སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་སྦྱོར་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


སྨན་སྦྱོར་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།

སྨན་རྩིས་མཐོ་སློབ་ཁང་དང་གཅིག་མཚུངས་སྨན་སྦྱོར་སྡེ་ཚན་ནི་ཕྱི་ལོ་ ༡༩༦༡ ལོར་སྨན་རྩིས་ཁང་དབུ་བརྙེས་པ་དང་དུས་མཉམ་དུ་མགོ་འཛུགས་གནང་བར་ངོས་འཛིན་དགོས་ཤིང་། ད་ལྟའི་ཆར་སྨན་རྩིས་མཐོ་སློབ་ཁང་དང་སྨན་སྦྱོར་ཁང་གཉིས་སྨན་རྩིས་ཁང་གི་ཁྱབ་ཁོངས་ཀྱི་སྡེ་ཚན་བྱེ་བྲག་པ་མང་པོའི་ནང་ནས་གལ་ཆེ་ཤོས་གཉིས་ཡིན་པ་བཞིན་ཐོག་མར་གསར་འཛུགས་གནང་དུས་ནས་སློབ་ཕྲུག་ཚོར་གཞུང་བཤད་སློབ་ཁྲིད་བྱ་རྒྱུ་དང་ལག་ལེན་སྨན་སྦྱོར་བྱ་རྒྱུ་ནི་གལ་ཆེར་བརྩིས་ཏེ་མཉམ་དུ་དབུ་འཛུགས་གནང་ཡོད་ལ། སྤྱིར་སྨན་པ་ཞིག་གི་ལས་དོན་གྱི་ངོ་བོའི་ཐོག་ནས་ཀྱང་བྱ་བ་དེ་གཉིས་གལ་ཆེར་ཆགས་ཡོད། སྐབས་དེར་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་གིས་སྡེ་ཚན་འདིའི་འགན་འཛིན་གྱི་ལས་ཁུར་བཞེས་ཏེ་ ༡༩༦༡ ནས་ ༡༩༦༤ བར་ཁོང་དང་སློབ་ཕྲུག་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་གཉིས་བཅས་ནས་རྒྱུན་སྤྱོད་སྨན་སྣ་ཁ་ཤས་ལག་རྡུང་ཁོ་ནས་སྐུ་ངལ་ཚད་མེད་ཐོག་སྦྱོར་བཟོ་བྱས་ཏེ་སྨན་སྦྱིན་མགོ་བརྩམས་ཡོད། དེ་ཡང་ཁོང་ནས་སྨན་སྦྱིན་ཁང་གི་འཛིན་སྐྱོང་དང་། གསོལ་སྨན་སྡེབ་སྦྱོར། ནད་པར་བརྟག་དཔྱད། སྨན་སློབ་རྣམས་ལ་དཔེ་ཁྲིད་སོགས་ཀྱི་ལས་དོན་གཅིག་ལྕོགས་གནང་། ཁོང་གི་སྐབས་སུ་སྨན་སྣེ་གྲངས་སུམ་བཅུ་ནས་ལྔ་བཅུ་བར་སྦྱོར་བཟོ་གནང་ཐུབ་པ་བྱུང་ཡོད་པའི་ཞིབ་ཕྲ་དེབ་ཕྲེང་འདིའི་སྟོད་ཆར་གསལ།

ཕྱི་ལོ་ ༡༩༦༤ ལོར་མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས། ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ལྟར་རྡ་ས་སྨན་སྦྱིན་ཁང་དུ་གདན་ཞུས་ཀྱིས་སྨན་སྦྱོར་འགན་འཛིན་དུ་བསྐོ་བཞག་གནང་སྟེ་ཕྱི་ལོ་ ༡༩༦༤ ནས་ ༡༩༨༡ བར་ཁོང་གིས་འགན་འཛིན་གྱི་ཕྱག་ལས་གནང་། དམ་པ་དེ་ནི་སྨན་སྦྱོར་ལས་དོན་ཐད་ཡུན་རིང་གནང་བའི་ཉམས་མྱོང་ཡོད་པ་ཙམ་དུ་མ་ཟད། དོ་དམ་པ་དང་གཙང་སྤྲ་ལེགས་པ་སོགས་ཀུན་གྱི་ངག་རྒྱུན་དུ་གནས། སྐབས་དེར་སྨན་སྦྱིན་ཁང་དུ་གསོལ་སྨན་སྦྱོར་བཟོའི་མཐུན་རྐྱེན་དང་མི་འགྲོ་སོགས་ཀྱིས་ལྡང་མིན་ལ་བརྟེན། ལོ་ལྟར་སྟོན་དཔྱིད་མཚམས་སུ་སྨན་ལས་འགའ་བཅས་ཌལ་ཧོར་ཁུལ་དུ་སྨན་སྦྱོར་གནང་བར་བསྐྱོད་པ་དང་། དེར་སེ་འབྲས་དགའ་གསུམ་གྱི་གྲྭ་རྒྱུན་མང་པོ་ཡོད་པ་དེ་དག་ལ་རོགས་སྐུལ་ཞུས་པ་བཞིན་གྲྭ་རྒྱུན་རྣམས་ཀྱིས་ལག་ཤུགས་ཁོ་ནས་སྨན་རྣམས་རྡོ་གཏུན་ནང་རྡུང་རྒྱུ་དང་། རིལ་བུ་སྒྲིལ་རྒྱུ། སྐེམ་གསེད་བྱ་རྒྱུ་སོགས་ལ་རོགས་རམ་གང་མང་གནས་བས་སྨན་གྱི་ཕོན་འབོར་དང་སྣེ་གྲངས་མང་ཙམ་བཟོ་མགོ་ཚུགས། སྐབས་དེར་ད་དུང་དབྱར་དུས་འཆར་ཅན་སྨན་པ་དང་སྨན་སློབ་རྣམས་རྡ་སའི་གཡས་གཡོན་གྱི་རི་ཁུལ་དང་ཌལ་ཧོར་ཁུལ་སོགས་སུ་སྨན་འཐོག་ལ་འགྲོ་བཞིན་ཡོད་ལ། ཕྱི་ལོ་ ༡༩༦༥ ལོར་སྨན་སྦྱིན་སློབ་ཁང་བཙུགས་ནས་ལོ་ལྔ་འཁོར་མཚམས་ཡུལ་ཐང་དང་འཚམ་པའི་སྨན་རིན་གཏན་ཕབ་ཀྱིས་སྨན་ཡོན་བླངས་པས་འགྲོ་གྲོན་བྱུང་སོང་ཁ་འཐབ་བྱུང་བར་བརྟེན་སྔར་བཞིན་སྨན་རྒྱུའི་འགྲོ་གྲོན་སྐུ་སྒེར་ནས་ཞུ་མ་དགོས་པ་བྱུང་འདུག་པ་ནི་ཡར་རྒྱས་ཀྱི་རྣམ་པར་མངོན་ཡོད། ལོ་དེར་སྨན་སྦྱོར་སྡེ་ཚན་ནམ་ཚན་པ་ལོགས་སུ་ཟུར་འཛུགས་གནང་འདུག་ལ། ཕྱི་ལོ ༡༩༦༧ ལོར་སྨན་སྦྱིན་ཁང་དང་རྩིས་རིག་སློབ་ཁང་གཉིས་ཟླ་སྒྲིལ་གནང་སྟེ་ལྷ་ལྡན་སྨན་རྩིས་ཁང་གི་ཚབ་ཏུ་འཕགས་ཡུལ་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གནང་བའི་ལོ་དེར་སྨན་སྦྱོར་ཁང་གི་འགན་འཛིན་མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་དང་གསུང་སྒྱུར་ཞིག་བཅས་རྒྱ་གར་ཚེའི་རིག་བྱེད་སྨན་གྱི་བཟོ་གྲྭ་ (ཇོ་གནངྷ་ན་གར) ཞིག་ལ་རྟོགས་ཞིབ་ཏུ་ཕེབས་ཤིང་། དེ་གའི་གློག་ནུས་ལ་བརྟེན་པའི་སྨན་རྒྱུ་རྡུང་བྱེད་དང་། ལག་སྐོར་རིལ་སྒྲིལ་འཕྲུལ་ཆས་ལ་གཟིགས་རྟོགས་དང་འདྲི་རྩད་བྱུང་རྗེས། དེ་འཕྲལ་ཨམྲྀཏ་སཱར་ཡོད་པར་ཤེས་རྟོགས་ཀྱིས་དེར་ཆེད་བསྐྱོད་ཞུས་ཏེ་དེ་དང་ཆ་འདྲ་བའི་འཕྲུལ་ཆས་མངགས་ཉོ་གནང་བ་ལྟར་སྨན་སྦྱིན་ཁང་དུ་གསར་འཛུགས་ཐུབ་པ་བྱུང་། དེའི་སྔོན་དུ་སྨན་རྒྱུ་རྡུང་སྒྲིལ་སྐེམ་འཐག་སོགས་མིའི་ལག་ཤུགས་ཁོ་ན་ལ་བརྟེན་དགོས་ཀྱང་འགན་འཛིན་འདིའི་སྐབས་སུ་སྨན་རྒྱུ་རྡུང་བར་མིའི་ལག་ཤུགས་ཁོ་ན་ལ་བརྟེན་དགོས་པའི་དཀའ་ངལ་དེ་གང་འཚམས་སེལ་ཐུབ་པར་གྱུར། མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་ནི། སྨན་རྫས་འཚོལ་ཞིབ་དང་བཟོ་སྐྲུན་སོགས་ལ་འབད་བརྩོན་དང་ཞིབ་ཚགས་ཆེན་པོ་གནང་མཁན་ཞིག་ཡིན་པས་ལས་བྱེད་ཡོངས་ནས་བསྔགས་བརྗོད་གནང་བའི་ཡུལ་དུ་གྱུར།

ཕྱི་ལོ་ ༡༩༧༠ ལོ་ནས་བཟུང་སྨན་རྩིས་ཁང་འཛིན་སྐྱོང་གི་རྒྱབ་སྐྱོར་དང་སྨན་ལས་རྣམས་ཀྱིས་འབད་རྩོན་ལ་བརྟེན་རིམ་བཞིན་ཡར་རྒྱས་སོང་ཡོད་ལ། ཁྱད་པར་སྨན་སློབ་སྐབས་དང་པོ་སློབ་མཐར་ཕྱིན་རྗེས་སྨན་པའི་ལས་ཁུར་ཞུས་པས་བོད་པའི་གཞིས་སྒར་ཁ་ཤས་སུ་སྨན་ཁང་ཁག་ཅིག་རིམ་པས་བཙུགས་ཏེ་བོད་མི་དང་ཡུལ་མིའི་ནད་པ་རྣམས་ལ་ཕན་ཐོགས་མི་དམན་པ་བྱུང་བ་དང་། གསོལ་སྨན་ཡང་རྒྱུགས་ཆེ་རུ་སོང་བ་བཞིན་ཐོན་སྐྱེད་ཀྱང་ཆེ་རུ་ཕྱིན་ཡོད། སྤྱིར་ཡན་ལག་སྨན་ཁང་གང་མང་གསར་འཛུགས་བྱ་རྒྱུའི་རྒྱུ་རྐྱེན་གཙོ་བོ་ནི་སྨན་པ་ཚད་ལྡན་གང་མང་གསོ་སྐྱོང་དང་གསོལ་སྨན་ཚད་ལྡན་གང་མང་ཐོན་སྐྱེད་བྱ་རྒྱུ་གཉིས་ཡིན་པ་བཞིན་སྨན་རྩིས་མཐོ་སློབ་ནས་སྨན་པ་གང་མང་སྐྱེད་བསྲིངས་ཐུབ་པ་བྱུང་བ་དང་སྨན་སྦྱོར་ཁང་ནས་གསོལ་སྨན་བཟོ་སྦྱོར་ཐུབ་པ་བྱུང་བ་བཅས་ཡིན་ཞིང་། དེ་ལྟར་ཕྱོགས་ནས་ཡོངས་ཚད་ལྡན་ཡོང་ཐུབ་མིན་ནི་སྐབས་བབ་འགན་འཁུར་མི་སྣའི་ལྷག་བསམ་དང་ཤེས་འཇོན་ལ་རག་ལུས་ཡོད་པ་ཞིག་ཡིན་པ་བཞིན།

ཕྱི་ལོ་ ༡༩༨༠ ལོར་ ༧ སྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་བ་ནས་ཁོང་གིས་བརྟག་དཔྱད་སྨན་ཁང་དང་སློབ་ཁང་ཆེན་མོ། རྒྱ་བལ་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་དང་། བོད་མི་འདུས་སྡོད་གང་སར་ཡན་ལག་སྨན་ཁང་གང་མང་གསར་འཛུགས་གནང་། སྨན་སྦྱོར་ཁང་ལ་འཕྲུལ་ཆས་ཆེ་ཁག་ཐབས་འཚོལ་གནང་ནས་སྨན་སྦྱོར་གྱི་ནུས་ཤུགས་ཆེ་རུ་བཏང་བ་སོགས་སྨན་རྩིས་ཁང་ཁྱོན་ཡོངས་སུ་ཡར་རྒྱས་ཆེན་པོ་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༡༩༨༠ ལོར་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་བོད་ནས་འཕགས་ཡུལ་དུ་འབྱོར་ཏེ་ལོ་ཤས་རིང་སྨན་རྒྱུ་ཐབས་འཚོལ་ཆེད་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་ཕེབས་ནས་སྨན་རྒྱུ་མང་ཙམ་ཐབས་འཚོལ་བྱུང་བས་གསོལ་སྨན་བཟོ་སྐྲུན་ཕོན་འབོར་ཆེ་རུ་སོང་ཡོད། འོན་ཀྱང་སྐབས་དེར་སྨན་སྦྱོར་ཁང་སྨན་རྒྱུ་དང་བཟོས་ཟིན་གསོལ་སྨན་སོགས་ཀྱི་གྲངས་འབོར་ཁ་གསལ་མེད་པའི་དབང་གིས་ཇི་བཞིན་བཀོད་ཐབས་བྲལ་ཡང་ལོ་རེ་ནས་སྨན་རྒྱུའི་གྲངས་འབོར་སྨན་སྣེའི་ཁ་གྲངས་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཡོད་པ་ནི་དུས་ཀྱི་འགྱུར་དབང་གིས་ཟློག་ཏུ་མེད་པའི་ཆོས་ཉིད་ཅིག་རེད་ཅེས་བཤད་ཆོག།

སྨན་སྦྱོར་འགན་འཛིན་སྐབས་གསུམ་པ།  
ཕྱི་ལོ་ ༡༩༨༡ ལོར་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་བོད་ནས་འཕགས་ཡུལ་དུ་བྲོས་འབྱོར་བྱུང་ཞིང་། ཁོང་ནི་བོད་དུ་ལྷ་ལྡན་སྨན་རྩིས་ཁང་དུ་སྨན་སྦྱོར་གྱི་ཕྱག་ལས་ཡུན་རིང་གནང་བའི་སྨན་སྦྱོར་ཐད་ཕུལ་དུ་བྱུང་བའི་ཉམས་མྱོང་དང་ལག་རྩལ་མཁྱེན་རྒྱ་ཡོད་པ་ཡོངས་གྲགས་ལ་སོང་། འདི་ག་འབྱོར་མ་ཐག་རང་གཞུང་གིས་དམིགས་བཀུར་ཆེ་མཐོང་གནང་སྟེ་སྨན་སྦྱོར་ཁང་གི་འགན་འཛིན་དུ་བསྐོས། ཁོང་གིས་ ༡༩༨༡ ནས་ ༡༩༩༡ བར་ སྨན་སྦྱོར་འགན་འཛིན་གྱི་ལས་ཁུར་གནང་བའི་སྐབས་ལོ་རེ་བཞིན་སྨན་སྦྱོར་འགན་འཛིན་ཁོང་དང་། སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག འགན་འཛིན་ལས་རོགས་སྨན་པ་རྣམ་རྒྱལ་ཚེ་རིང་བཅས་ཀྱི་སྣེ་ཁྲིད་འོག་སྨན་སྦྱོར་ཁང་གི་སྨན་ལས་པ་དང་། མཐོ་སློབ་ཀྱི་སྨན་སློབ་སོགས་འཆར་ཅན་དྷ་སའི་ཉེ་འཁོར་དང་། མ་ནཱ་ལི་ཁུལ། འབྲས་ལྗོངས་ཀྱི་ལ་ཆེན་ལ་ཆུང་། ལྷོ་ཕྱོགས་སོགས་སུ་ཕེབས་ཏེ་སྨན་བཏོག་དང་།  རྒྱ་གར་གྲོང་གསེབ་ཁག ཕྱི་མི་ཚོང་བ་རྣམས་ཀྱི་ལག་ཏུ་སྨན་སྣ་མང་པོ་ཉོ་བ་སོགས་སྨན་རྒྱུ་མཁོ་སྒྲུབ་ལོ་རེ་བཞིན་རྒྱུན་སྐྱོང་གནང་སྟེ་སྔར་ལས་སྨན་རྒྱུ་མཁོ་སྒྲུབ་དང་ཐོན་སྐྱེད་ཐད་ནུས་པ་ཤུགས་ཆེར་བྱུང་བ་མ་ཟད་། ཁོང་ནི་ལས་དོན་གང་ལ་རུ་ངར་བ་དང་ལས་བྱེད་རྣམས་དབང་དུ་བསྡུ་ཐུབ་པའི་ཡོན་ཏན་ཡོད་པ་དང་། ལྷག་པར་སྨན་རྒྱུ་གཙང་བཟོ་དང་སྦྱོར་བཟོ་སོགས་གང་ཅིའི་ཐད་དོ་ནན་པོ་ཡོད་པས་ཁོང་གི་སྐབས་སུ་བཟོ་སྦྱོར་བྱས་པའི་གསོལ་སྨན་ཁག་ལ་དམིགས་བསལ་དྲི་མ་དང་བྲོ་བ་ཡོད་པར་ཡོངས་གྲགས་སུ་མ་ཟད་། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དེ་ཡི་སྐོར་ལ་ཐུགས་སྣང་བྱུང་བའི་ལོ་རྒྱུས་དངོས་སུ་གསུངས་པ་ཐོས།
ཕྱི་ལོ་ ༡༩༨༥ ལོར་སྨན་སྦྱོར་ལས་རོགས་སྨན་པ་རྣམ་རྒྱལ་ཚེ་རིང་ལགས་དང་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་རྣམ་གཉིས་འབྲས་ལྗོངས་ཁུལ་དུ་སྔོ་སྨན་འཐུ་སྒྲུབ་ཆེད་བསྐྱོད་ཆོག་པའི་ངོ་སྤྲོད་ལག་འཁྱེར་བཟོ་ཐབས་གནང་ཡང་དམིགས་ཡུལ་ཇི་བཞིན་མ་འགྲུབ་པའི་རྐྱེན་གྱིས་ཁོང་རྣམ་གཉིས་གསང་བའི་ཚུལ་གྱིས་འབྲས་ལྗོངས་སུ་ཕེབས་ཏེ་སྨན་རྒྱུ་འཚོལ་ཐབས་བྱས་ཀྱང་སྐབས་དེར་འབྲས་ལྗོངས་སུ་ཕྱི་མི་འཛུལ་སྡོད་མི་ཆོག་པའི་དུས་ཤིག་ལ་ཁེལ་སྟབས་སྨན་རྒྱུ་འཚོལ་བ་ལྟ་ཅི་གནས་སྡོད་ཀྱང་བྱ་དཀའ་བའི་གནས་སུ་གྱུར་བའི་དཀའ་ངལ་ཀྱང་འཕྲད་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་འབྲས་ལྗོངས་ཀྱི་ལས་བྱེད་ལྕམ་རིན་ཆེན་སྒྲོལ་མ་ལགས་དང་ཐུག་འཕྲད་བྱུང་སྟེ་ཁོང་གཉིས་ལ་འབྲས་ལྗོངས་སུ་སྡོད་ཆོག་པའི་ངོ་སྤྲོད་ལག་འཁྱེར་བཟོས་པ་མ་ཟད་སྨན་རྒྱུ་འཚོལ་ཞིབ་ཏུ་སྣ་ཐོད་ལར་བསྐྱོད་ཆོག་པའི་ངོ་སྤྲོད་ཀྱང་ཞུས་པས། ཁོང་རྣམ་གཉིས་སྣ་ཐོད་ཁུལ་གྱི་རི་སྤང་ནགས་གསེབ་ཡོད་དོ་ཅོག་ལ་བསྐྱོད་དེ་སྔོ་སྨན་སྐྱེ་ཁུངས་ངོས་འཛིན་དང་། དུས་ཡུན་ཟླ་གཅིག་གི་རིང་ཨ་གར་དང་། གོ་སྙོད། བཙོད། ཏིག་ཏ་སོགས་སྨན་རྩྭ་གང་མཚམས་འཐུ་སྒྲུབ་གནང་བ་སོགས་ཀྱིས་མཚོན་འདི་གའི་སྨན་ལས་པ་རྣམས་ཀྱིས་ལྷག་བསམ་ཟོལ་མེད་དང་དཀའ་ངལ་འཛེམས་མེད་ཀྱིས་སྨན་རྒྱུ་མཁོ་སྒྲུབ་བྱས་པས་རྒྱ་ཆེའི་ནད་པ་རྣམས་ཀྱི་དགོས་འདུན་ཆེས་ཆེར་བསྒྲུབས། གཞན་ཡང་ལོ་རེ་བཞིན་འདི་ག་དབུས་སྨན་རྩིས་ཁང་གིས་གཙོས་ཡན་ལག་སྨན་ཁང་ཁག་དང་། སྐོར་སྐྱོད་སྨན་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྦྲགས་ལམ་བརྒྱུད་ཆེད་གཏོང་བཅས་ཀྱི་དགོས་མཁོ་ལྟར་གསོལ་སྨན་སྦྱོར་བཟོ་བྱས་ཏེ་དུས་ཐོག་གནང་ཐུབ་པའི་ཐོག དབུ་འཛིན་འདིའི་སྐབས་ནས་བཟུང་ཕྱི་ལོ་ ༡༩༩༠ བར་ལོ་བཅུའི་རིང་སྨན་རྒྱུ་འཚོལ་ཞིབ་བྱས་པ་ཁྱོན་བསྡོམས་ཀི་ལོ ༣༡༤༩༩༤།༢ བྱུང་ཞིང་། གསོལ་སྨན་སྦྱོར་བཟོ་བྱས་པ་སྨན་དཀྱུས་མ་ཁྱོན་བསྡོམས་ཀི་ལོ་༡༨༠༨༨༤།༢༢༢ བཟོ་སྦྱོར་དང་། དངུལ་ཆུ་དཀར་བཏུལ་ཆེན་མོ་ཀི་ལོ་ ༡༠༩ དངུལ་ཆུ་བཙོ་ཐལ་བྱས་པ་ ༦༣།༨༤༠ རིན་ཆེན་མང་སྦྱོར་ཆེན་མོ་དང་།  རིན་ཆེན་རཏྣ་བསམ་འཕེལ། རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ། རིན་ཆེན་གཡུ་སྙིང་ཉེར་ལྔ། གསལ་བྱེད་ལྕགས་རིལ་ཆེན་མོ་བཅས་རིན་ཆེན་རིལ་བུའི་རིགས་སྦྱོར་བཟོ་བྱས་པ་ཁྱོན་བསྡོམས་ཀི་ལོ་ ༣༤༣༧།༠༨ བཀའ་འབྲེལ་མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་སོགས་ཀི་ལོ་ ༡༦༧༧༥།༧ བཅས་སྦྱོར་བཟོ་གནང་བ་སོགས་སྐབས་དེར་རྒྱ་གར་དང་། བལ་ཡུལ་གྱི་གྲོང་ཁྱེར་ཁག་དང་། རང་རིགས་གཞིས་ཆགས་ཁག་བཅས་ཡན་ལག་སྨན་ཁང་སུམ་ཅུ་སོ་གཉིས་དང་། ཕྱི་རྒྱལ་ཁག་ཉེར་བདུན་ཙམ་ལ་སྨན་པ་ཆེད་ཕེབས་སམ་སྦྲག་ཁང་བརྒྱུད་བོད་སྨན་བཏང་བ་བཅས་བོད་སྨན་འགྲོ་ཁྱབ་ལོ་རེ་ཇེ་ཆེ་ཇེ་ཆེར་སོང་འདུག སྨན་སྦྱོར་འགན་འཛིན་གྱི་མགོ་ཁྲིད་ནུས་རྩལ་འདོན་སྤེལ་འོག་ཚང་མས་ཧུར་འབུངས་ཆེ་བསྐྱེད་བྱས་པའི་ཉེར་ལེན་གྱིས་སྨན་རིགས་སྤུས་ཚད་དང་སྨན་གྱི་གྲངས་འབོར་གང་ས་ཅི་ཐད་ནས་དགོས་མཁོ་དང་འཚམ་པའི་ལས་འགན་ལེགས་སྒྲུབ་གནང་ཐུབ་པ་བྱུང་།

ཕྱིའི་འཛུགས་སྐྲུན་སྐོར།
འགན་འཛིན་ཁོང་གི་སྐབས་སུ་སྨན་ཕྱེ་འཐག་ཆེད་འཕྲུལ་འཁོར་ཆེ་ཆུང་ཁག་དང་། རིལ་སྒྲིལ་ཁོག་མ་བཅས་བཙུགས་པས་སྨན་གྱི་སྦྱོར་བཟོའི་ལས་གཞི་ཤུགས་ཆེར་བཏང་ཡོད་པར་མ་ཟད་སྨན་ལས་པ་རྣམས་ཀྱིས་ལག་ཤུགས་ཁོ་ན་བསྟེན་ནས་སྨན་རིལ་སྒྲིལ་རྒྱུའི་ལས་ཀ་དེའང་ཇེ་ཉུང་དུ་བཏང་། ཁྱད་པར་ཕྱི་ལོ་ ༡༩༨༢ ལོར་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་སྨན་པ་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་གཙོ་འགན་བཞེས་ནས་ཐེངས་དང་པོའི་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་མཐོང་བ་བརྒྱུད་པའི་ཕྱག་རྒྱུན་བཟང་པོ་དབུ་འཛུགས་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་འདི་ཕྱིའི་བླངས་དོར་གྱི་ལམ་སྟོན་བཀའ་སློབ་ཟབ་མོ་དང་ཐུགས་སྨོན་སྐྱབས་འཇུག་ཐོབ། ཕྱག་ལེན་གནང་མིའི་ཁོངས་སུ་སྐུའི་བླ་སྨན་གཞོན་པ་མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས་མཆོག་དང་། སྨན་པ་བྱམས་པ་བསོད་ནམས་ལགས། སྨན་པ་ཡེ་ཤེས་བསོད་ནམས་ལགས། སྨན་པ་བློ་བཟང་ཆོས་འཕེལ་ལགས། སྨན་པ་པདྨ་རྡོ་རྗེ་ལགས། སྨན་པ་པ་སངས་ཡོན་ཏན་ལགས། སྨན་པ་ཚེ་དབང་རྟ་མགྲིན་ལགས། སྨན་པ་རྣམ་རྒྱལ་ཚེ་རིང་ལགས། སྨན་པ་མཐོ་གླིང་སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན་ལགས་བཅས་དང་། དེའི་སྟེང་སྨན་ལས་དང་སྐུ་སྲུང་ཞབས་ཞུ་བ་བཅས་ཁྱོན་བསྡོམས་མི་གྲངས་ཉི་ཤུ་ཙམ་གྱིས་ཟླ་གཉིས་ལྷག་ལ་འབད་རྩོན་ལྷོད་མེད་གནང་བར་བརྟེན་བཅུད་རྒྱལ་བཙོ་བཀྲུ་ཆེན་མོ་ལེགས་གྲུབ་བྱུང་སྟེ་རིན་ཆེན་རིལ་བུ་ཁག་བཞི་གསར་བཟོ་ཐུབ་པ་བཅས་ཀྱིས་ཡར་རྒྱས་ཀྱི་གོམ་སྟབས་ཤུགས་ཆེར་སྤོས། ཕྱི་ལོ་ ༡༩༨༣ ལོར་སྨན་སྦྱོར་སྡེ་ཚན་གངས་སྐྱིད་དུ་གནས་སྤོ་བྱས་པས་གསོལ་སྨན་སྦྱོར་བཟོའི་ཁོར་ཡུག་སྔར་ལས་ལྷག་པའི་གཞི་རྒྱ་ཆེ་ལ་འཕྲུལ་ཆས་ཆེ་ཁག་གསར་འཛུགས་ཐུབ་པ་སོགས་ཀྱིས་ཡར་རྒྱས་ཆེན་པོ་བྱུང་། ཕྱི་ལོ་ ༡༩༨༦ ལོར་རིན་ཆེན་རིལ་བུ་ཁག་ལྔ་སྔར་ལོ་ལས་རྡབ་འཕར་གྱིས་སྦྱོར་བཟོ་གནང་བ་དང་། ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན། དུས་སྦྱོར་དང༌། སྨན་དཔྱད་འཁོར་ལོ། བདུད་རྩི་ཐུན་མཚམས་བཅས་གཟའ་སྐར་དགེ་བའི་དུས་དང་བསྟུན་དབུ་འཛུགས་ཀྱིས་སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་འགན་འཛིན་ལས་རོགས་སྨན་པ་རྣམ་རྒྱལ་ཚེ་རིང་གཉིས་ཀྱི་གཟིགས་རྟོགས་འོག སྨན་པ་སྤེན་པ་ཚེ་རིང་ལགས་དང༌། སྨན་པ་བསྟན་འཛིན་བདེ་བྱེད་ལགས། གཞན་ཡང་སྨན་སྦྱོར་ལས་བྱེད་བརྒྱད་བཅས་ཁྱོན་བསྡོམས་སྨན་ལས་མི་གྲངས་བཅུ་གཉིས་ཀྱིས་ཟ་འཆིང་ཁམས་སོ་སོའི་བཙོ་བསྲེག་ལེགས་བསྒྲུབ་དང༌། ཉེར་མཁོའི་སྟ་གོན་མཐའ་དག་འཐུས་ཚང་སྔོན་དུ་ཟིན་པའི་སྒོ་ནས་དངོས་གཞིའི་ཟླ་བ་གཅིག་ཙམ་གྱི་རིང་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་གཉིས་པ་དེ་བཞིན་ལམ་ལྷོང་དང་ལྡན་པའི་སྒོ་ནས་ལེགས་གྲུབ་བྱུང་། རིན་ཆེན་བཙོ་ཐལ་ཆེན་མོ་སྦྱོར་བཟོ་གནང་རྒྱུ་དེ་གལ་ཆེ་ཞིང་། དཀའ་ངལ་དང་།  གེགས་འཚུབ་ཀྱི་རྣམ་པ་ཡོད་ནའང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་ལ་བསྟེན་ནས་ཐེངས་དང་པོ་ལས་ཀྱང་སྤུས་འབོར་ལྷག་པ་ཞིག་བདེ་བླགས་ངང་འགྲུབ་ཐུབ་པ་བྱུང་བར་མ་ཟད། རིན་ཆེན་ཀུན་གྱི་རྒྱལ་བོ་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོའི་སྨན་རྒྱུ་ལོ་དྲུག་ཙམ་རིང་ཐབས་འཚོལ་གོ་སྒྲིག་གིས་འདི་ལོ་སྤྱི་ཟླ་ ༥ ནང་རིན་ཆེན་གྲང་སྦྱོར་ཆེན་མོ་ཀི་ལོ་  ༡༨༥།༢༠༠ གསར་དུ་སྦྱོར་བཟོ་ཐུབ་པ་བྱུང་།

སྨན་སྦྱོར་འགན་འཛིན་སྐབས་བཞི་པ། 
ཕྱི་ལོ་ ༡༩༩༡ ཟླ་ ༡༠ ཚེས་  ༡༤ ཉིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་སྨན་སྦྱོར་འགན་འཛིན་དུ་བསྐོས་ཏེ་ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༥ བར་སྨན་སྦྱོར་འགན་འཛིན་གནང་ཞིང་། སྨན་པ་སྤེན་པ་ཚེ་རིང་ལགས་འགན་འཛིན་གཞོན་པར་བསྐོས་པ་བཞིན་ཕྱི་ལོ་ ༡༩༩༤ བར་སྨན་སྦྱོར་འགན་གཞོན་གྱི་ལས་ཁུར་ཞུས། སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་འགན་འཛིན་གནང་བའི་ལོ་གཅིག་གི་རིང་སྨན་སྦྱོར་ཁང་གི་སྨན་ལས་པ་རྣམས་དང་། སྨན་སློབ་རྣམས་རྡ་སའི་ཉེ་འཁོར་གཙོས་སྨན་གྱི་ཐོན་ཁུངས་ཆེ་སའི་ས་གནས་ཁག་ཏུ་ཆེད་བསྐྱོད་ཀྱིས་སྨན་རྒྱུ་འཐུ་སྒྲུབ་བྱས་པ་དང་། རང་རིགས་ལྷག་བསམ་ཅན་ཁག་ནས་ཞལ་འདེབས་གནང་བ། སྤུས་གཟིགས་ཞུས་པ་བཅས་ཁྱོན་བསྡོམས་སྨན་རྒྱུ་འཚོལ་སྒྲུབ་བྱས་པ་ཀི་ལོ་ ༣༡༨༦༦ དང་གསོལ་སྨན་སྦྱོར་བཟོ་བྱས་པ་ཀི་ལོ་ ༢༩༧༧༦།༧༣༠ དང་། རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་ཀི་ལོ་ ༡༨༢ རིན་ཆེན་བྱུར་དམར་ཉེར་ལྔ་ཀི་ལོ་ ༡༧༠ བཀའ་འབྲེལ་མ་ཎི་རིལ་བུ་ཀི་ལོ ༩༠༡ བཅས་སྦྱོར་བཟོ་ཞུས། ཁོང་གི་སྐབས་ཀྱི་ཡིག་ཆ་འདི་ཙམ་མ་རྙེད།

སྨན་སྦྱོར་འགན་འཛིན་སྐབས་ལྔ་པ། 
ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་རིམ་བཞིན་ཕྱི་ལོ་༡༩༩༢ ནས་ ༡༩༩༨ བར་སྐབས་ལྔ་བའི་སྨན་སྦྱོར་འགན་འཛིན་གྱི་ཐུགས་ཁུར་ལོ་དྲུག་རིང་གནང་ཡོད། སྐབས་དེར་སྤེན་པ་ཚེ་རིང་འགན་འཛིན་གཞོན་པར་བསྐོས་ཏེ་ལོ་གཉིས་ཙམ་གྱི་རྗེས་ཆོས་དབྱིངས་ཕུན་ཚོགས་འགན་འཛིན་གཞོན་པར་བསྐོས། སྤྱི་མཚུངས་ལྟར་སྨན་སྦྱོར་ཁང་གིས་སྨན་རྒྱུ་ཐབས་འཚོལ་དང་འཐུ་སྒྲུབ་བྱེད་སྒོ་སྔོན་ཚུད་གོ་སྒྲིག་དང་འབྲེལ་ལོ་ལྟར་སྨན་འཐོག་ཏུ་ཕེབས་མུས་བཞིན། སྨན་སྦྱོར་ཁང་གི་སྨན་པ་དང་། སློབ་དགེ་བཅས་ཀྱི་མགོ་ཁྲིད་འོག་སྨན་སྦྱོར་ལས་བྱེད་དང་། སྨན་སློབ་བཅས་མ་ནཱ་ལི་དང་། ཏེ་ལོ་པུར། ལ་དྭགས། ཨམྲྀཏ་སཱར། ཇེཡ་པུར། སྒང་ཏོག བལ་ཡུལ། ཨ་སཱམ་སོགས་སུ་ཕེབས་གནང་མཛད་དེ་སྨན་རྒྱུ་འཐུ་སྒྲུབ་བྱས་ནའང་། བོད་སྨན་འགྲོ་ཁྱབ་ཧ་ཅང་ཆེ་བ་དང་།  སྐྱེ་དངོས་སྨན་རྫས་སོགས་ཀྱི་ཐད་ཁོར་ཡུག་སྲུང་སྐྱོབ་དམ་བསྒྲགས་ཆེ་བས་མི་ཤུགས་དང་དངོས་ཤུགས་གཉིས་ཀ་དགོས་གལ་ཆེ་སྟབས་ས་གནས་གཞིས་མགོ་བདེ་དོན་དང་། ཡན་ལག་སྨན་ཁང་ཁག་གི་སྨན་པ་དབུ་ལས་བཅས་ལ་ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་སྐུལ་ཞུས་པ་བཞིན་སྨན་རྒྱུ་འཐུ་རྒྱུ་སྒྲུབ་དང་།  དབོར་འདྲེན་བྱ་རྒྱུ་སོགས་གང་ཅིའི་ཐད་རོགས་རམས་དང་རྒྱབ་སྐྱོར་ཐོབ་པ་དང་། ཕྱོགས་མཐའི་ཡུལ་གྲུ་ཁག་ཏུ་སྤོས་གཟིགས་བྱས་པ་བཅས་དབུས་དང་ཡན་ལག་སྨན་ཁང་ཁག་གི་དགོས་འདུན་བཞིན་སྨན་རྒྱུ་ལྡང་ངེས་པ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༩༤ ལོར་སློབ་ཐོན་སྨན་པ་གཉིས་སྨན་སྦྱོར་སྡེ་ཚན་དུ་བཅུག་གནང་མཛད་ནས་ས་གནས་སྒང་ཏོག་དང་། བལ་ཡུལ་གཉིས་ལ་སྨན་རྒྱུ་མཁོ་སྒྲུབ་ཆེད་དམིགས་བསལ་གཏོང་གནང་བྱས་བར་སྨན་རྒྱུ་གང་མང་འཚོལ་སྒྲུབ་བྱ་ཐུབ་པ་དང་། དེ་བཞིན་ལ་དྭགས་དང་། སིམ་ལ། ཀལ་ཀཏ་ཏར། འབུམ་སྡེ་ལ། ཀ་སྦུག དིལླི་འབྲེལ་མཐུད། ཌའུ་དབོན་དང་པོནཌ། སྒང་ཏོག བྷན་དཱ་ར་བཅས་ཀྱི་ཡན་ལག་སྨན་ཁང་ཁག་དང་། ཨམྲྀཏ་སཱར་སོགས་སུ་མི་སྒེར་སོ་སོ་ནས་སྨན་རྒྱུ་ཞལ་འདེབས་ཕུལ་བ་བཅས་ཀྱིས་སྨན་རྒྱུ་འཚོལ་སྒྲུབ་ཕྱོགས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་དང་དོ་སྣང་བྱས་པར་བརྟེན། ཕྱི་ལོ་ ༡༩༩༢ ནས་ ༩༨ བར་སྟེ་ལོ་ལྔའི་རིང་སྨན་རྒྱུ་བཏུས་པ་དང་། སྤུས་གཟིགས་གནང་བ། ཞལ་འདེབས་ལས་བྱུང་བ་བཅས་ཁྱོན་བསྡོམས་ཀི་ལོ་ ༥༡༦༥༡༥༠།༢༠༧ མཁོ་སྒྲུབ་བྱས་པས་གསོལ་སྨན་སྦྱོར་བཟོའི་ཕྱོགས་ལ་སྔར་ལས་ལྷག་པའི་རྒྱུ་ཆ་མཐུན་འགྱུར་རྒྱ་བསྐྱེད་ཐུབ་པ་བྱུང་བར་མ་ཟད། ༼གོ་དྲུག་ལོའི་སྨན་རྒྱུ་མཁོ་སྒྲུབ་བྱས་པའི་ཡིག་ཆ་ཁ་གསལ་ཞིག་རག་མ་སོང་།༽ ལོ་ལྟར་སྨན་མཛོད་ཀྱི་རྫོགས་ཐོ་གཞིར་བཟུང་ཐོག་གསོལ་སྨན་སྦྱོར་བཟོ་དང་ལས་སྣོན་བྱེད་པའི་དཀའ་ངལ་ལྷུར་ལེན་གྱིས་དབུས་སྨན་རྩིས་ཁང་དང་། ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག ད་དུང་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་དགོས་འདུན་ལྟར་སྦྲག་ཁང་བརྒྱུད་གཏོང་ཐུབ་པ་བྱུང་བ་མ་ཟད། སྐོར་སྐྱོད་སྨན་ལས་པ་རྣམས་ལ་ལྡང་ངེས་ཀྱི་གསོལ་སྨན་དུས་ཐོག་སྦྱོར་འབུལ་ཞུ་ཐུབ་པའི་ཁར། མ་ཎི་རིལ་བུ་དང་། བདུད་རྩི་ཆོས་སྨན་སོགས་ཀྱང་བཀའ་འབྲེལ་བཞིན་ལོ་ལྟར་སྦྱོར་འབུལ་མཐུན་འགྱུར་གནང་། སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་ལོ་དྲུག་ལ་སྨན་སྦྱོར་འགན་འཛིན་གྱི་ཕྱག་ལས་གནང་བའི་རིང་སྨན་དཀྱུས་མ་ཁྱོན་བསྡོམས་ཀི་ལོ་ ༡༦༦༧༠༡།༤༨༥ དང་། ༼འདིའི་ནང་དུ་ལོ་གཉིས་ཀྱི་རིན་ཆེན་རིལ་བུ་སྦྱོར་བཟོ་བྱས་པའང་འདུ།༽ རིན་ཆེན་རིལ་བུའི་རིགས་ཁྱོན་བསྡོམས་ཀི་ལོ ༣༣༦༤།༥༨༥ མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་ཀི་ལོ་ ༤༧༤༡།༧༦༠ བཅས་སྦྱོར་བཟོ་དང་། སྨན་རྩིས་ཕྱིར་ཚོང་ཁང་གི་ཚོང་ཟོག་ཆེད་རླུང་སྤོས། གཟིམ་སྤོས། སྐྲ་སྣུམ། སྨན་སྣ། སྨན་བསངས། སྨན་ཕྱེ། སྤོས་རྩི་བཅས་བོད་ཀྱི་གསོ་བ་རིག་པའི་སྦྱོར་ཚུལ་ལག་ལེན་གཞི་ལ་བཞག་སྟེ་གསར་བཟོ་རང་བཞིན་ལྡན་པ་གང་མང་སྦྱོར་བཟོ་གནང་པ་ནས་བཟུང་ཐོན་དངོས་འདི་དག་རྒྱ་ཆེའི་སྤྱི་ཚོགས་ཁྲོད་ཉོ་མཁན་ཇེ་མང་དུ་སོང་བར་བརྟེན་སྔོ་སྦྱོར་སྡེ་ཚན་ལོགས་སུ་བཙུགས་དགོས་བྱུང་བ་རེད། 

ཕྱིའི་འཛུགས་སྐྲུན་སྐོར།
སྐབས་དེར་སྨན་སྦྱོར་ཁང་གི་རྒྱབ་ཕྱོགས་ཁང་པའི་ཐོག་ཏུ་རིལ་སྐེམ་ཤེལ་ཁང་ཆེ་བ་ཞིག་གསར་རྒྱག་གནང་བས་རིལ་བུ་སྐེམ་པར་ཕན་ཐོག་ཆེན་པོ་བྱུང་བ་དང་། སྨན་སྦྱོར་ཁང་གི་བྱང་ངོས་ཀྱི་འོག་ཐོག་ཏུ་སྨན་འཐག་འཕྲུལ་འཁོར་ཆེ་བ་གཉིས་གསར་འཛུགས་དང་། བར་ཐོག་ཏུ་རྩ་ཆེའི་སྨན་རྒྱུ་རྣམས་འཇོག་སའི་སྨན་མཛོད་དང་། སྨན་སྦྱོར་ཁང་གི་དངུལ་རྩིས་པའི་ལས་ཁུངས། སྟེང་ཐོག་ཏུ་སྨན་སྦྱོར་ཁང་གི་སྨན་པ་རྣམས་ཀྱི་ལས་ཁུངས་བཅས་ཡོད་པའི་ཁང་པ་ཐོག་བརྩེགས་གསུམ་ཅན་ཞིག་གསར་བསྐྲུན་ཞུས། སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་ལས་བྲེལ་སོགས་གང་ཅིའི་ཐད་ནས་སྨན་རྒྱུ་འཚོལ་ཞིབ་སོགས་གཞན་གྱི་རྗེས་ཟིན་པ་ཞིག་བྱེད་དགོས་པའི་དབང་གིས་སྨན་སྦྱོར་ཁང་ལ་དམིགས་བསལ་སྣུམ་འཁོར་གཅིག་གསར་དུ་སྤུས་གཟིགས་གནང་ཞིང་། ཕྱི་ལོ་ ༡༩༩༤ ལོར་ Plague ནད་ཡམས་བྱུང་སྐབས་འདི་ག་སྨན་སྦྱོར་ཁང་ནས་རིམས་སྲུང་རིལ་བུ་དང་། བདུག་རྫས་བཅས་བསྡོམས་ཀི་ལོ་ ༢༢༢ གསར་བཟོ་དང་།  རིན་ཆེན་ཚ་སྦྱོར་དང་གཟིམ་སྤོས་སོགས་སྐབས་བསྟུན་སྨན་སྣ་མང་པོའང་ནད་པ་རྣམས་ཀྱི་གནས་བབ་ལ་གཞིག་སྟེ་སྦྱོར་བཟོ་བྱས། གཞན་ཡང་ལོ་དེའི་ནང་དངུལ་ཆུ་དཀར་བཏུལ་ཀི་ལོ ༦༠ དང་། རིན་ཆེན་ཟ་འཆིང་གཉིས་བརྩིས་མི་གྲངས་བཅུ་བདུན་གྱིས་སྦྲང་གཤོགས་སོགས་ཁྱོན་གྲངས་ ༡༥༠༠༠༠ ཙམ་གཡའ་ཕྱིས་དུག་འདོན་བསྲེགས་ཐལ་སོགས་ཀྱི་ལག་ལེན་དང་། སྨན་པ་གསར་རྙིང་བསྡོམས་བཅུ་དྲུག་དང་། གཞན་ལས་བྱེད་གྲངས་བཅུ་གསུམ་བཅས་ཀྱིས་དངུལ་ཆུ་བཙོ་ཐལ་ཆེན་མོ་ཀི་ལོ་ ༡༠༩།༣༠༠ གཡའ་ཕྱིས་དུག་འདོན་དང་། བཙོ་ཆེ་འབྲིང་ཆུང་གསུམ། དགྲ་སྤྲད་སོགས་གང་ཅིའི་ཐོག་སྔར་ལས་ལྷག་པའི་ལེགས་གྲུབ་བྱུང་།  འདི་ག་སྨན་སྦྱོར་ཁང་ནས་འཆར་ཅན་སྨན་རྒྱུ་གད་གཙང་དང་ལས་སྣོན་བྱ་མུས་ཁར་ཕྱི་ལོ་ ༡༩༩༥ ལོར་དམིགས་བསལ་སྟར་བུ། སྟག་ཤ བ་ཆུ། སྐྱེར་ཤུན། ཤུག་ཚེར། ཤུ་དག ཕུར་ནག སྤང་རྩི། ཆར་ཉུང་། བྱིའུ་ལ་ཕུག ཀླུ་བདུད་རྡོ་རྗེ་བཅས་ཁྱོན་བསྡོམས་སྨན་སྣ་གྲངས་བཅུ་གཉིས་ཙམ་ཁན་ཌའི་ལས་སྣོན་བྱས་པ་སོགས་གསོལ་སྨན་སྦྱོར་བཟོའི་ཐད་ཧུར་བརྩོན་དཀའ་སྤྱད་ཞུས་ནའང་ལོ་རེ་བཞིན་བོད་སྨན་འགྲོ་ཁྱབ་ཧ་ཅང་ཆེ་བས་ད་དུང་ཁ་འཁོར་མིན་གྱི་དཀའ་ངལ་འཕྲད་པར་བརྟེན་ཁྱབ་ཁོངས་འཕྲུལ་འཁོར་སྡེ་ཁག་དང་། རིལ་སྒྲིལ་སྡེ་ཁག་གཉིས་ཀྱིས་སྟོན་དཔྱིད་ཀྱི་གནམ་གཤིས་ལེགས་པའི་སྐབས་གང་ཡིན་ལ་ནང་སྔ་ཕྱི་ཉལ་དང་། གུང་སེང་སོགས་ཀྱི་སྐབས་སུ་ལས་འཕར་བྱས་པས་གསོལ་སྨན་བཟོ་སྦྱོར་ཐད་དགེ་ཕན་གང་ལེགས་བྱུང་།

སྨན་སྦྱོར་འགན་འཛིན་སྐབས་དྲུག་པ། 
ཕྱི་ལོ་ ༡༩༩༨ ཟླ་ ༧ ཚེས་ ༡ ཉིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་སྨན་སྦྱོར་ཁང་གི་འགན་འཛིན་དུ་སླར་ཡང་བསྐོ་བཞག་གནང་རྗེས་སྨན་སྦྱོར་འགན་འཛིན་ཟུར་པ་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་སྨན་སྦྱོར་ཁང་གི་སློབ་སྟོན་པར་བསྐོ་བཞག་གནང་།
སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་ནས་ ༢༠༠༡ ཟླ་ ༨ ཚེས་༣༡ བར་འགན་འཛིན་དང་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་ནས་ ༡༩༩༨ ནས་ ༢༠༠༧ བར་འགན་འཛིན་གཞོན་པའི་འགན་འཁུར་ཞུས།
སྨན་སྦྱོར་ཁང་གི་སློབ་སྟོན་འགན་འཛིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གི་ལམ་སྟོན་འོག་སྨན་སྦྱོར་འགན་འཛིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་གི་གཙོས་སྨན་པ་དང་ལས་བྱེད་ཐུན་མོང་གི་ཐོག་ལོ་ལྟར་སྨན་རྒྱུ་འཚོལ་ཞིབ་ཀྱི་སྐོར་ལ་ཧུར་ཐག་འབད་བརྩོན་གྱིས་འགན་འཛིན་ཁོང་གི་སྐབས་སྨན་སྦྱོར་ཁང་གི་སྨན་ལས་པ་དང་སྨན་སློབ་ཚོས་སྨན་རྒྱུ་འཐུ་སྒྲུབ་བྱས་པ་དང་།  རང་རིགས་ལྷག་བསམ་ཅན་ཁ་ཤས་ཀྱི་ཞལ་འདེབས་ཕུལ་བ། ཡན་ལག་སྨན་ཁང་ཁག་དང་སྨན་རྒྱུ་མཁོ་སྒྲུབ་པ་དག་གིས་བཏང་འབྱོར་བྱུང་བ། ད་དུང་ཡུལ་གྲུ་ཁག་གི་ཚོང་པ་རྣམས་ཀྱི་སར་སྤུས་གཟིགས་གནང་བ། སྔར་ལོ་ལྷག་བསྡད་ཡོད་པ་བཅས་ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་ལོ་གསུམ་རིང་ཁྱོན་བསྡོམས་སྨན་རྒྱུ་ཀི་ལོ་ ༢༤༡༤༡༥།༤༦༢ མཁོ་སྒྲུབ་ཞུས། གཞན་ཡང་ཁོང་གིས་འགན་འཛིན་བྱས་པའི་ལོ་གསུམ་རིང་གསོལ་སྨན་དཀྱུས་མ་ཀི་ལོ་ ༡༡༦༠༦༤།༩༢ དང་རིན་ཆེན་རིལ་བུའི་རིགས་ལ་ཀི་ལོ་ ༢༩༠༧།༥༠༠ བཀའ་འབྲེལ་ལྟར་མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་ཀི་ལོ་ ༣༡༤༢།༥༠༠ དུས་ཐོག་སྦྱོར་བཟོ་གནང་བ་དང་། ལོ་ལྟར་སྨན་རྩིས་ཕྱིར་ཚོང་ཁང་གི་ཆེད་སྨན་བསངས་དང་། སྨན་ཕྱེ། གསོ་རིག་སྐྲ་སྣུམ། གསོ་རིག་སྨན་སྣ་བཅས་ཀྱང་ཞོར་དུ་བཟོ་སྐྲུན་ཞུས།

ཕྱིའི་འཛུགས་སྐྲུན་སྐོར།
སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་སྨན་སྦྱོར་འགན་འཛིན་གྱི་ཕྱག་ལས་གནང་བའི་སྐབས་སྔར་ཡོད་བཟོ་གྲྭའི་མདུན་དུ་སྨན་མཛོད་ཐོག་བརྩེགས་གཉིས་དང་དེའི་ཐོག་རིལ་སྐེམ་ཤེལ་ཁང་ཆེ་བ་ཞིག་བཅས་གསར་རྒྱག་གནང་པས་སྨན་རྒྱུ་འཇོག་ཡུལ་གཞི་རྒྱ་ཆེ་ལ་གཙང་འཕྲོད་ལྡན་ཞིང་སྨན་རྒྱུ་ཕན་མེད་དུ་མ་སོང་བ་དང་། རིལ་བུ་སྐམ་ཚད་མྱུར་བ་སོགས་ཀྱི་ལས་རིགས་ལ་ཕན་སྐྱེད་ཆེན་པོ་བྱུང་ཞིང་།
ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༧ ཉིན་ྋསྤྱི་ནོརྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་དྲུག་ཅུ་འཁོར་བ་དང་། ལུགས་ཟུང་ཆབས་སྲིད་ཀྱི་ཐུགས་འགན་བཞེས་ནས་ལོ་ངོ་ལྔ་བཅུ་འཁོར་པའི་དུས་དྲན་ཁྱད་པར་ཅན་ལ་འཁེལ་ཡོད་སྟབས་ྋམགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཆ་ཤས་ཙམ་གསབ་ཕྱིར་འདི་ག་སྨན་རྩིས་ཁང་འགན་འཛིན་གྱི་བཀའ་འབྲེལ་བཞིན་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་རང་རིགས་རང་ལོ་བཅོ་བརྒྱད་ཡན་ལ་སྟོབས་བསྐྱེད་སྨན་སེ་འབྲུ་ཀུན་བདེ་མི་རེར་ཟླ་བ་རེ་སྨན་སྦྱིན་ཕུལ་བར་བསྡོམས་མི་གྲངས་ ༩༠༠༦༧ ལ་སྨན་ཐུན་གྲངས་ ༢༧༠༢༠༧༠ ཀི་ལོ་ ༣༢༧༢།༤༠༠ བཟོ་སྐྲུན་བགྱིས་པ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བཞུགས་ཐོག་ས་གནས་གཞིས་མགོ་སོ་སོར་རྩིས་འབུལ་ཞུས་པ་སོགས་ཀྱིས་མཚོན་རྒྱ་ཆེའི་ནད་པ་དང་རང་རིགས་མི་དམངས་རྣམས་ལ་ཕྱོགས་གང་ཐད་ནས་རོགས་འདེགས་དང་ཞབས་ཞུ་བསྒྲུབས་པ་མ་ཟད། ལོ་རེ་བཞིན་སྨན་རྒྱུ་གཙང་བཟོ་དང་ལས་སྣོན་བྱེད་མུས་ཐོག ༩༩ ལོར་གསེར་གྷ་རམས་ ༦༦༨ དང་དངུལ་ཀི་ལོ་ ༡ ཁམས་བདུན་ཀི་ལོ་ ༢༡ བཅས་གཞུང་མན་ངག་ནང་བཞིན་ཐལ་བསྲེགས་ལས་སྣོན་ཞུས་པ་དང་ ༢༠༠༠ ལོར་དངུལ་ཆུ་དཀར་བཏུལ་ལས་སྣོན་དང་།  རིན་ཆེན་རིལ་བུའི་ཆེད་ཟངས་དང་། རག དངུལ་བཅས་ཐལ་བསྲེགས་ལས་སྣོན་ཞུས། གཞན་ཡང་ཕྱི་ལོ་ ༡༩༩༨ ལོར་མཚེར་སྨན། ཀོ་ལ་དང་། སྐྲན་སྨན། སྐྲན་བཤིག་རྡོ་རྗེ་ཕ་ལམ། འབྲས་སྨན། གསང་དག་དར་ཡ་ཁན། རྩ་དཀར་སྨན། བསམ་རྒྱན་བཅས་སྨན་སྣ་བཞི་གསར་བཟོ་གནང་བས་རེག་དུག་གི་ནད་པ་གྲངས་ ༥ ལས་ནད་པ་གཉིས་དང་། འབྲས་ནད་ཀྱི་ནད་པ་གྲངས་ ༢༨ ལས་ནད་པ་བདུན་བཅས་ལ་ཕན་ཐོགས་བྱུང་བར་དོ་བདག་གིས་འགྲེལ་བརྗོད་བྱུང་། ཕྱི་ལོ་ ༢༠༠༠ ལོར་མཁྲིས་པའི་གཉན་ནད་ Hepatitis B ཞེས་པར་དམིགས་ནས་གསོལ་སྨན་ཁ་ཚར་ཅན་གསུམ་གསར་བཟོས་རྟོགས་ཞིབ་བྱས།

འགན་འཛིན་འདིའི་སྐབས་སུ་སྨན་སྦྱོར་ལས་བྱེད་འཕོ་འགྱུར་བྱུང་བའི་ཡིག་ཆ་གཞིར་བཟུང་ན་ཕྱི་ལོ་ ༡༩༩༨ སྨན་སྦྱོར་འགན་གཞོན་སྨན་པ་ཆོས་དབྱིངས་ཕུན་ཚོགས་དང་ལས་དྲུང་ཕྱག་རྡོར་ཚེ་རིང་། རྩིས་པའི་ལས་རོགས་བློ་བཟང་ཆོས་འཕེལ་བཅས་རྩ་དགོངས་ཞུ་འཕྲོད་སོང་། ཕྱི་ལོ་ ༡༩༩༩ ལོར་སྨན་རྒྱུ་མཁོ་སྒྲུབ་པ་སྨན་པ་དོན་གྲུབ་ཚེ་རིང་ཤར་ཁུམ་བུ་ཡན་ལག་སྨན་ཁང་དུ་གནས་སྤོས་བཏང་ཚབ་སྨན་པ་པ་སངས་དབང་འདུས་བལ་ཡུལ་སྨན་རྒྱུ་མཁོ་སྒྲུབ་པར་ཆེད་གཏོང་དང་། ཤར་ཁུམ་བུ་སྨན་པ་བློ་བཟང་བཟོད་པ་སྨན་སྦྱོར་ཁང་དུ་གནས་སྤོས་བཏང་ཚེ་རིང་བདེ་སྐྱིད་གནས་སྤོས་ནས་སྨན་སྦྱོར་ཁང་དུ་དངུལ་དྲུང་གཅིག་ལྕོག་བསྐོ་བཞག་དང་སྐལ་བཟང་དབང་མོ་སྨན་སྦྱོར་རྩིས་པའི་ལས་རོགས་སུ་གསར་བསྐོ་བྱས། ཕྱི་ལོ ༢༠༠༠ ལོར་འདི་གའི་ལས་མི་ཀ་པ་བྱམས་པ་བསོད་ནམས། བདེ་ཆེན། ཆོས་སྒྲོན། ཚེ་རིང་ལྷ་མོ། བསྟན་འཛིན་སྒྲོལ་མ་བཅས་ལས་བྱེད་དུ་བསྐོ་བཞག་གནང་། སྨན་པ་བློ་བཟང་བཟོད་པ་ར་ཇ་པུར་གནས་སྤོས་བཏང་བ་དང་འདི་གའི་ལས་མི་ཁ་པ་བཀྲ་ཤིས་དབྱངས་འཛོམས་མན་པར་གནས་སྤོས་སོང་བ་བཅས་སོ།།

སྨན་སྦྱོར་འགན་འཛིན་སྐབས་བདུན་པ།
ཕྱི་ལོ་ ༢༠༠༡ ལོར་སྨན་སྦྱོར་འགན་འཛིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་མཐོ་སློབ་སློབ་སྤྱིར་བསྐོ་བཞག་གནང་བས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡ ཉིན་སྨན་སྦྱོར་འགན་འཛིན་དུ་བསྐོས་ཤིང་། ཁོང་གིས་དེ་ལོ་ནས་ ༢༠༠༤ ཟླ་ ༡༢ ཚེས་ ༡༩ བར་སྨན་སྦྱོར་ཁང་གི་འགན་འཛིན་གནང་། ལོ་ཡུན་དེའི་རིང་དུའང་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་སྔར་བཞིན་སྨན་སྦྱོར་ཁང་འགན་འཛིན་གཞོན་པ་ཡིན། 

སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་སྨན་སྦྱོར་འགན་འཛིན་གྱི་ཕྱག་ལས་གནང་སྐབས་ཀྱང་སྔར་རྒྱུན་ལྟར་འདི་གའི་སྨན་ལས་པ་རྣམས་གཙོས། སྨན་སློབ་རྣམས་རྡ་སའི་ཉེ་འཁོར་དང་། འབྲས་ལྗོངས། ལ་དྭགས་སོགས་སྨན་རྒྱུའི་ཐོན་ཁུངས་ཆེ་སའི་ཡུལ་གྲུ་ཁག་ཏུ་ཆེད་བསྐྱོད་ཀྱིས་སྨན་རྒྱུ་འཐུ་སྒྲུབ་དང་། སྤུས་ཉོ་བྱེད་པ་སོགས་དཀའ་བ་ཁྱད་བསད་ཀྱིས་དབུས་སྨན་རྩིས་ཁང་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་སྨན་རྒྱུ་ལྡང་ངེས་བྱེད་པའི་ལས་འགན་ལ་འབད་བརྩོན་ལྷོད་མེད་ཀྱིས་ལོ་གསུམ་རིང་ལ་སྨན་རྒྱུ་བཏུས་པ་དང་། རང་རིགས་ལྷག་བསམ་ཅན་རྣམས་ཀྱིས་ཞལ་འདེབས་གནང་བ། སྨན་རྒྱུ་ཐོན་ཁུངས་ཆེ་བའི་ས་གནས་བོད་དང་རྒྱ་བལ་འབྲུག་སོགས་ཀྱི་ས་མཚམས་དང་། ཨམྲྀཏ་སཱར། དིལླི་སོགས་ནས་སྤུས་ཉོ་བྱས་པ་བཅས་ཁྱོན་བསྡོམས་ཀི་ལོ་ ༡༥༩༤༠༡།༦༤༦ བྱུང་དང་། སྨན་མཛོད་རྫོགས་ཐོ་གཞིར་བཞག་གིས་ལོ་གསུམ་རིང་གསོལ་སྨན་བཟོ་སྐྲུན་ཞུས་པ། ཕྱི་ལོ་ ༢༠༠༡ ལོར་སྨན་སྣེ་གྲངས་ ༡༡༩ དང་།  རིན་ཆེན་བཙོ་བཀྲུ་ཟླ་ཤེལ་དང་། མང་སྦྱོར་ཆེན་མོ་བཅས་གོང་ཁག་སྨན་སྣེ་གྲངས་ ༡༢༡ ལ་ཁྱོན་བསྡོམས་ཀི་ལོ་ ༤༥༢༣༢།༠༢༩ དང་།

ཕྱི་ལོ་ ༢༠༠༢ ལོར་སྨན་སྣེ་གྲངས་ ༡༣༢ ལ་ཁྱོན་བསྡོམས་ཀི་ལོ་ ༣༩༥༥༨།༦༢༢ ཕྱི་ལོ་ ༢༠༠༣ ལོར་སྨན་དཀྱུས་མ་ཐུན་གྲངས ༢༧༠༧༦༠༡༥ དང་།  རིན་ཆེན་རིལ་བུ་ཁག་བཞི་ལ་ཀི་ལོ་ ༡༩༡༢།༨༥༠ བཅས་བཟོ་སྐྲུན་དང་། སྐུ་སྒེར་བཀའ་འབྲེལ་བཞིན་མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་སོགས་ཀྱང་སྦྱོར་བཟོས་དུས་ཐོག་འབུལ་ཐུབ་པའི་ཐོག

ཕྱི་ལོ་ ༢༠༠༡ ལོརྋརྒྱལ་བ་ཀརྨ་པའི་བླ་བྲང་གི་ཆེད་བདུད་རྩི་ཆོས་སྨན་ཀི་ལོ་ ༤༠༠ ཙམ་བཟོ་སྐྲུན་མཐུན་འགྱུར་དང་། དེ་བཞིན་ཕྱི་ལོ་ ༢༠༠༢ ལོར་ཁམས་སྤྲུལ་རིན་པོ་ཆེ་ནས་རེ་སྐུལ་གནང་པ་བཞིན་སྨན་རྒྱུ་ཀི་ལོ་ ༡༠༠ ལྷག་ཙམ་གྱིས་ཉེ་བའི་སྲས་ཆེན་བརྒྱད་ཀྱི་རིལ་བུ་གསར་བཟོ། གཞན་ཡང་རང་རིགས་སེར་སྐྱ་མི་དམངས་ཀྱི་ཆོས་ཕྱོགས་ཀྱི་ཞབས་རིམ་སླད་དགོས་གལ་ཆེ་བའི་བཟང་དྲུག་ཤོག་ཆག་ ༦༧༥ དང་བྱ་རྒྱུད་བུམ་རྫས་ཉེར་ལྔ་ཤོག་ཆག་གྲངས་ ༢༤༤ བཅས་ཞོར་དུ་བཟོ་སྐྲུན་གྱིས་མི་དམངས་ལ་མཐུན་འགྱུར་གནང་ཐུབ་འདུག

ཕྱིའི་འཛུགས་སྐྲུན་སྐོར།
སྐབས་དེར་རྒྱ་གར་ཚན་རིག་བར་འབྲེལ་ལམ་གྱིས་རིལ་བུ་སྐེམ་ཁང་དང་བཟོ་སྦྱོར་བྱས་ཟིན་བའི་སྨན་ལ་བརྟག་དཔྱད་བྱ་རྒྱུ་སོགས་ཀྱི་བཀའ་སློབ་ཞུས་པས་རིལ་སྐེམ་ཁང་དང་སྨན་རྒྱུ་འཇོག་ཡུལ་སོགས་ཡར་རྒྱས་བཏང་བ་དང་།  སྨན་རྒྱུ་ཧམ་རུལ་དང་འབུ་སྐྱོན། སྨན་ནུས་མི་འཆོར་བའི་བའི་ཆེད་དུ་གཞའ་རླན་འཐེན་བྱེད་དང་དྲོད་ཚད་སྙོམ་བྱེད་ཀྱི་འཕྲུལ་འཁོར་ཞིག་སྤུས་གཟིགས་ཀྱིས་གསར་འཛུགས་གནང་། དེ་བཞིན་སྨན་བཟོ་སྐྲུན་མྱུར་བའི་ཆེད་དུ་རིལ་ཚགས་འཕྲུལ་འཁོར་བཞི་གསར་འཛུགས་ཞུས་པ་སོགས་ཀྱིས་སྨན་སྦྱོར་ཁང་གི་བྱེད་སྒོར་ཕན་འབྲས་གང་ལེགས་བྱུང་།

གཞན་ཡང་སྐབས་དེར་བོད་སྨན་ནང་དངུལ་ཆུ་སོགས་ལྕགས་རིགས་ཡོད་པར་བསྙད་དེ་ཕྱི་རྒྱལ་དང་རང་རེའི་སྤྱི་ཚོགས་ནང་ཐུགས་དོགས་མང་དག་ཅིག་བྱུང་བར་སོང་འཛིན་སྐྱོང་དང་གྲོས་བསྡུར་གྱིས་དཱ་རི་ས་གནས་སུ་ཁང་བ་གླས་ཏེ་སྨན་པ་གཅིག་དང་ལས་བྱེད་དྲུག་ཆེད་འཛུགས་ཀྱིས་ ༢༠༠༢ ཟླ་ ༡༡ ཚེས་ ༡ ནས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་བྱས་ནས་ཕྱི་ལོ་ ༢༠༠༣ ཟླ་ ༣ བར་སྨན་སྣ་གྲངས་ ༢༧ བཟོ་སྐྲུན་ཞུས་ཏེ་སྨན་སྣ་ཁག་འགའ་ལྡི་ལི་ཤི་རི་རམ་ཚན་རིག་སྡེ་ཚན་དང་།  ཧོ་ལནཌ་དུ་བརྟག་དཔྱད་བྱས་པར་འབྲས་བུ་ཧ་ཅང་ལེགས་པོ་བྱུང་།  ཕྱི་ལོ་ ༢༠༠༢ ལོར་སྨན་རྒྱུ་ལ་གཞིག་སྟེ་གསར་སྦྱོར་ཞུ་ཐུབ་པའི་སྨན་ཤིང་མངར་དྲུག་པ། སོ་སྣུམ་བདུན་པ། མྱང་སྤྲས་ལྔ་པ། ལུག་མུར་བདུན་པ། བླ་མེད་རིལ་བུ། བདུད་རྩི་སུམ་སྦྱོར། བདུད་རྩི་ལྔ་ལུམས་ཁ་ཚར་ཅན་བཅས་གསར་དུ་བཟོ་སྐྲུན་གྱིས་ཕན་ཡོན་དང་མཉམ་དུ་ཡན་ལག་སྤྱི་ཁྱབ་འགན་འཛིན་བརྒྱུད་ཡན་ལག་སྨན་ཁང་ཁག་སོ་སོར་འབུལ་ཐུབ་བྱུང་བ་དང་། ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་ནས་བྱུང་བའི་གློ་ཚད་གཉན་རིམས་དེ་བཞིན་འཛམ་གླིང་ཡོངས་ལ་དར་ཁྱབ་བྱུང་བའི་སྐབས་སྔོན་འགོག་ཆེད་རིམས་སྲུང་རིལ་བུ་ཐུན་གྲངས་ ༤༥༣༩༣༣ བཟོ་སྐྲུན་ཞུས་པས་ཕན་ཐོགས་གང་ལེགས་བྱུང་།  འགན་འཛིན་འདིའི་སྐབས་སྨན་སྦྱོར་ལས་བྱེད་འཕོ་འགྱུར་བྱུང་བའི་ཡིག་ཆ་གཞིར་བཟུང་ན། ཕྱི་ལོ་ ༢༠༠༢ ལོར་སྨན་སྦྱོར་སྡེ་ཚན་གྱི་རྩིས་པ་སྐལ་བཟང་དབང་མོ་ལོ་གཉིས་རིང་སློབ་སྦྱོང་ཆེད་དགོངས་འཁྲོལ་གྱི་ཚབ་ཏུ་སྨན་ཚོང་རྩིས་པ་བསོད་ནམས་སྟོབས་རྒྱལ་ལགས་བསྐོ་བཞག་གིས་ལས་ཁུར་གནང་། ཕྱི་ལོ་ ༢༠༠༣ ལོར་སྨན་པ་བསྟན་འཛིན་ལེགས་བཟང་དང་རྩིས་པ་ཚེ་རིང་དབྱངས་ཅན་སྡེ་ཚན་འདིར་གསར་བསྐོ་དང་། སྡེ་ཚན་རྩིས་པ་བསོད་ནམས་སྟོབས་རྒྱལ་སྦེང་ལོར་ཡན་ལག་སྨན་ཁང་དུ་གནས་སྤོས་སོང་བ་བཅས་སོ།།

སྨན་སྦྱོར་འགན་འཛིན་སྐབས་བརྒྱད་པ།  
ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༡ ནས་སྨན་རམས་པ་ངག་དབང་མཁྱེན་བརྩེ་ལགས་སྨན་སྦྱོར་འགན་འཛིན་དུ་བསྐོ་བཞག་གནང་སྟེ། ༢༠༠༧ ཟླ་ ༧ ཚེས་ ༡ བར་ཁོང་གིས་སྨན་སྦྱོར་འགན་འཛིན་གྱི་ཕྱག་ལས་གནང་།  འགན་འཛིན་ཁོང་གི་སྐབས་ལོ་གཉིས་རིང་སྔར་རྒྱུན་བཞིན་སྨན་རྒྱུ་མཁོ་སྒྲུབ་ཁོངས་སོ་སོ་སྟེ་མ་རིའི་ལ་སོགས་ནས་འཐུ་སྒྲུབ་བྱས་པ་དང་།  སྦྱིན་བདག་ཅིག་གིས་ཞལ་འདེབས། སྤུས་ཉོ་ཞུས་པ་སོགས་སྨན་རྒྱུ་ཁྱོན་བསྡོམས་ཀི་ལོ་ ༡༠༧༨༣༩།༩༩༩ ཙམ་མཁོ་སྒྲུབ་ཞུ་ཐུབ་པ་བྱུང་འདུག་པ་མ་ཟད། སྨན་མཛོད་ཀྱི་རྫོགས་ཐོ་གཞིར་བཟུང་གིས་ཕྱི་ལོ་ ༢༠༠༥ ལོར་སྨན་དཀྱུས་མ་ཀི་ལོ་ ༣༢༧༢༧།༧༧༠ དང་། རིན་ཆེན་གཡུ་རྙིང་ཉེར་ལྔ་དང་། རིན་ཆེན་ཚ་སྦྱོར་ཆེན་མོ། རིན་ཆེན་བྱུར་དམར་ཉེར་ལྔ། བཙོ་བཀྲུ་ཟླ་ཤེལ་ཆེན་མོ་བཅས་རིན་ཆེན་རིལ་བུ་ཁག་བཞི་ལ་ཐུན་གྲངས་ ༡༢༤༦༢༦༣ དང་བཀའ་འབྲེལ་མཎི་རིལ་བུ་ཀི་ལོ་ ༢༠༠༠ བདུད་རྩི་ཆོས་སྨན་ཀི་ལོ་ ༡༠༦༠ བདེ་སྲུང་ལས་ཁུངས་ལ་གཞིས་ལུས་མི་དམངས་ཆེད་མ་ཎི་རིལ་བུ་ཀི་ལོ་ ༡༠༠ བཟོ་སྐྲུན་མཐུན་འགྱུར་གནང་བ་དང་།  ད་དུང་སྐྲ་སྣུམ་དང་རླུང་སྤོས། སྨན་བསངས། གཟིམ་སྤོས། སྨན་སྣ་བཅས་སྦྱོར་བཟོ་གནང་བ་དང་། ཕྱི་ལོ་ ༢༠༠༦ ལོར་སྨན་དཀྱུས་མ་ཀི་ལོ་༢༨༦༩༧།༤༠༠ རིན་ཆེན་རིལ་བུ་གྲངས་ ༣ ལ་ཀི་ལོ་ ༡༡༢༥།༥༠༠ ཅོང་ཞི་ཟླ་འོད་ཀི་ལོ་ ༦༦༣།༧༠༠ དང་། ལྕགས་རྩི་ཟླ་འོད་ཀི་ལོ་ ༤༦༢།༣༠༠ སྨན་བསངས་དང་། སྐྲ་སྣུམ། སྨན་སྣ་བཅས་བཟོ་སྦྱོར་ཞུས།

ཕྱིའི་འཛུགས་སྐྲུན་སྐོར།
སྐབས་དེར་སྨན་སྦྱོར་སྒོ་ཆེན་འགྲམ་དུ་སྨན་སྦྱོར་ཡིག་ཚང་དང་ཚན་རིག་སྡེ་ཚན། རིལ་བུ་ཐིམ་ཁང་བཅས་ཡོད་པའི་ཐོག་བརྩེགས་གསུམ་ཅན་ཞིག་གསར་རྒྱག་བྱས་པས་རིན་ཆེན་རིལ་བུ་དང་གསོལ་སྨན་གྲངས་བཤེར་ཐུམ་རྒྱག་ཁང་བཅས་གཙང་འཕྲོད་ལེགས་པ་དང་། སྨན་སྐེམ་སའི་ཁང་པ་གཉིས་ཀྱི་ཐོག་གི་ཀོ་ཤེལ་རྙིང་བ་རྣམས་ལྕགས་ཤོག་ཏུ་གསར་བརྗེ་ཞུས་པ། སྨན་འཐག་འཕྲུལ་འཁོར་ཞིག་སི་ཀྲིལ་རྒྱུ་ཆ་སྤུས་ལེགས་ཐོག་གསར་ཉོ་ཞུས་པ། དབྱར་ཁ་ཚ་བའི་དུས་སུ་རིལ་སྒྲིལ་ཁང་གི་ལས་བྱེད་རྣམས་ལ་གཙང་འཕྲོད་གང་ལེགས་དང་།  རྔུལ་ཆུ་མི་ཡོང་སླད་གྲང་གློག་ AC བཞི་དང་།  ཞ་ལ་དཀར་ཡོལ་ Tiles གསར་སྐྲུན་ཞུས་པ། སྨན་རྒྱུ་དང་རིལ་བུ་སྐེམ་ཁང་གཉིས་ལའང་ཞ་ལ་དཀར་ཡོལ་ Tiles བཏིང་བ་དང་། ཆར་དུས་སུ་རིལ་བུ་མི་སྐམ་པའི་དཀའ་ངལ་སེལ་ཆེད་ཉི་འོད་དང་གློག་ཤུགས་གཉིས་གང་འོས་བེད་སྤྱོད་བྱ་ཆོག་པའི་ Solar འཕྲུལ་ཆས་གསར་འཛུགས། སྨན་རྩིས་ཁང་ནས་བཟོ་སྐྲུན་བྱེད་བཞིན་པའི་སྨན་དང་ཐོན་རྫས་སོགས་ལ་ཚན་རིག་པས་བརྟག་དཔྱད་བྱ་ཡུལ་གཞི་རྒྱ་ཆེ་བ་བྱུང་བ་དང་། དེ་བཞིན་སྨན་མཛོད་ཆེ་བ་གཉིས་གྲང་གློག་ཁང་བཟོས་པས་སྨན་རྒྱུ་ཚི་ཅན་དང་ཧམ་རིལ་འགྲོ་སླ་བ་རྣམས་ཉར་ཚགས་བྱེད་བདེའི་ཕན་རླབས་ཆེན་པོ་བྱུང་ཡོད།

འགན་འཛིན་འདིའི་སྐབས་སུ་ཡང་སྨན་སྦྱོར་ལས་བྱེད་འཕོ་འགྱུར་བྱུང་བའི་ཡིག་ཆ་གཞིར་བཟུང་ན། ཕྱི་ལོ་ ༢༠༠༥ ལོར་ སྦོམ་སྦེ་ཡན་ལག་སྨན་ཁང་ལས་བྱེད་བསྟན་འཛིན་སྒྲོལ་མ།འཛིན་སྐྱོང་སྤྱི་གཉེར་དཔལ་འབྱོར་ཟླ་བ་ལགས། ཕབ་སྒྱུར་སྡེ་ཚན་གྱི་སྨན་པ་པ་སངས་དབང་འདུས། ར་བང་ལ་ཡན་ལག་སྨན་ཁང་གི་སྨན་པ་ངག་དབང་བཟོད་པ། སྨན་མཛོད་ལས་བྱེད་མགོན་པོ་བཅས་འདི་ག་སྦྱོར་ཁང་དུ་གནས་སྤོས་དང་། ཐུབ་བསྟན་འོད་ཟེར་དང་ཡར་ཐར་གཉིས་ཚོད་ལྟའི་ལས་བྱེད་ནས་ལས་ངོར་བསྐོ་བཞག་གནང་། རྩིས་པ་ལྷ་མོ་ཆེ་རིང་སྨན་སྦྱོར་དངུལ་གཉེར་དང་ལས་དྲུང་གཅིག་ལྕོགས་ལ་གནས་སྤོས་གནང་། འདི་གའི་ལས་བྱེད་བློ་བཟང་རྡོ་རྗེ་ནས་རྩ་དགོངས་ཞུས་པ་དང་། བསྟན་འཛིན་དབྱངས་འཛོམས་དང་། ཐུབ་བསྟན་དར་རྒྱས་གཉིས་ཕྱིར་སྐྱོད་རྩ་དགོངས་སོང་། དངུལ་དྲུང་བདེ་སྐྱིད་ལགས་སྨན་རྩིས་ཁང་སྒྲིག་ཁོངས་ནས་རྩ་དགོངས་ཞུས་ནས་ཨ་རིར་བསྐྱོད། འདི་གའི་ལས་བྱེད་བདེ་ཆེན་དང་བསྟན་འཛིན་སྒྲོལ་མ། རྟ་མགྲིན་ཚེ་རིང་བཅས་པཱ་ནི་པ་ཏར་གནས་སྤོས་སོང་། སྨན་སྦྱོར་ལས་བྱེད་བཀྲ་ཤིས་ཟླ་བ་སྨན་མཛོད་ཁང་དུ་གནས་སྤོས་སོང་བ་བཅས་སོ།།

སྨན་སྦྱོར་འགན་འཛིན་སྐབས་དགུ་པ།  
ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༣ ནས་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་སྨན་སྦྱོར་འགན་འཛིན་དུ་བསྐོ་བཞག་དང་། ༢༠༠༨ ལོར་སྨན་རམས་པ་བསྟན་འཛིན་མཐའ་ཡས་འགན་འཛིན་གཞོན་པར་བསྐོ་བཞག་གནང་ཞིང་།  སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱིས་སྨན་སྦྱོར་འགན་འཛིན་གྱི་ཕྱག་ལས་གནང་བའི་སྐབས་སྨན་སྦྱོར་སྡེ་ཚན་ལ་ཡིག་ཚང་དང་བཟོ་སྦྱོར་སྡེ་ཚན་གཉིས་དང་། སྡེ་ཚན་འདིའི་འཛིན་སྐྱོང་འོག སྨན་རྒྱུ་མཁོ་སྒྲུབ་ཚན་པ་དང་། སྨན་རྒྱུ་བདག་གཉེར་ཚན་པ། སྨན་རྒྱུ་གཙང་བཟོ་ཚན་པ། སྦྱོར་བཟོ་ཚན་པ། བཙོ་བསྲེག་ཚན་པ། སྨན་འཕྲུལ་འཐག་ཚན་པ། རིལ་བཟོ་ཚན་པ། གྲངས་བཤེར་ཚན་པ། འཕྲུལ་འཁོར་བཟོ་བཅོས་ཚན་པ། དངོས་རིགས་བདག་གཉེར་ཚན་པ་བཅས་བཅུ་ཡོད་ལ། ཡིག་ཚང་དུ་སྨན་པ་བདུན་དང་རྩིས་པ་གཅིག་དངུལ་དྲུང་གཅིག་བཅས་སྨན་ལས་དགུ་ཡོད། དེ་རྣམས་ཀྱིས་སྨན་སྦྱོར་ཁང་གི་འཛིན་སྐྱོང་དང་། སྨན་རྒྱུ་ཆིག་སྟོང་ལྷག་ངོས་འཛིན་དང་རྒྱུན་དུ་མཁོ་གལ་ཆེ་བའི་སྨན་རྒྱུ་སྣེ་གྲངས་ལྔ་བརྒྱ་ལྷག་ལ་ལོ་རེར་ཀི་ལོ་དྲུག་ཁྲི་ལྔ་སྟོང་ཙམ་མཁོ་སྒྲུབ་བྱེད་བཞིན་པ་དང་། སྨན་རྒྱུ་ལས་སྣོན་ལ་ལམ་སྟོན་བལྟ་རྟོགས་ནན་ཏན་བྱེད་བཞིན་ཡོད།

བཟོ་སྐྲུན་སྡེ་ཚན་ལ་ལས་བྱེད་བཞི་བཅུ་དང་། ལས་མི་བཅུ་བདུན་བཅས་ཡོད་པ་རྣམས་ནས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ལྔ་བཅུ་ང་ལྔ་དང་། ཕྱིའི་རྒྱལ་ཁབ་ ༣༩ ཙམ་ལ་སྨན་པ་ཆེད་ཕེབས་སམ། སྦྲག་ཁང་བརྒྱུད་བོད་སྨན་གཏོང་མུས་བཅས་ལ་རྒྱུན་མཁོའི་སྨན་སྣ་བརྒྱ་དང་དྲུག་བཅུ་རེ་ལྔ་དང་། རིན་ཆེན་རིལ་བུ་ཁག་བརྒྱད་བཅས་ལོ་རེར་ཁྱོན་ཐུན་གྲངས་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་བཞི་ལྷག་བཟོ་སྐྲུན་གྱིས་དུས་ཐོག་མཁོ་སྤྲོད་བྱེད་བཞིན་པ་དང་། སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་ལ་ཉམས་ཞིབ་ཆེད་སྨན་སྦྱོར་གང་དགོས་བཟོ་སྐྲུན་གྱིས་དུས་ཐོག་འབུལ་བཞིན་པ། ད་དུང་འཛམ་གླིང་ཁྱོན་ལ་གཉན་རིམས་དར་བར་ཞིབ་འཇུག་གིས་དེ་དག་སྔོན་འགོག་ཆེད་རིམས་སྲུང་རིལ་བུ་དང་གསོལ་སྨན་སྡེབ་སྦྱོར་སོགས་དུས་ཐོག་བྱེད་བཞིན་ཡོད། འགན་འཛིན་ཁོང་གི་སྐབས་སྟེ་ཕྱི་ལོ་༢༠༠༧ ནས་ ༢༠༡༡ ༼གནང་མུས༽ བར་གྱི་ལོ་བཞིའི་རིང་འདི་ག་སྡེ་ཚན་གྱི་སྨན་ལས་རྣམས་དང་། སྨན་སློབ་མཉམ་འབྲེལ་གྱིས་སྨན་རྒྱུ་བཏུས་པ་ཁྱོན་བསྡོམས་ཀི་ལོ་ ༥༥༥༥༢།༢༠༤ དང་། ཞལ་འདེབས་ལས་བྱུང་བ་ཀི་ལོ་ ༦༩༦༩།༦༧༦ དང་། ཕྱི་ལོ་ ༢༠༠༧ ནས་ ༢༠༠༩ བརཉོ་སྒྲུབ་བྱས་པ་ཀི་ལོ་ ༡༧༢༨༨༦།༡༤༠ དང་། དེ་ལྟར་ཉོ་སྒྲུབ་བྱས་པ་དངུལ་བསྒྱུར་ཞུས་ན་ཧིན་སྒོར་ ༡༩༢༣༣༥༩༩།༢༠ ཟིན་ཡོད། སྨན་མཛོད་ཀྱི་རྫོགས་ཐོ་བཞིན་གསོལ་སྨན་སྦྱོར་བཟོ་ཞུས་པ་ཕྱི་ལོ་ ༢༠༠༧ ལོར་སྨན་སྣེ་གྲངས་ ༧༣ ལ་ཐུན་གྲངས ༢༤༨༤༥༢༠༢ དང་། རིན་ཆེན་ལྕགས་རིལ་ཆེན་མོ། རིན་ཆེན་བྱུར་དམར་ཉེར་ལྔ། རིན་ཆེན་རཏྣ་བསམ་འཕེལ། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། རིན་ཆེན་གཡུ་རྙིང་ཉེར་ལྔ་བཅས་སྨན་སྣེ་ལྔ་ལ་ཐུན་གྲངས་ ༡༨༨༠༠༣༢ བཅས་བཟོ་སྐྲུན་དང་། ཅོང་ཞི་ཟླ་འོད། ལྕགས་རྩི་ཟླ་འོད་བཟོ་སྐྲུན་དང་། རིན་ཆེན་བཙོ་ཐལ་འདུལ་སྦྱངས་ཆེད་ཟངས་ཐལ་དང་།ལྕགས་ཐལ། རག་ཐལ། འཁར་ཐལ། ཞ་ཐལ། གཤའ་ཐལ། ཁམས་བདུན་ཐལ་བཅས་ལ་ལས་སྣོན་བྱས་འདུག་པ་མ་ཟད་། སྨན་བསངས་དང་སྨན་ཕྱེ་བཅས་བཟོ་སྐྲུན་ཞུས།

ཕྱི་ལོ་ ༢༠༠༨ ལོར་སྨན་སྣེ་གྲངས་ ༩༤ ལ་ཀི་ལོ་ ༤༦༧༣༠།༢༥༠   དང་། རིན་ཆེན་ཚ་སྦྱོར་དང་། མང་སྦྱོར། བཙོ་བཀྲུ་ཟླ་ཤེལ་བཅས་ལ་ཀི་ལོ་ ༡༦༠༥།༥༠༠ བཟོ་སྦྱོར་དང་། ལྕགས་རྩི་ཟླ་འོད་དང་། ཅོང་ཞི་ཟླ་འོད། ལྕགས་རྩི་དཀྱུས་མ། ཕུར་ནག་དང་དབྱི་མོང་། སྒྲོན་ཤིང་བཅས་ནུས་བསྲེགས་དང་སྐྱེར་ཤུན་ཁན་ཌ་བཅས་བཟོ་སྐྲུན་ཞུས། ཕྱི་ལོ་ ༢༠༠༩ ལོར་ཁྱོན་བསྡོམས་གསོལ་སྨན་ཀི་ལོ་ ༡༢༧༤ དང་། ཕྱི་ལོ་ ༢༠༡༠ ལོར་སྨན་ཐུན་དཀྱུས་མ་ཐུན་གྲངས་ ༢༧༧༠༤༨༡༨ དང་། རིན་ཆེན་རིལ་བུ་ཐུན་གྲངས་༢༣༨༩༩༣༧ བཅས་བཟོ་སྐྲུན་ཞུས་ཡོད།

ཕྱིའི་འཛུགས་སྐྲུན་སྐོར།
འདས་པའི་ལོ་ལྔའི་ནང་དབུས་འཛིན་སྐྱོང་ནས་རྒྱབ་སྐྱོར་ལམ་སྟོན་འོག་སྨན་སྦྱོར་ཁང་གི་འཕྲུལ་འཐག་ཁང་གཉིས། རིལ་སྒྲིལ་ཁང་། རིལ་སྐམ་ཤེལ་ཁང་གཉིས་བཅས་ལྔ་ལ་དཀར་ཡོལ་གྱི་ཞལ་ལ་བཏང་བ་དང་།  དེ་བཞིན་སྨན་རྒྱུ་གཙང་བཟོ་འཕྲུལ་ཆས་དང་། རིན་ཆེན་རིལ་བུ་ཐུམ་རྒྱག་འཕྲུལ་ཆས། གསོལ་སྨན་བཅུ་ཐུན་ཐུམ་རྒྱག་འཕྲུལ་ཆས། སྨན་ཕྱེ་ཐུམ་རྒྱག་འཕྲུལ་ཆས་བཅས་འཚོལ་ཞིབ་མཁོ་སྒྲུབ་ཞུས་ནས་ལས་མགོ་བཙུགས་པ་བཅས་ཀྱིས་ལས་ཡུལ་གཙང་འཕྲོད་ལྡན་ལ་མཛེས་པ་མ་ཟད། ལས་ཚད་མྱུར་ལ་གཙང་འཕྲོད་ལེགས་པ། ཟ་བདེ་སྤྱོད་བདེ་ཡོད་པ་སོགས་དེང་དུས་དང་མཐུན་པའི་གསོལ་སྨན་བཟོ་སྐྲུན་བྱེད་པར་རྨང་གཞི་འཛུགས་ཐུབ་པ་བྱུང་བས། སྨན་རྒྱུ་འཇོག་ཡུལ་འཇོག་ཚུལ་དང་བཟོ་སྐྲུན་ལས་རིམ་བཅས་ལ་གཙང་འཕྲོད་སོགས་གང་ལེགས་ཡོད་པ་ཆེད་ལས་པ་དང་ལྟ་སྐོར་བ་ཡོངས་ནས་བསྔགས་བརྗོད་ཐོབ་ཡོད། དེ་བཞིན་སྨན་གྱི་ཐོན་སྐྱེད་ཡང་ལོ་ལྟར་འཕར་བཞིན་ཡོད་པས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་ལོ་གཅིག་རིང་གསོལ་སྨན་ཐུན་གྲངས་འབུམ་ ༣༨༤ ལྷག་བཟོ་སྐྲུན་བྱེད་ཐུབ་པ་བྱུང་བས་སྨན་རྩིས་ཁང་གི་ལོ་རྒྱུས་ནང་གསོལ་སྨན་བཟོ་སྐྲུན་གྱི་ཕོན་འབོར་ཆེ་ཤོས་དེ་ཆགས་ཡོད། ཁྱད་པར་སྨན་སྦྱོར་སྡེ་ཚན་ནས་རིན་ཆེན་བཅུད་རྒྱལ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐེངས་ལྔ་བྱས་ཡོད་ལ། ༢༠༠༨ ལོའི་ཐེངས་ལྔ་བའི་བཅུད་རྒྱལ་བཙོ་བཀྲུ་ལས་སྣོན་ཞུས་སྐབས་ཁྱོན་བསྡོམས་ཀི་ལོ་ ༡༡༥ ལེགས་གྲུབ་བྱུང་བ་ཡང་ཕོན་འབོར་མཐོ་ཤོས་དེ་ཆགས་ཡོད་པ་སོགས་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་ནི་གཙོ་བོ་སྨན་རྩིས་ཁང་འཛིན་སྐྱོང་ནས་རྒྱབ་སྐྱོར་དང་སྨན་སྦྱོར་སྡེ་ཚན་འགན་འཛིན་རིམ་བྱོན་གྱིས་འབད་རྩོན། སྨན་ལས་རྣམས་ཀྱིས་དཀའ་ངལ་ཁྱད་བསད་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

སྤྱིར་བོད་ཀྱི་སྨན་སྦྱོར་ལག་ལེན་ནི་མི་ལོ་སུམ་སྟོང་ཙམ་གྱི་སྔོན་ནས་རང་རེའི་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་ཕྱིའི་འཇིག་རྟེན་ཁམས་ཀྱི་འབྱུང་བ་ལྔའི་ངོ་བོ་དང་བྱེད་ནུས་གསལ་རྟོགས་བྱུང་བ་དང་། འབྱུང་བ་དེ་རྣམས་ཀྱིས་བསྐྱེད་པའི་སྐྱེ་དངོས་སྔོ་ལྡུམ་རྩི་ཤིང་གི་ནུས་པར་ཞིབ་འཇུག་གིས་དེ་དང་རྒྱུ་མཐུན་འབྱུང་བས་བསྐྱེད་པའི་མིའི་ལུས་ཀྱི་ནད་རིགས་གསོ་བཅོས་བྱེད་ཐུབ་པ་གསལ་རྟོགས་དང་། ཁྱད་པར་སྐྱེ་དངོས་སྔོ་ལྡུམ་རྩི་ཤིང་རིགས་ཀྱི་རོ་ནུས་ཞུ་རྗེས་གཞིར་བཟུང་གིས་ཕན་ཚུན་སྡེབ་སྦྱོར་བྱས་པས་ནད་རིགས་སྣ་ཚོགས་གསོ་བཅོས་བྱེད་པར་དམིགས་བསལ་གྱིས་ཕན་སྐྱེད་ཆེན་པོ་ཡོད་པའི་ཉམས་མྱོང་བྱུང་བ་དང་། ད་དུང་སྐྱེས་ཆེན་དམ་པ་རྣམས་ཀྱི་རྟོགས་པ་ཏིང་ངེ་འཛིན་གྱི་ནུས་སྟོབས་ཀྱིས་སྨན་ནུས་ཁྱད་པར་བ་གསལ་རྟོགས་བྱུང་བ། དེ་བཞིན་རྒྱ་གར་ནག་དང་། ཏ་ཟིག་སོགས་ཡུལ་གྲུ་གཞན་གྱི་གསོ་རིག་གི་ལེགས་ཆ་བསྡུ་ལེན་བྱས་པ་སོགས་སྔོན་བྱོན་མཁས་དབང་རྣམས་ནས་དུས་རབས་མང་པོར་ཞིབ་འཇུག་གིས་ཐབས་ལམ་སྣ་ཚོགས་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་ལས་གྲུབ་པའི་སྨན་སྦྱོར་ལག་ལེན་ཞིག་ཡིན་ལ། འདི་ཉིད་འཛམ་གླིང་ཐོག་འབུར་དུ་ཐོན་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྔར་གྱི་མཐོང་བརྒྱུད་ཕྱག་ལེན་རྣམས་འགལ་འཁྲུལ་ཉམས་པ་མེད་པར་རྒྱུན་འཛིན་བྱས་ཐོག་དེང་དུས་སྔོན་ཐོན་ཚན་རིག་ལག་རྩལ་གྱི་ཐོན་རྫས་འཕྲུལ་ཆས་རིགས་བེད་སྤྱོད་བྱས་པ་ཟུང་འབྲེལ་གྱིས་སྨན་སྦྱོར་ལག་ལེན་བྱེད་བཞིན་ཡོད། སྡེ་ཚན་འདིས་སྔོ་ཁྲོག་སོགས་ཀྱི་དགོས་མཁོའི་སྨན་རྒྱུ་རྒྱ་བོད་གཉིས་ནས་མཁོ་སྒྲུབ་དང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁུངས་ལྡན་ཁག་ལ་གཞི་བཅོལ་ཏེ། ལག་ལེན་ཚད་ལྡན་ཐོག་དེང་དུས་ཚན་རིག་དང་མཐུན་པའི་སྨན་གྱི་སྤུས་ཚད་སྟངས་འཛིན་ལམ་ལུགས་གཞིར་བཟུང་། ཡར་ཐོན་འཕྲུལ་ཆས་ལ་བརྟེན་ནས་གསོལ་སྨན་སྤུས་དག་ཅིང་ཚད་དང་ལྡན་པའི་རིན་ཆེན་སྣེ་གྲངས་བརྒྱད་དང་། སྨན་དཀྱུས་སྣེ་གྲངས་བརྒྱ་དང་བདུན་ཅུ་དོན་གསུམ་བཟོ་སྐྲུན་གྱིས། ཁྱབ་ཁོངས་ཡན་ལག་སྨན་ཁང་གི་དགོས་མཁོ་བཞིན་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། སྨན་སྣེ་དེའི་ནང་ནས་སུམ་ཅུ་སོ་ལྔ་ནི་ལོ་ངོ་ལྔ་བཅུའི་རིང་།  དེང་དུས་ནད་གཞི་དང་བསྟུན་པའི་གསར་བཟོ་ཞུས་པ་ཡིན།

ལོ་ལྟར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན། མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་སྦྱོར་སྐྲུན་ཞུ་མུས་དང་། དེ་བཞིན་ལོ་ལྟར་སྨན་དང་སྨན་རྒྱུ་བཅས་པར་གཡུ་ཐོག་སྙིང་ཐིག་གི་སྒོ་ནས་སྨན་སྒྲུབ་ཞུ་བཞིན་ཡོད་པ་དང་།  གཞན་སྡེ་ཚན་འདི་དང་མཐོ་སློབ་ཟུང་སྦྲེལ་ཐོག་ལོ་རེ་བཞིན་ཟླ་བ་གཅིག་ཙམ་ལ་མ་ནཱ་ལི་ཁུལ་སོགས་ཀྱི་ཡུལ་གྲུ་ཁག་ཏུ་སྨན་འཐུ་བར་སྐྱོད་ཀྱིན་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༧་ ཚེས་ ༡ ནས་ལོ་གསུམ་རིང་། སྨན་སྦྱོར་ཁང་འདི་ཉིད་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་དེབ་སྐྱེལ་ཞུས། སྔར་མོ་ནས་ྋགོང་ས་མཆོག་གིས་སྨན་གྱི་སྤུས་ཚད་ལེགས་ཤིང་། ཟ་བདེ་སྤྱོད་བདེ། གཙང་འཕྲོད་ལེགས་པོ་ཡོང་ཐབས་སུ་འགྱུར་བཅོས་དགོས་པའི་བཀའ་ཕེབས་དོན་བཞིན། ཕྱི་ལོ་ ༢༠༠༥ ནས་བཟུང་སྨན་གྱི་སྤུས་ཚད་སྟངས་འཛིན་ལེགས་པོ་ཡོང་ཐབས་སུ། དིལླི་ Shriram Institute for Industrial Research དང་བགྲོ་གླེང་དང་ལམ་སྟོན་ཞུས་ཏེ། དེང་དུས་ཚན་རིག་དང་མཐུན་པའི་ཚད་ལྡན་བཟོ་སྐྲུན་ལག་ལེན་ GMP ལ་སློབ་སྦྱོང་གིས་དེ་དང་མཐུན་གང་ཐུབ་ཀྱིས་གཤམ་གསལ་ལྟར་འགྱུར་བཅོས་ཞུས་ཡོད།

༡ སྨན་རྒྱུའི་སྤུས་ཚད་སྟངས་འཛིན་ཆེད་གནའ་དེང་ཟུང་སྦྲེལ་ཐོག་ནས་གཏན་འབེབས་ཞུས་བ།
༢ ཕྱེ་འཐག་འཕྲུལ་ཆས་རྙིང་བ་རྣམས་དེང་དུས་ཚད་ལྡན་བཟོ་སྐྲུན་ལག་ལེན GMP གྱི་ཚད་གཞི་དང་མཐུན་པར་བསྒྱུར་བ། གསར་བརྗེས་ཀྱིས་ངར་ལྕགས་ཚད་ལྡན་གྱི་འཕྲུལ་ཆས་ནང་སྨན་འཐག་བྱེད་པ། བཏགས་ཟིན་པའི་ཕྱེ་མ་རྣམས་ཕན་ཚུན་ཞིབ་འདྲེས་ཡོང་ཆེད་འདྲེས་བྱེད་འཕྲུལ་ཆས Mixture machine གསར་འཛུགས་བེད་སྤྱོད་ཞུས་བ།
༤ རིལ་སྒྲིལ་ཁང་གི་རླུང་གཙང་བཟོའི་འཕྲུལ་ཆས་དང་། གྲང་གློག ཁོར་ཡུག་སོགས་བཟོ་བཅོས་ཀྱིས་གཙང་འཕྲོད་སྔར་ལས་ལེགས་སུ་བཏང་བ།
༥ སྨན་རྒྱུ་དང་། ཕྱེ་མ། ཁཎྜ་སོགས་ཀྱི་སྣོད་ཆ་ཚང་ཟས་སྨན་བླུག་ཆོག་པའི་ཚད་ལྡན་བཟོ་སྐྲུན་ལག་ལེན་གྱི་ GMP ཚད་གཞི་ལྟར་གསར་བརྗེ་ཞུས་པ།
༦ རིལ་བུ་སྐེམ་སའི་སྒྲོམ་དང་རྒྱུ་ཆ་རྣམས་ཚད་ལྡན་བཟོ་སྐྲུན་ལག་ལེན་གྱི  GMP ཚད་གཞི་ལྟར་ངར་ལྕགས་ཚད་ལྡན་ལས་གསར་བརྗེ་ཞུས་པ།
༧ ཉི་འོད་དྲོད་ Solar drying system དང་གློག་འོད་གཉིས་ལྡན་ཐོག་ནས་སྨན་སྐེམ་རྒྱུའི་འཕྲུལ་ཆས་གསར་འཛུགས་ཀྱིས་གནམ་གཤིས་ཆར་ཞོད་སྐབས་ཕན་ཐོགས་ངེས་ཅན་ཞིག་བྱུང་།
༨ སྐམ་ཟིན་པའི་རིལ་བུ་རྣམས་འཕྲུལ་ཆས་ཀྱིས་ཐུམ་རྒྱག་མ་བྱས་སྔོན་སྤུས་ཚད་བརྟག་དཔྱད་ཚན་པས་བརླན་གཤེར་གྱི་ཚད་གཞི་བརྟག་དཔྱད་བྱེད་བཞིན་ཡོད།
༩ ཐུམ་ཆས་ཀྱི་རྒྱུ་ཆ་རྣམས་ཟས་སྨན་སོགས་བླུག་ཆོག་ཅིང་བཞའ་ཚན་འགོག་ཐུབ་པའི་རིགས་བེད་སྤྱོད་བྱེད་བཞིན་ཡོད། དེའི་ནང་རིལ་བུ་དང་ཕྱེ་མའི་རིགས་ཚུད་ཡོད།
༡༠ སྨན་རྣམས་ཆ་ཚང་ཐུན་ཚད་གཏན་འབེབས་ཐོག་ཐུམ་རྒྱག་རྒྱུའི་ཐད་ལོ་ཤས་རིང་ཕྱོགས་གང་ས་ནས་ཚོད་ལྟ་དང་ཉམས་ཞིབ་བྱས་ཏེ། གཙང་འཕྲོད་ལེགས་པ་དང་། བདག་ཉར་བདེ་བ། སྨན་ནུས་མི་འཆོར་བ། ཧམ་རུལ་འགོག་པ། དུས་ཚོད་མྱུར་བ། གྲངས་བཤེར་རྩིས་རྒྱག་བདེ་བ་སོགས་ཀྱི་ཁྱད་ཆོས་མང་དག་ཅིག་ལྡན་ཡོད། དེར་བརྟེན་སྨན་དཀྱུས་རིལ་བུ་སོབ་པའི་རིགས་གནས་སྐབས་དབྱིབས་རང་འཇགས་ཐོག་ཐུན་ཚད་ངེས་གཏན་འཕྲུལ་ཆས་ཀྱིས་ཐུམ་རྒྱག་བཞིན་པ་དང་། དེ་བཞིན་རིལ་བུ་མཁྲེགས་པོ་གྲངས་ ༡༣ ལ་རིལ་གཟུགས་མ་ཡིན་པར་ཧྲོབ་ཐུན་བདུད་རྩི་ཆོས་སྨན་ལྟར་མཆོད་བདེ་བ་བཟོས་ཡོད།
༡༡ རིན་ཆེན་རིལ་བུ་རྣམས་འདས་པའི་ནང་ཐུམ་རྒྱག་ཆ་ཚང་མི་རང་གི་ནུས་ཤུགས་ལ་བརྟེན་དགོས་པ་དང་། དུས་འགོར་ཆེ་བ། འགྲོ་གྲོན་ཆེ་བ། གཙང་འཕྲོད་ཀྱི་དཀའ་ངལ། ནམ་རྒྱུན་བརླན་གཤེར་སོགས་ཀྱི་དངོས་ཡོད་གནས་སྟངས་མི་ཉུང་བ་ཞིག་ལ་ཞིབ་འཇུག་བྱས་རྗེས། དེང་དུས་དང་མཐུན་པའི་ཐུམ་རྒྱག་འཕྲུལ་ཆས་གསར་ཉོས་ཀྱིས་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་ཡོད།
༡༢ བཟོ་སྐྲུན་ཟིན་པའི་སྨན་རྣམས་བཟོ་སྐྲུན་གྱི་ལོ་ཁམས་ཟླ་དུས་བཀོད་དེ། སྨན་མཛོད་ནང་སྐྱོན་མི་ཤོར་བའི་ཆེད། དེང་དུས་ཀྱི་ཐབས་ལམ་སྣ་ཚོགས་བེད་སྤྱོད་ཞུ་བཞིན་ཡོད། མ་འོངས་ཀྱང་། བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་ངོ་བོ་མི་ཉམས་པའི་ཐོག དེང་དུས་ཚན་རིག་དང་མཐུན་པའི་ཡར་རྒྱས་གང་ཐུབ་གཏོང་ཐབས་འབད་བརྩོན་ཞུ་འཆར་བཅས་ཀྱིས་སྔར་ཡོད་གོང་འཕེལ་དང་སྔར་མེད་གསར་བཏོད་སོགས་ཀྱིས་བོད་ཀྱི་ཐུན་མིན་གསོ་བ་རིགས་པའི་ལག་ལེན་གྱི་གོམས་སྟབས་ཡར་རྒྱས་སུ་བཏང་དང་གཏོང་མུས་སུ་ཡོད། མདོར་ན་ྋགོང་ས་མཆོག་གིས་ཐུགས་རྗེ་ལམ་སྟོན་ལྟར་ལོ་ངོ་ལྔ་བཅུའི་རིང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་རིམ་པས་མིའི་ལུས་ཤུགས་ཁོོ་ནའི་གསོལ་སྨན་སྦྱོར་རྡུང་སྒྲིལ་གསུམ་སོགས་ཀྱིས་མཚོན་སྨན་སྦྱོར་ལས་རིམ་ལས་བརྒལ་ནས་གོང་ནས་གོང་འཕེལ་གྱི་ངོ་བོར་ཕྱིན་ཏེ་ད་ལྟ་སྨན་སྦྱོར་གྱི་ལག་ལེན་དེ་བཞིན་བོད་ལུགས་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་གཞི་རྩར་བཟུང་ཞིང་མཐོང་བརྒྱུད་མན་ངག་གི་ཕྱག་ལེན་བཟང་པོ་སྟེ་ཏིང་སྔགས་རྫས་གསུམ་གྱི་ནུས་པ་ཐོན་ཐབས་སུ་ལོ་རེའི་ནང་རིས་མེད་བླ་ཆེན་ཁག་གདན་ཞུས་ཀྱིས་སྨན་སྒྲུབ་གནང་མུས་སུ་མ་ཟད། དེང་གི་ཚན་རིག་འཕྲུལ་ཆས་ཀྱི་རམ་འདེགས་དང་ལས་སྣོན་ལ་བརྟེན་སྨན་གྱི་སྤུས་ཚད་ལེགས་ཤིང་། ཟ་བདེ་སྤྱོད་བདེ། གཙང་འཕྲོད་ལེགས་པ་སོགས་ཁྱད་ཆོས་སྣ་མང་ལྡན་པའི་སྨན་སྦྱོར་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ནས་ལྕགས་ཁམས་ཐལ་བཟོའི་འདུལ་སྦྱོང་གི་ལས་སྣོན་ཁག་བྱེད་མགོ་བརྩམས་ཏེ་ལྕགས་བརྒྱད་བསྡོམས་པའི་ཀི་ལོ་ ༢༧།༥༠༠ འདུལ་སྦྱངས་དང་། ཁམས་བདུན་བསྡོམས་པའི་ཀི་ལོ་ ༡༤།༩༠༠ འདུལ་སྦྱངས་བྱས། དེ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ དང་བོད་ཟླ་ ༧ ཚེས་ ༡༠ རེའི་གཟའ་ལྷག་པ་འབྱུང་འཕྲོད་ཆུ་གཉིས་ནང་འཕྲད་དགེ་བའི་ཉིན་ནས་བཟུང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྔོན་འགྲོའི་ཞབས་རིམ་གཡུ་ཐོག་ཚོགས་མཆོད་སོགས་ཀྱི་བྱེད་སྒོ་རྣམས་དང་ལས་གཞིའི་གྲ་སྒྲིག་རྣམས་འཐུས་ཚང་བྱས་ཏེ། ཟླ་ ༩ ཚེས་ ༡༢ རེའི་གཟའ་ཟླ་བ་འབྱུང་འཕྲོད་མེ་གཉིས་ནང་འཕྲད་དགེ་བའི་ཉིན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་གི་རྐང་འཛིན་འགན་ཁུར་བཞེས་མཁན་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་དང་། གཞན་ཡང་སྨན་སྦྱོར་སྨན་པ་སྨན་རམས་པ་བཀྲ་ཤིས་བསྟན་འཛིན། སྨན་རམས་པ་བློ་བཟང་བཟོད་པ། སྨན་རམས་པ་ངག་དབང་བཟོད་པ། སྨན་པ་དཀའ་བཅུ་པ་འཇིགས་མེད་དགེ་འདུན། སྨན་པ་དཀའ་བཅུ་པ་སྤེན་པ་སོགས་སྨན་ལས་པ་མི་གྲངས་བཞི་བཅུ་ཙམ་ནས་ལས་གཞི་དངོས་སུ་མགོ་འཛུགས་བྱས་ཤིང་། དེ་ཡང་ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་ཉིན་རེར་ཆུ་ཚོད་བཅུ་གཅིག་རེ་ལ་དངུལ་ཆུ་བཙོ་བཀྲུ་འདུལ་སྦྱོང་བྱས་ཏེ་ཟླ་ ༡༠ ཚེས་ ༢༧ ཉིན་རིན་ཆེན་བཙོ་ཐལ་ཆེན་མོ་ཀི་ལོ་ ༡༢༥ ལེགས་པར་གྲུབ། ཟླ་ ༡༡ ཚེས་ ༥ ཉིན་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ཚེ་རིང་ཐག་གཅོད་མཆོག དབུས་སྨན་རྩིས་ཁང་གི་ངེས་སྟོན་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག དབུས་སྨན་རྩིས་སྡེ་ཚན་ཁག་གི་འགན་འཛིན་རྣམས་དང་དངུལ་ཆུ་བཙོ་བཀྲུ་འདུལ་སྦྱོང་བྱེད་མཁན་གྱི་སྨན་ལས་རྣམས། ད་དུང་བོད་པའི་གསར་འགོད་པ་ཁག་ཅིག་བཅས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་མཛད་སྒོ་མདོར་བསྡུས་ཤིག་གནང་།  སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་ནས་བཀའ་སློབ་གནང་བ་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་བྱེད་མཁན་སྨན་པ་རྣམས་ལ་ལག་འཁྱེར་གནང་ཞིང་། སྨན་རྩིས་ཁང་གི་ངེས་སྟོན་པ་མཆོག་ནས་ཀྱང་བཀའ་སློབ་དང་དངུལ་ཆུ་བཙོ་བཀྲུའི་སྐབས་སུ་ལས་ཀ་བྱེད་མཁན་སྨན་ལས་རྣམས་ལ་ངོ་སྤྲོད་ལག་འཁྱེར་དང་ཐུགས་རྗེ་ལེགས་འབུལ་བཅས་གནང་སྟེ་སྐབས་དྲུག་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་དངོས་མཇུག་གསུམ་གྱི་བྱེད་སྒོ་ཁག་བདེ་བླག་ངང་ལེགས་པར་གྲུབ་ཡོད་པ་བཅས་སོ།།

སླར་སྨྲས་པ།
ཏིང་འཛིན་རྟོགས་པའི་པིར་གྱིས་ལེགས་བྲིས་པའི།།
མཐོང་བརྒྱུད་མན་ངག་གངྒའི་ཆུ་རིས་འབུམ།།
སྐྱེ་འགྲོའི་ནད་གདོན་འཇོམས་པའི་བདུད་རྩི་རུ།།
ཇི་དགར་སྩལ་བའི་བཀའ་དྲིན་བླ་ན་མཐོ།།

གསོ་བྱེད་སྨན་གྱི་རོ་ནུས་ཞུ་རྗེས་གསུམ།།
སྔོན་བྱོན་མཁས་པའི་མན་ངག་ཇི་བཞིན་དུ།།
གཡའ་ཕྱི་སྦྱང་འདོན་གཙང་བཟོའི་སྦྱོར་ཚུལ་མཆོག།
ཏིང་སྔགས་རིག་གསར་ནུས་པས་མངོན་པར་མཛེས།།
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 1:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།