན་ཚད་ཀྱི་ནད་འབྱུང་བ་དང་ཆུ་སྐྱུར་ཤས་ཆེར་ལངས་པ་སོགས་ཀྱི་སྐབས་སུ་སྣང་ཆུང་དང་ལྷོད་ཡངས་སུ་མ་བཏང་བར་སྐབས་འཕྲལ་སྨན་ཁང་དུ་སྨན་པར་བསྟེན་གཏུགས་ཀྱིས་སྨན་བཅོས་ཆ་ཚང་བྱ་དགོས།  སྨན་པས་ཀྱང་ནད་པ་སོ་སོའི་ནད་སྟོབས་ཆེ་ཆུང་ལ་གཞིགས་པའི་ཟས་སྤྱོད་སློབ་སྟོན་གང་དག་གནང་བ་ནད་ཅན་ངོས་ནས་སྤང་བླང་ཚུལ་མཐུན་ལག་བསྟར་ཐུབ་ཚེ་བཅོས་དཀའི་འབྲས་སྐྲན་ནད་གཞི་སོགས་སུ་མི་འགྱུར་བ་མ་ཟད་ནད་གཞི་གསོག་པའི་གནས་སྐབས་སམ་འགོ་འཛུགས་དུས་ཉིད་ནས་འགོ་གནོན་ནུས་པ་སོགས་སྔོན་འགོག་བྱེད་ཐུབ་པ་ཡིན་ནོ།།

སླར་སྨོན་པ། 

ཕོ་ནད་སྨུག་པོའི་རྨ་གཉན་རྒྱུ་རྐྱེན་དང་།།

དབྱེ་བ་རྟགས་དང་ཕན་ཟས་སྨན་དཔྱད་དང་།།

མི་འབྱུང་སྔོན་འགོག་བྱ་ཐབས་བཅས་པ་རྣམས།།

ཡོངས་རྫོགས་སྙིང་པོར་དྲིལ་ནས་བཀོད་པའི་དགེས།།

གངས་ཅན་མགོན་པོའི་སྐུ་ཚེ་རབ་བརྟན་ཅིང་།།

སྨན་རྩིས་བསྟན་པ་ཕྱོགས་དུས་ཀུན་དུ་རྒྱས།།

འཛམ་གླིང་ཀུན་དུ་དམག་འཁྲུག་མུ་གེ་དང་།།

འབྱུང་འཁྲུགས་ནད་རིམས་ཐམས་ཅད་མྱུར་ལྡོག་ཤོག

ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།།

འགྲོ་ཀུན་སྨན་རྒྱལ་གོ་འཕང་འཐོབ་ཕྱིར་བསྔོའོ།། །།


- འདི་ནི་ཕྱི་ལོ་ ༢༠༢༡ འགྲོ་ཕན་སྨན་རྩིས་ཁང་གི་སྨན་རྩིས་དུས་དེབ་འདོན་ཐེངས་བཅུ་གཉིས་པ་ནས་ཟུར་འདོན་ཞུས།






མཐའ་མའི་འདོན་ཐེངས་།: 27.06.2023 ཉིན། 10:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།