སྨན་སྦྱོར་ལག་ལེན་གྱི་དཀའ་གནད་མདུད་གྲོལ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.10.2013 |
བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་གྱི་དཀའ་གནད་མདུད་གྲོལ་འཆར་སྒོ།
སྨན་རམས་པ་སྤེན་པ་ཚེ་རིང་།
ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །
བཻཌཱུར་ཡ་ཡི་འོད་ལ་ཕྱག་འཚལ་ལོ། །
ཞེས་ཐོག་མར་སངས་རྒྱས་སྨན་བླར་མཆོད་པར་བརྗོད་དེ་བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་ལག་ལེན་གྱི་གཞི་རྩའི་དཀའ་གནད་ཐོག་རང་ཉིད་ཀྱི་བསམ་ཚུལ་འགའ་གླེང་བར་བྱ་སྟེ།
དང་པོ། བོད་ལུགས་སྨན་སྦྱོར་རིག་པའི་གཞི་རྩའི་ལྟ་གྲུབ་ཉིད་མི་འདོར་བའི་སྒོ་ནས་དེང་རབས་ཚན་རིག་གི་འགྲོ་ལུགས་དང་མཐུན་ཐབས་ཐོག་འབད་རྩོལ་དང་ཉམས་ཞིབ་མང་ཙམ་བྱ་དགོས་པ།
བོད་ལུགས་སྨན་སྦྱོར་རིག་པའི་ལྟ་གྲུབ་བམ་གཞི་བཅོལ་གྱི་རྩ་བ་ལྟ་བུ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་དང་ནང་བཅུད་ཀྱི་སེམས་ཅན་གཉིས་པོ་འབྱུང་བ་ལྔ་འདུས་པའི་ནུས་པ་ལས་གྲུབ་ཚུལ་གསུངས་པའི་རིག་པ་འདི་ཉིད་ཡིན། དེ་ཡང་ཕྱི་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེནཔོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པ་ལྟར་གསོ་བྱའི་ནད་མཐའ་དག་གསོ་བྱེད་གཉེན་པོ་སྨན་གྱི་འབྱུང་བ་བཞི་པོས་སྙོམས་པར་བྱེད་དགོས་པ་དེ་ཡིན། དེང་དུས་ཚན་རིག་པས་ཕྱི་རོལ་གཟུགས་ཀྱི་དངོས་པོ་མཐའ་དག་འབྱུང་སའི་གཟུགས་ཀྱི་ཆུང་མཐའ་ཤིན་ཏུ་ཕྲ་བའི་རྡུལ་འབུམ་ཕྲག་མང་པོ་ཚོགས་པ་ལས་གྲུབ་ཚུལ་བཤད་པ་ནི་རང་རེའི་འབྱུང་བ་བཞི་བཤད་པའི་ས་རྡུལ་དང་། ཆུ་རྡུལ། མེ་རྡུལ། རླུང་རྡུལ་ཏེ་སྲ་མཁྲེགས་ཀྱི་རྣམ་པ་ཅན་ལ་ས་རྡུལ་དང་། རླན་གཤེར་གྱི་རྣམ་པ་ཅན་ལ་ཆུ་རྡུལ། དྲོད་ཀྱི་ངོ་བོ་དང་ལྡན་པའི་སྨིན་བྱེད་ཀྱི་ནུས་པ་ཅན་དེ་ལ་མེ་རྡུལ། བསིལ་བའི་ངོ་བོ་དང་ལྡན་ཞིང་གཡོ་བའི་རང་བཞིན་ཅན་དེ་ལ་རླུང་རྡུལ་ཞེས་འདི་དག་འཚོགས་པ་ལས་དངོས་པོ་ཐམས་ཅད་གྲུབ་ཀྱི་ཡོད་པའི་རིག་པ་འདི་གཉིས་ངོས་འཛིན་གཅིག་མཚུངས་ཆགས་ཀྱི་ཡོད། དེ་ཡང་བཤད་རྒྱུད་ལུས་ཆགས་ཚུལ་ལས། ས་མེད་མི་གྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། །ཅེས་གསུངས་པ་ལྟར་རང་རང་གི་བྱེད་ལས་ཚུལ་མཐུན་ཆ་སྙོམས་ཀྱི་ཚུལ་དུ་འབྱུང་བའི་ཚེ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་འཕེལ་རྒྱས་ཡོང་བཞིན་ཡོད་པ་དང་།
དེ་ལས་ལྡོག་སྟེ་འབྱུང་བའི་བྱེད་ལས་ཆ་མི་སྙོམས་པའི་སྐབས་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཉམས་གུད་དང་འཕོ་འགྱུར་སྣ་ཚོགས་འབྱུང་བཞིན་ཡོད་པ་ནི་མངོན་སུམ་མཐོང་ཆོས་སུ་ཡོད། དེ་མཚུངས་རང་རེའི་བོད་ལུགས་གསོ་བ་རིག་པའི་ཉེས་པ་རླུང་མཁྲིས་བད་ཀན་གྱི་རྣམ་བཞག་འདི་ཡང་འབྱུང་བ་བཞིའི་རིག་པ་དང་སྒོ་མཚུངས་ལུས་ཀྱི་གཡོ་བའི་རང་བཞིན་གྱི་ནུས་པ་དང་ལྡན་པར་རླུང་གི་ཐ་སྙད་དང་། དྲོད་ཀྱི་རང་བཞིན་གྱི་ནུས་པ་དང་ལྡན་པར་མཁྲིས་པའི་ཐ་སྙད། སྲ་མཁྲེགས་དང་རླན་གཤེར་གྱི་རང་བཞིན་གྱི་ནུས་པ་དང་ལྡན་པར་བད་ཀན་གྱི་ཐ་སྙད་འདོགས་པའི་སྒོ་ནས་ལུས་ཁམས་ཀྱི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། གལ་ཏེ་འབྱུང་བའམ་ཉེས་གསུམ་འདི་དག་ཆ་མི་སྙོམས་པར་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་ཚེ་ལུས་ལ་ནད་སྣ་ཚོགས་འབྱུང་གི་ཡོད། དེའི་ཚེ་འབྱུང་བའམ་ཉེས་གསུམ་གང་ཞིག་འཕེལ་བ་ལ་གོང་གནོན་དང་། ཟད་པ་ལ་ཁ་སྣོན། འཁྲུགས་པ་ལ་སྙོམས་པར་བྱེད་པའི་སྨན་རྫས་སྣ་ཚོགས་རང་རང་གི་ཕན་ནུས་ཤེས་པའི་སྒོ་ནས་བསྟེན་གྱི་ཡོད་པ་ནི་གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ལས་གྲུབ་པ་ཞིག་ཡིན་པས་སོ། །དེ་ཡང་གཉེན་པོའི་སྨན་རྫས་མཐའ་དག་འབྱུང་བ་བཞི་ལས་གྲུབ་པའི་ནུས་པ་སྣ་ཚོགས་དང་ལྡན་པ་ཞིག་ཇི་ལྟར་ཡིན་ཞེ་ན། སྤྱིར་སྐྱེ་དངོས་ཀྱི་སྨན་རྫས་ཇི་ལྟ་བུ་ཞིག་ཡིན་རུང་འབྱུང་བ་ཆེན་པོ་ལྔ་ཀ་འཚོགས་པ་ཉིད་ལས་ངེས་པར་སྐྱེ་དགོས་པ་ཡིན་ཏེ། བཤད་རྒྱུད་ལས། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱོད་བྱེད་ནམ་མཁས་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་བསྐྱེད། །ཅེས་འབྱུང་བ་ས་ཆུ་གཉིས་ཤས་ཆེ་བ་ལས་རོ་མངར་བ་བསྐྱེད་པ་དང་། འབྱུང་བ་མེ་ས་གཉིས་ཤས་ཆེ་བ་ལས་རོ་སྐྱུར་བ་བསྐྱེད་པ། འབྱུང་བ་ཆུ་མེ་གཉིས་ཤས་ཆེ་བ་ལས་རོ་ལན་ཚྭ་བ་བསྐྱེད་པ། འབྱུང་བ་ཆུ་རླུང་གཉིས་ཤས་ཆེ་བ་ལས་རོ་ཁ་བ་བསྐྱེད་པ། འབྱུང་བ་མེ་རླུང་གཉིས་ཤས་ཆེ་བ་ལས་རོ་ཚ་བ་བསྐྱེད་པ། འབྱུང་བ་ས་རླུང་གཉིས་ཤས་ཆེ་བ་ལས་རོ་བསྐ་བ་བསྐྱེད་པ་ཡིན། འོན་ཀྱང་རོ་དྲུག་པོ་དེ་ཡང་སྨན་རྫས་སོ་སོར་རོ་རྐྱང་པ་དང་། རོ་གཉིས་ལྡན། གསུམ་ལྡན། བཞི་ལྡན། ལྔ་ལྡན། དྲུག་ལྡན་སོགས་འདྲ་མིན་སྣ་ཚོགས་དང་། དེ་བཞིན་རོ་མངར་བ་ལྟ་བུ་གཅིག་མཚུངས་ཡོད་ཀྱང་མངར་ཚད་ཀྱི་ཤུགས་ཆེ་ཆུང་སྣ་ཚོགས་ཡོད་སྟབས་དེ་ལ་བརྟེན་པའི་ནུས་པ་ཡང་ཤུགས་ཆེ་ཆུང་སྣ་ཚོགས་ཡོང་ཆོག་པ་ཡིན། དེ་ལྟར་སྨན་རྫས་གང་ཞིག་ལ་འབྱུང་བ་ཤས་ཆེ་ཆུང་དབང་གིས་ནུས་པ་ཡང་མི་འདྲ་བ་འབྱུང་གི་ཡོད་པ་ནི་བཤད་རྒྱུད་ལས། ས་སྨན་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ། །མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན། །བརླན་ཞིང་འཇམ་ལ་སྡུད་བྱེད་མཁྲིས་ནད་སེལ། །མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། །དྲོད་བསྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་མཁྲིས་སེལ། །ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱིར་ཁྱབ་སྟེ། །ཁོང་སྟོང་ཡངས་པའི་གོ་འབྱེད་འདུས་ནད་སེལ། །དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་གསུངས་ཡོད་པས་རོ་ནུས་ཞུ་རྗེས་ཀྱི་གནས་ལུགས་ཚུལ་བཞིན་ཤེས་པར་བྱས་ཏེ་སྨན་དངོས་ཡིན་པ་དང་སྨན་དངོས་མ་ཡིན་པ་བཙན་དུག་ལ་སོགས་པ་རྣམས་ཀྱང་གཉེན་པོ་དང་བཅས་ཏེ་སྦྱར་བའི་དབང་ལས་སྨན་དུ་གྱུར་ནུས་པའི་ཕྱིར་ས་སྟེང་འདི་ན་སྨན་མ་ཡིན་པའི་དངོས་པོ་ཅི་ཡང་ཡོད་མ་ཡིན་ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་སྨན་རྫས་རྐྱང་པའི་ཕན་ནུས་དང་སྦྱར་བའི་སྨན་གྱི་ཕན་ནུས་བཅས་གཞུང་ལས་གསུངས་པ་ཕུད་ཕན་ནུས་གསར་འཚོལ་བྱ་རྒྱུའི་རིགས་རོ་དང་འབྱུང་བའི་ནུས་པར་བརྟེན་ཏེ་གཏན་འབེབས་ཚད་ལྡན་རང་རེ་སོ་སྐྱེ་ཐ་མལ་པས་བྱ་རྒྱུ་དཀའ་བའི་གནས་ཤིག་ཏུ་མཐོང་བས། དེང་རྫས་ཀྱི་གནས་ལུགས་སྐོར་ཚན་རིག་པའི་ཞིབ་འཇུག་ཚད་མཐོར་སླེབས་ཡོད་པས་ཚན་རིག་པ་དང་ཟུང་འབྲེལ་གྱི་སྒོ་ནས་རྫས་རྐྱང་པའི་ནུས་པ་དང་དེ་བཞིན་སྦྱར་བའི་ནུས་པ་སོགས་རྟོགས་ཞིབ་དང་གཏན་འབེབས་གང་ཐུབ་བྱ་ཐུབ་ན་བོད་ལུགས་གསོ་བ་རིག་པའི་མཚན་མཐོང་གོང་མཐོར་དང་གྲུབ་འབྲས་ཁུངས་སྐྱེལ་ར་སྤྲོད་བྱ་ཐབས་ལ་ཕན་ནུས་རླབས་ཆེན་ཞིག་ཐོན་ཐུབ་ཀྱི་རེད་སྙམ།
གཉིས་པ། བོད་ལུགས་སྨན་སྦྱོར་རིག་པའི་སྨན་རྗས་ཀྱི་ངོས་འཛིན་མི་ཉམས་ཚད་ལྡན་ཡོང་ཆེད་བགྲོ་གླེང་དང་། ཞིབ་འཇུག ངོས་འཛིན་གཏན་འབེབས་བྱ་དགོས་པ།
བོད་ལུགས་གསོ་བ་རིག་པའི་སྨན་རྫས་རིག་པ་ནི་ཆེས་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སྨན་སྦྱོར་རིག་པར་མེད་ཐབས་མེད་པའི་ཆ་རྐྱེན་གལ་ཆེ་ཞིག་ཀྱང་ཡིན། རིག་པ་འདི་ཉིད་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་རུང་བོད་ལུགས་གསོ་བ་རིག་པའི་རྒྱུད་འཛིན་སྨན་པའི་ཁོངས་སུ་སྨན་རྫས་རིག་པར་དོན་གཉེར་གནང་མཁན་ཉུང་སྐྱོན་ཡོད་པ་དང་། རིགས་གཅིག་རྐང་འཛིན་གནང་མཁན་ནི་དེ་བས་ཉུང་བ་ཡོད། དེར་བརྟེན་མཐོང་བརྒྱུད་ཀྱི་ཉམས་མྱོང་ཚད་ལྡན་ཞིག་མེད་པར་གཞུང་ལུགས་རྐྱང་པས་སྨན་རྫས་ངོས་འཛིན་ཚད་ལྡན་ཡོང་ཐབས་མེད། དེ་ཡང་བཤད་རྒྱུད་ལས། རིན་ཆེན་ལ་སོགས་བཟང་ངན་ཤེས་པ་ཡང་། །བསྟན་བཅོས་མ་ཡིན་དེ་མེད་པར་ཡང་མིན། །ཞེས་གསུངས་པ་ལྟར་ཡིན། སྨན་རྫས་ངོས་འཛིན་གྱི་རྣམ་གྲངས་ཐད་བཤད་རྒྱུད་ལས། རིན་པོ་ཆེའི་སྨན་དང་ས་རྡོའི་སྨན། །ཤིང་སྨན་རྩི་སྨན་ཐང་སྨན་སྔོ་སྨན་དང་། །སྲོག་ཆགས་སྨན་དང་དབྱེ་བ་བརྒྱད་དུ་བཤད། །ཅེས་གསུངས་པ་ལྟར་སྨན་རྫས་ངོས་འཛིན་གྱི་རྣམ་གྲངས་ཡོངས་རྫོགས་སྐོར་གཞུང་བཤད་ཙམ་མ་ཡིན་པར་ལག་ལེན་དངོས་ཀྱི་ནང་དོ་སྣང་དང་ངོས་འཛིན་ཚད་ལྡན་ཡོང་བར་འབད་རྩོལ་དང་ཞིབ་འཇུག་བྱ་དགོས་པ་ནི་གལ་འགངས་ཆེན་པོ་ཞིག་ཏུ་སྣང་། དེང་སྨན་རྫས་ངོས་འཛིན་གྱི་སློབ་སྦྱོང་ཞེས་བརྗོད་སྐབས་སྔོ་ཁྲོག་ངོས་འཛིན་བྱ་རྒྱུ་ཙམ་ལས་རིན་ཆེན་ས་རྡོ་དང་སྲོག་ཆགས་སོགས་རྟེན་འབྲེལ་མཚོན་བྱེད་ཙམ་དུ་འཇོག་གི་ཡོད་སྟབས་དེང་གི་ཆར་རིན་ཆེན་ས་རྡོ་སོགས་ཀྱི་ངོས་འཛིན་ཐད་མཐོང་བརྒྱུད་ཀྱི་ངོས་འཛིན་ཁུངས་ལྡན་ཡོད་པའི་དགེ་བའི་བཤེས་གཉེན་ནམ་ཆེད་ལས་སྨན་པ་ཞིག་བཙལ་དགོས་ན་ཧ་ཅང་དཀོན་པོ་ཆགས་ཡོད། དེར་བརྟེན་གསོ་བ་རིག་པའི་སྡེ་ཁག་ནང་སྨན་རྫས་རིགས་གཅིག་རྐང་འཛིན་གྱི་མི་སྣ་གསོ་སྐྱོང་གནང་སྟེ་སྔོ་ཁྲོག་དང་རིན་ཆེན་ལ་སོགས་པའི་སྨན་རྫས་ཡོངས་རྫོགས་ལ་ཞིབ་འཇུག་དང་། བགྲོ་གླེང་། ངོས་འཛིན་གཏན་འབེབས་གནང་སྟེ་མ་འོངས་པར་ངོས་འཛིན་འཁྲུལ་སོའི་ཐེ་ཚོམ་མེད་པ་བཟོ་རྒྱུར་ཡུན་རིང་གི་འཆར་གཞི་ལྡན་པའི་སྒོ་ནས་བསྒྲུབ་ཐབས་ལ་འབད་རྩོལ་བྱ་ཐུབ་པ་བྱུང་ན་བོད་ཀྱི་གསོ་བ་རིག་པའི་ཆ་ལག་གནད་འགག་ཅན་ཞིག་ཉམས་པ་སོར་ཆུད་ཀྱི་ཞབས་འདེགས་རླབས་ཆེན་བསྒྲུབ་ངེས་ཡིན།
གསུམ་པ། བོད་ལུགས་སྨན་སྦྱོར་རིག་པའི་ལག་ལེན་ནང་དངུལ་ཆུ་བཙོ་བཀྲུས་གཙོས་དུག་འདོན་གཡའ་ཕྱིས་སོགས་ཆེས་རྩ་ཆེའི་གདམས་པའི་ཕྱག་སྲོལ་མང་དག་ཡོད་པ་རྣམས་ཀྱི་གཞུང་དང་ལག་ལེན་གཉིས་ཀར་ཞིབ་འཇུག་ཚད་ལྡན་བྱ་དགོས་པ།
བོད་ལུགས་སྨན་སྦྱོར་རིག་པའི་ནང་དངུལ་ཆུ་བཙོ་བཀྲུའི་གདམས་པ་ནི་ཆེས་རྩ་ཆེའི་གདམས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་སྨོས་མེད་ཐོག་དུག་འདོན་གཡའ་ཕྱིས་སོགས་སྨན་འདུལ་ཐབས་ཀྱི་ལག་ལེན་རྣམས་ཀྱང་རྩ་ཆེའི་མན་ངག་ལྟ་བུར་བརྩིས་ཀྱི་ཡོད་པ་ནི་ཚང་མས་མཁྱེན་ཆུབ་ལྟར་ལགས། སྤྱིར་དུག་ཅེས་སྲོག་འཕྲོག་པའི་ནུས་པ་མི་ལྡན་ཡང་གཞུང་བཞིན་དུག་འདོན་མ་བྱས་ཚེ་ལུས་ཁམས་ལ་གནོད་སྐྱོན་འབྱུང་གི་ཡོད་པ་ནི། ལས་ཆོག་ཀུན་གསལ་སྣང་མཛོད་ལས། མ་བཏུལ་སྨན་རྒོད་རང་རང་དུག་དང་ལྡན། །དུག་ཅེས་སྲོག་འཕྲོག་ནུས་པ་མ་ཡིན་ཀྱང་། །ཟུངས་ངན་སྨན་རྩུབ་དཔྱད་ལོག་སྲོག་འདོར་བྱེད། །ཕན་ལས་གནོད་ཆེ་རྩུབ་པས་ཟུག་གཟེར་ལྡང་། །ཕོ་བའི་མེ་གསོད་མིག་འགྲིབ་རྩ་སྒོ་འགག །བཤལ་སྐྱུག་གོ་ལྡོག་ལ་སོགས་ཉེས་མང་བསྐྱེད། །ཅེས་གསུངས་པ་ལྟར་རོ། །འོན་ཀྱང་འདི་ལྟ་བུའི་སྨན་རྫས་འདུལ་ཐབས་ཀྱི་ལག་ལེན་བྱེད་ཚུལ་མི་མཐུན་པ་མང་དག་ཡོད་པ་རྣམས་རང་རང་སོ་སོའི་དགེ་བའི་བཤེས་གཉེན་གྱི་ཕྱག་སྲོལ་ལྟ་བུར་བརྩིས་ཏེ་ཡིན་ཤག་བྱས་པ་ལས་ལག་ལེན་བྱེད་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་དག་ལ་བགྲོ་གླེང་དང་། ཞིབ་འཇུག འདུལ་ཐབས་ཚད་ལྡན་ཡིན་མིན་གྱི་དབྱེ་ཞིབ་བྱེད་པའི་ལམ་སྲོལ་མེད་པར་འདི་མུར་ལུས་ཚེ་མ་འོངས་པར་ལྡོག་ཏུ་མེད་པའི་དཀའ་ངལ་ཞིག་འཕྲད་ཉེན་མཐོང་། དེར་བརྟེན་གསོ་བ་རིག་པའི་སྡེ་ཁག་ནང་སྨན་སྦྱོར་རིགས་གཅིག་རྐང་འཛིན་གྱི་ལམ་སྲོལ་གཏོད་དེ་སྨན་རྫས་འདུལ་ཐབས་ཀྱི་ལག་ལེན་རྣམས་རེ་རེ་བཞིན་སྨན་གྱི་གཞུང་ལུགས་ཁག་ནས་འཚོལ་རྗེས་དེ་དག་གི་ལག་ལེན་བརྒྱུད་རིམ་གྱི་འབྱུང་ཁུངས་དང་། ཚད་ལྡན་ཡིན་མིན། དུག་འདོན་རྗེས་ནུས་པར་ཁྱད་པར་ཆེ་ཆུང་། ད་དུང་དེ་ལས་སྤྲོས་ཏེ་སྨན་པ་གཞོན་སྐྱེས་ཚོས་སྨན་རེ་རེའི་དུག་འདོན་ཁག་ལ་ཞིབ་འཇུག་གིས་རྒྱུ་མཚན་གསལ་བཤད་བྱ་ཐུབ་པ་བྱ་རྒྱུར་འབད་རྩོལ་ལྷོད་མེད་གནང་དགོས་པ་ནི་དེང་ཚན་རིག་པ་དང་དཔུང་པ་མཉམ་གཤིབས་སུ་འགྲོ་ཐུབ་པའི་ཆ་རྐྱེན་མེད་ཐབས་མེད་པ་ཞིག་ཡིན། དེར་མ་ཟད་རང་རེའི་འདུལ་ཐབས་ཀྱི་ལག་རྩལ་རྣམས་དེ་སྔའི་སྤྱི་ཚོགས་ཀྱི་ཆ་རྐྱེན་དང་བསྟུན་པའི་བྱེད་ཐབས་ཤིག་ཡིན་པས་དེང་འཕྲུལ་ཆས་ཀྱི་ལག་རྩལ་ཚད་མཐོར་སླེབས་པའི་དུས་འདིར་རང་རེའི་སྨན་རྫས་འདུལ་ཐབས་ལ་རན་པའི་ཆ་རྐྱེན་ཁག་བེད་སྤྱོད་བྱས་པའི་སྒོ་ནས་ལས་ཀ་བྱེད་སྟབས་བདེ་ལ་ལས་ཆོད་ཆེ་བ། གཞན་གྱི་མིག་སྣང་ལ་མཛེས་པ་སོགས་ཡོང་ཐབས་སླད་གསར་གཏོད་ཀྱི་ལག་རྩལ་བརྙེད་ཐབས་ལ་ཡང་འབད་རྩོལ་དང་བསམ་ཞིབ་བྱ་དགོས་པ་གལ་ཆེར་མཐོང་།
བཞི་པ། བོད་ལུགས་སྨན་སྦྱོར་རིག་པའི་གཞུང་ལུགས་ནང་སྨན་གྱི་སྦྱོར་སྡེབ་ཆེས་མང་པོ་ཡོད་པ་རྣམས་རྩ་ཆེའི་གདམས་པ་ཁོ་ནར་མི་འཇོག་པར་སྦྱོར་སྡེབ་དེ་དག་ཐོག་མའི་འབྱུང་ཁུངས་དང་། བར་དུ་སྦྱོར་ཚད་ལ་འགྱུར་བ་ཇི་བྱུང་དང་འབྲེལ་ཕན་གནོད་ཀྱི་ཁྱད་པར། སྦྱོར་སྡེབ་གང་ཞིག་ནད་གཞིར་གྲུབ་འབྲས་ཆེ་ཆུང་སོགས་རེ་རེ་བཞིན་ཞིབ་འཇུག་བྱ་དགོས་པ།
རང་རེ་གསོ་བ་རིག་པའི་སྨན་གྱི་གཞུང་ལུགས་ནང་སྨན་སྦྱོར་གྱི་སྐོར་ཆེས་མང་པོ་གསལ་ཡོད་པ་ལས་ཕལ་ཆེ་བ་ནི་སྨན་གྱི་སྦྱོར་སྡེབ་སྣ་ཚོགས་ཆགས་ཡོད། འདི་དག་ནི་ཤིན་ཏུ་རྩ་ཆེའི་གདམས་པ་རིན་ཐང་བྲལ་བ་ཞིག་ཡིན། གང་ལ་ཞེ་ན། སྨན་རྩིས་ཁང་ལྟ་བུར་མཚོན་ན་དེང་སྨན་རིགས་འདྲ་མིན་བརྒྱ་དང་བདུན་ཅུ་ཙམ་བཟོ་བསྐྲུན་གནང་གི་ཡོད་པ་འདི་དག་བརྒྱུད་འགྲོ་བ་ནད་ཀྱིས་མནར་བ་མང་པོར་ཕན་ཐོགས་ཧ་ཅང་ཆེན་པོ་སྦྱིན་ཐུབ་པ་ནི་དཔེ་མཚོན་ལྟ་བུ་ཆགས་ཡོད། དེར་བརྟེན་རྒྱུད་བཞི་དང་སྨན་གྱི་སྦྱོར་དཔེ་གཞན་ནང་ཡོད་པའི་སྦྱོར་སྡེབ་འདི་དག་ནང་ཕན་ནུས་ལྡན་པའི་སྨན་རིགས་མང་པོ་ཡོད་ངེས་པས་སྦྱོར་སྡེབ་འདི་དག་ལག་ལེན་དངོས་ནང་བེད་སྤྱོད་ཐུབ་པ་ཞིག་མ་བྱུང་བར་རྩ་ཆེའི་གདམས་པ་ཡིན་ཚུལ་ཙམ་དུ་འཇོག་ན་ཤིན་ཏུ་ཕངས་པའི་གནས་ཤིག་ཏུ་མཐོང་། ཨ་གར་སོ་ལྔ་ལྟ་བུར་མཚོན་ན་སྨན་གྱི་སྦྱོར་དཔེ་ཕལ་ཆེ་བའི་ནང་ཐོན་གྱི་ཡོད་པས་སྦྱོར་དཔེ་འདི་ཉིད་ཐོག་མའི་མཛད་པ་པོའམ་འབྱུང་ཁུངས་སུ་ཡིན་པ་དང་། བར་དུ་སྦྱོར་སྡེབ་འདིར་འགྱུར་བ་བྱུང་ཡོད་མེད། གལ་ཏེ་སྦྱོར་སྡེབ་དང་སྦྱོར་ཚད་ལ་འགྱུར་བ་བྱུང་ཡོད་ན་དེ་དང་འབྲེལ་བའི་སྨན་གྱི་ཕན་ནུས་ལ་ཁྱད་པར་ཆེ་ཆུང་ཇི་ཙམ་ཡོད་མེད་སོགས་དེ་ལྟར་སྨན་གྱི་སྦྱོར་སྡེབ་ཡོད་དོ་ཅོག་རེ་རེ་བཞིན་གསོ་བ་རིག་པའི་བསྟི་གནས་ཆེ་ཁག་ནང་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་གིས་འཆར་གཞི་ལྡན་པའི་ཞིབ་འཇུག་གནང་རྒྱུར་འབད་རྩོལ་གནང་ཐུབ་པ་བྱུང་ཚེ་གྲུབ་འབྲས་རླབས་ཆེན་ཐོན་ངེས་དང་། དེ་བཞིན་སྦྱོར་སྡེབ་འདི་དག་གི་ཁོངས་ནས་དེང་ནད་འབུ་ལས་བྱུང་བའི་ཉེན་ཚབས་ཅན་གྱི་ནད་རིགས་ཁག་ལ་ཕན་ནུས་ལྡན་པའི་སྨན་ཡང་བརྙེད་པའི་རེ་བ་ཆེན་པོ་ཡོད་པའི་ཁར་སྨན་གསར་བཟོ་དང་ཁ་ཚར་ལྡན་པའི་སྨན་རིགས་འདྲ་མིན་བཟོ་སྦྱོར་བྱ་ཐུབ་པ་བྱུང་ན་དེང་བོད་ལུགས་གསོ་བ་རིག་པ་ནི་འཛམ་གླིང་ཡུལ་གྲུ་གང་སར་སྐྱེ་བོ་མང་པོས་དགའ་མོས་བྱེད་ཡུལ་དུ་གྱུར་པའི་གོ་སྐབས་དང་བསྟུན་བོད་ལུགས་གསོ་བ་རིག་པའི་མཚན་སྙན་དེ་བས་གོང་མཐོར་གཏོང་ཐུབ་པའི་གྲུབ་འབྲས་ཆེན་པོ་ཞིག་འཐོབ་རྒྱུ་ཡིན་པ་ནི་ཐེེ་ཚོམ་མེད་པ་ཞིག་ཡིན།
ལྔ་པ། མདོར་ན་དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་བོད་ལུགས་སྨན་སྦྱོར་རིག་པ་འདི་ཉིད་རིགས་གཅིག་རྐང་འཛིན་བྱ་རྒྱུའི་ལམ་སྲོལ་གསར་གཏོད་དགོས་པ།
བོད་ལུགས་སྨན་སྦྱོར་རིག་པ་ནི་སྔོན་བྱོན་མཁས་དབང་རྣམ་པའི་མཛད་རྗེས་ཀྱི་བཀའ་དྲིན་ལས་རིག་པ་ཁུངས་ལྡན་གཏིང་ཟབ་གཞན་ལ་ངོམས་སུ་ཆོག་པ་ཞིག་ཡིན། སྤྱིར་ལག་ལེན་གྱི་རྒྱུན་རྣམས་གང་ལེགས་ཡོད་རུང་དེང་གི་ཆར་ཡང་སྔར་སྲོལ་བཞིན་སྨན་པའི་སློབ་སྦྱོང་ནང་སྤྱི་ཁྱབ་ཀྱི་ཚུལ་དུ་སྦྱོང་བ་ལས་དེང་དུས་ཀྱི་ལམ་ལུགས་ལྟར་ལོགས་སུ་སློབ་ཚན་བསྒྲིགས་ཏེ་སློབ་སྦྱོང་སྤྲོད་སྲོལ་མེད་པར་བརྟེན་བོད་ལུགས་སྨན་སྦྱོར་རིག་པ་འདི་ཉིད་ཐོག་རིགས་གཅིག་རྐང་འཛིན་གྱི་ལམ་ནས་ཞིབ་འཇུག་དང་གསར་གཏོད་ཀྱི་རྣམ་པ་དེ་ཙམ་མི་འབྱུང་བར་ཅུང་རྗེས་ལུས་ཐེབས་ཡོད་པ་ནི་དུས་ཚོད་དང་མཐུན་པའི་བསྒྱུར་བ་གཏོང་མི་ཐུབ་པའི་སྐྱོན་ཆ་ཞིག་ཏུ་སྣང་། དེར་བརྟེན་གསོ་བ་རིག་པའི་བསྟི་གནས་ཁག་ནས་དེང་རབས་ཀྱི་སྨན་ལུགས་དང་། ཨ་ཡུར་ཝེ་དྷ་སོགས་སྨན་སྲོལ་རྙིང་པ་ཁག་ནས་དཔེ་བླངས་ཏེ་བོད་ལུགས་སྨན་སྦྱོར་རིག་པའི་སློབ་ཚན་གསར་བསྒྲིག་དང་། སློབ་ཡུན། ལག་འཁྱེར་སོགས་གཏན་འབེབས་གནང་སྟེ་མ་འོངས་པར་བོད་ལུགས་སྨན་སྦྱོར་རིགས་གཅིག་རྐང་འཛིན་གསོ་སྐྱོང་བྱ་ཡུལ་གྱི་མཐོ་སློབ་ལོགས་སུ་འཛུགས་ཐུབ་པ་བྱུང་ཚེ་སྤྱིར་སྨན་གྱི་ཁྲིམས་ལུགས་དང་མཐུན་པས་བོད་པའི་སྨན་རིགས་འཛམ་གླིང་ཁྲོམ་རྭའི་ནང་སླེབས་རྒྱུར་ཆ་རྐྱེན་གལ་ཆེ་ཞིག་ཏུ་འགྱུར་ངེས་དང་། ཡང་སྒོས་བོད་སྨན་ཐོག་ཞིབ་འཇུག་དང་། གསར་གཏོད། བཟོ་རྩལ་ཡར་རྒྱས་གཏོང་རྒྱུས་མཚོན་པའི་གནས་སྟངས་མང་པོ་ཞིག་ལ་འགྱུར་བ་དང་ནུས་པ་འདོན་རྒྱུར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་རེད་སྙམ།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ནས་ཚེས་ ༢༩ བར་བཞུགས་སྒར་དྷ་རམ་ས་ལར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དང་། བོད་ཀྱི་སྨན་རྩིས་ཁང་། ལྦཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། རྡོར་གླིང་ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་བཅས་མཉམ་འབྲེལ་གྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་སྐབས་ཇི་ལྟར་རེ་བསྐུལ་གནང་དོན་བཞིན་བོད་གཞུང་སྨན་རྩིས་ཁང་སྨན་སློབ་སྐབས་ལྔ་པའི་སྨན་པ་སྤེན་པ་ཚེ་རིང་གིས་གཏམ་བཤད་བྱས་པའི་ཟིན་ཐོར་བཀོད་པ་འདི་ཡང་གསོ་རིག་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག། །།
མཐའ་མའི་འདོན་ཐེངས་།: 05.10.2013 ཉིན། 12:46 PM
<< སྔ་མ།