སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་༥༣ འཁོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.06.2014
མདུན་ངོས། >>

 

སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ངོ་༥༣ འཁོར་བ།

 

ཕྱི་ལོ་༢༠༡༤ ཟླ་བ་ ༦ ཚེས་ ༢ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ངོ་༥༣ འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་རིག་གཞུང་སྲུང་བརྩིའི་ངོ་བོའི་ཐོག་ནས་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དབུ་ཚུགས་ཞུས་སོང་།

མཛད་སྒོའི་ཐོག་མར་གཡུ་ཐོག་གསོལ་འདེབས་དག་འདོན་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་སྣང་གསལ་མར་མེ་ཞལ་དབྱེ་མཛད། 


དེ་ནས་སློབ་སྤྱི་བསྟན་པ་ཆོས་འཕེལ་མཆོག་ནས་དུས་ཆེན་ངོ་སྤྲོད་གནང་དོན།
 བོད་ཀྱི་གསོ་བ་རིག་པ་དང་སྐར་ནག་དབྱངས་རྩིས་གཉིས་ལ་ལོ་ངོ་བཞི་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་ཡོད། དེ་ཡང་དུས་རབས་བརྒྱད་པའི་སྤྱི་ལོ་༧༦༣ ལོར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་སྨན་ལུང་དུ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞིའི་ཆ་ལག་ཁ་སྐོང་དང་བཅས་པའི་འཆད་ཉན་བསྐྱངས་ཏེ། གསོ་རིག་བསྟན་པའི་སྒྲོན་མེ་རྒྱ་ཆེར་སྤེལ་བ་ལས་མན་ངག་གི་བརྒྱུད་པ་ཟམ་མ་ཆད་པར་བོད་གངས་ཅན་ཡུལ་འདིར་འཛིན་སྐྱོང་སྤེལ་གསུམ་བྱུང་བ་དང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྤྱི་ལོ་༡༩༡༦ ལོར་བསྟན་རྒྱས་གླིང་གཏོར་རྒྱག་གླིང་ཁར་ལྷ་ལྡན་སྨན་རྩིས་ཁང་གསར་བཙུགས་གནང་སྟེ། བོད་ཀྱི་གསོ་རྩིས་རིག་པའི་བསྟན་པ་འཛིན་སྐྱོང་དང་འཆད་ཉན་གྱི་བྱ་གཞག་ཉིན་མོ་ལྟར། གསལ་བར་མཛད་པའི་སློབ་རྒྱུད་ཟམ་མ་ཆད་པ་གསོ་སྐྱོང་མཛད་ཡོད། སྤྱི་ལོ་༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་རྒྱའི་དབང་འོག་ཏུ་བཅུག་སྟེ་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བཞིན་པའི་སྐབས་དེར། ༸གོང་ས་མཆོག་སྐུ་འཁོར་དང་བཅས་བོད་ཀྱི་བསྟན་སྲིད་སླར་གསོའི་སླད་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་། སྤྱི་ལོ་༡༩༦༡ ལོར་དྷ་རམ་ས་ལར་སྨན་རྩིས་ཁང་གསར་བཙུགས་གནང་བ་དང་། ཕྱི་ལོ་༡༩༦༡ ཟླ་ ༠༦ ཚེས་ ༢ ཉིན་སྨན་རྩིས་མཐོ་སློབ་ཁང་འདི་ཡང་ཆེད་བཙུགས་བསྐྱངས། སྨན་རྩིས་སློབ་གཉེར་ཁང་འདི་ནས་ད་བར་སྨན་པ་དཀའ་བཅུ་པ་གྲངས་༢༩༦ དང་། རྩིས་པ་དཀའ་བཅུ་པ་གྲངས་ ༥༣ གསོ་སྐྱོང་བྱས་པ་དང་དེའི་ཁོངས་སུ་ཧི་མ་ལ་ཡའི་སློབ་ཕྲུག་གྲངས་༣༡ རུ་སོག་ཉི་ཧོང་ལ་སོགས་པའི་སློབ་ཕྲུག་གྲངས་༡༥ བཅས་ཡོད། དེ་བཞིན་སྨན་རྩིས་པ་གང་ཞིག་བསླབ་པ་མཐར་སོན་ནས་ལོ་ངོ་བཅུ་སོང་བའི་རྗེས་གནས་སྤར་ཡིག་རྒྱུགས་བཏང་ནས་སྨན་པ་གྲངས་༡༢༦ ལ་སྨན་རམས་པའི་ཕྱག་འཁྱེར་དང་རྩིས་པ་གྲངས་༡༣ ལ་རྩིས་རམས་པའི་ཕྱག་འཁྱེར་སྤྲད་ཡོད། ད་ལྟ་སྨན་རྩིས་མཐོ་སློབ་ཁང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་ཁྱོན་བསྡོམས་༡༠༨ ཡོད་ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་གསུངས་དོན། རིང་མིན་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་སྨན་རྩིས་མཐོ་སློབ་ཁང་གསར་རྒྱག་ཞུས་ཏེ། ལོ་རེར་སློབ་ཕྲུག་༦༠ བསྡུ་རུབ་ཞུ་རྒྱུ་དང་སློབ་གྲྭའི་གནས་སྐབས་ནས་ཀྱང་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་ཐུབ་པ། སྨན་ལུགས་གཞན་གྱི་མཐོ་སློབ་གང་མང་དང་ཤེས་ཡོན་སྤེལ་རེས་ཐུབ་པ། ཕྱི་རྒྱལ་མི་རིགས་ནས་བོད་ཀྱི་གསོ་བ་རིག་པར་དོན་གཉེར་བ་རྣམས་ལ་གོ་སྐབས་བསྐྲུན་རྒྱུ་སོགས་ཀྱིས་མཚོན་པའི་ཆ་རྐྱེན་མང་དག་ཅིག་ཏུ་དགོས་ངེས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྨོས་མི་དགོས་པ་མ་ཟད། ཉེ་བའི་ཆར་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར། རིགས་གཅིག་རྐང་འཛིན་གྱི་གྲངས་ཚད་ཀྱང་འཕར་ཐུབ་པའི་གཞི་རྩར་འགྱུར་རྒྱུ་ཡིན། དེ་ལྟར་བང་རིམ་ཇི་བཞིན་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

ཡང་ད་རེས་སྨན་རྩིས་མཐོ་སློབ་ཁང་ནས་སློབ་མཐར་སོན་པའི་སློབ་མར་གོ་མིང་གོས་ཆས་དེང་རབས་དང་མཐུན་པའི་སྒོ་ནས་གསར་བཟོ་གནང་འདུག་པ་དེའི་ཐད་སློབ་སྤྱི་མཆོག་ནས་བརྗོད་དོན། སྤྱིར་འཛམ་གླིང་འདིའི་སྟེང་གཙོ་བོ་རིག་པའི་གཞུང་ལུགས་སོ་སོའི་ཁྱད་ཆོས་དང་ཚན་རིག་གི་ཤེས་བྱའི་རྣམ་གྲངས་ལ་མཚོན་བརྩིགས་ཐོག ཕྱོགས་གང་དང་གང་ནས་ཀྱང་གསར་གཏོད་ཡིད་སྨོན་གྱི་བདེན་འཚོལ་ཐབས་ལམ་སྟེང་ཁ་ཕྱོགས་པ་ནི། ཀུན་གྱིས་མཐོང་ཆོས་སུ་འགྱུར་ཡོད། དེར་བརྟེན་སྔོན་བྱོན་བོད་ཀྱི་མཁས་དབང་དུ་མས་རྣམ་དཔྱོད་ཀྱི་རིག་སྟོབས་དཔལ་ལས་འཁྲུངས་པའི་བདུད་རྩིའི་ཆུ་རྒྱུན་གཞུང་ཚད་དང་། ཁྱད་པར་དུ་སྨན་བླ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོས་གཏན་འབེབས་གནང་བའི་སྨན་རྩིས་གོ་མིང་བརྗོད་གཞིའི་ཐད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞུ་བཞིན་ཡོད་ནའང་། དེང་དུས་དང་མཐུན་པའི་འགྲེལ་བརྗོད་བྱ་ཡུལ་གྱི་ཆས་གོས་ཞིག་དུས་དབང་མཁོ་གྲུབ་བྱུང་མེད་པས། ད་རེས་རྒྱས་སྤྲོས་དང་ཆེ་བསྟོད་ཀྱི་རྨང་གཞི་སྤངས་ཏེ། ཕྱི་ལོ་༢༠༡༤ སྟེ་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཐོག རིག་གཞུང་སྲུང་བརྩི་ཞུ་དགོས་པའི་གཞུང་འབྲེལ་བཀའ་དགོངས་གཞི་ལྟར་། སྨན་རྩིས་པ་སློབ་མཐར་སོན་པའི་གྱོན་ཆས་ཀྱང་གསར་བཟོ་ཞུས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང་། 

དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་སྨན་རྩིས་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ འཁོར་མཁན་རྣམས་ལ་ལེགས་གསོལ་བྱ་དགའ་གནང་བ་དང་། སྐུ་མགྲོན་གཙོ་བོ་རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་སྨན་རྩིས་སློབ་མཐར་ཕྱིན་པའི་གྱོན་གོས་གཟིགས་སྟོན་གནང་བ་དང་། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་བཞི་ནས་ཤིས་བརྗོད་འདོན་གནང་མཛད། དེ་ནས་སྐབས་སོ་སོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྒྲོག་སྦྱངས་བྱས་ཏེ་ཕྱག་འཁྱེར་འབུལ་གནང་མཛད་པ་མ་ཟད་རྩོམ་རིགས་ལེགས་གྲས་དྲུག་ལའང་བྱ་དགའ་གནང་སོང་།

དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུངས་དོན། འདི་ལོ་༢༠༡༤ ལོ་སྟེ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་ལྦེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་ལོ་ཡིན་པ་མ་ཟད། བོད་མི་རིགས་བསྟན་སྲིད་དོན་དུ་རླབས་ཆེན་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་རང་གཞུང་བཀའ་ཤག་གི་ངོས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར། དེ་རིང་འདིར་སྨན་རྩིས་མཐོ་སློབ་ཁང་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་སྦྲགས་རིག་གཞུང་གི་དུས་དྲན་སྲུང་བརྩི་གནང་གི་ཡོད་པར་བསྔགས་བརྗོད་ཡོད། དེ་ལྟར་བསམ་པ་གནང་བཞིན་༸གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ་དེ་དག་འགྲུབ་དགོས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟ་སློབ་སྤྱི་མཆོག་ནས་རིགས་གཅིག་རྐང་འཛིན་ཐོག་འབད་བརྩོན་གནང་ཡོད་གསུངས་པ་དེ་གལ་ཆེན་ཡིན། ད་ལྟའི་ཆར་རིགས་གཅིག་རྐང་གཅིག་གི་ལས་རིམ་ཐོག་འགྲོ་གི་ཡོད་པ་ཞིག་མཐོང་མ་སོང་། འདི་ལོའི་ལོ་ནས་བཟུང་བསླབ་པ་མཐར་སོན་རྣམས་ལ་ཕྱི་ལུགས་ཀྱི་འགྲོ་སྟངས་ལྟར་སློབ་སྦྱོང་གི་ཚད་དང་མཐུན་པའི་གྱོན་ཆས་གསར་བཟོ་གནང་བ་ཡག་པོ་རེད། འོན་ཀྱང་ཕྱིའི་གྱོན་ཆས་ཙམ་མ་ཡིན་པར་ནང་གི་ལས་ཀ་བྱེད་སྟངས་ལ་འགྱུར་བ་ཆེ་ཙམ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།

ཡང་ཁོང་གིས་མུ་མཐུད་དེ། ༸གོང་ས་མཆོག་ནས་ད་ལྟ་བར་སྨན་རྩིས་ཁང་ལ་བསྩལ་བའི་བཀའ་སློབ་ལམ་སྟོན་དེ་དག་དགོངས་པ་གཏིང་ཟབ་ལ་རྒྱ་ཆེ་བས་ཚོགས་ཆུང་ཟུར་བཙུགས་གནང་སྟེ། དུས་དང་མཚམས་པའི་སྒོ་ནས་ད་ལྟ་ལག་ལེན་བསྟར་ཐུབ་པ་དང་བསྟར་འོས་པ་ཇི་ཡོད། མ་འོངས་བསྟར་དགོས་པ་ཇི་ཡོད་བང་རིམ་ཞིག་བསྒྲིགས་ཐུབ་པ་ཡིན་ན་སློབ་ཚན་ནང་གསར་དུ་བཅུག་རྒྱུ་ག་རེ་ཡོད་མེད་དང་། ཉམས་ཞིབ་བྱ་ཡས་ག་རེ་ཡོད་མེད། དེ་བཞིན་ཕྱི་ལུགས་ཀྱི་སྨན་དང་མཐུན་པའི་ཐོག་ནས་ག་རེ་བྱ་རྒྱུ་ཡོད་མེད་གསལ་ཆ་ཡོང་ངེས་པས། རྒྱལ་བའི་བཀའ་དགོངས་ལ་བསམ་གཞིགས་གནང་ཐུབ་པ་ཡིན་ན་༸རྒྱལ་བའི་བཀྲིན་རྗེས་དྲན་དངོས་གནས་དེ་ཆགས་པ་རེད་ཅེས་གསུངས་གནང་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་གསུངས་དོན། སྨན་པ་གང་ཞིག་བསླབ་མཐར་སོན་པའི་རྗེས་ནད་པ་ལ་བྱམས་དང་སྙིང་རྗེའི་སྒོ་ནས་བལྟ་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ལྷག་པར་དུ་ནད་པ་དང་མཉམ་དུ་བཀའ་མོལ་གནང་སྟངས་ཉམས་མྱོང་རིམ་གསོག་གི་སྒོ་ནས་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་སྨན་རྩིས་ཁང་འདི་བཞིན་མང་ཚོགས་ཀྱི་འཕྲོད་བསྟེན་བལྟ་སྐྱོང་མཁན་དང་ནད་རིགས་ཉུང་དུ་གཏོང་མཁན་གྱི་ཚོགས་པ་གལ་ཆེན་ཞིག་ཡིན་པ་ལྟར། ནད་ཀྱིས་མནར་བའི་འགྲོ་བ་ནད་པ་རྣམས་ལ་ལྷག་པར་དུ་གཟིགས་རྟོགས་ཆེ་བ་གནང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་གནང་སོང་། ད་དུང་ཁོང་གིས་གསུངས་དོན། འཛམ་གླིང་སྤྱི་ལ་ཁྱབ་པའི་སྨན་པའི་ཀུན་སྤྱོད་ཡོད་པ་དེ་དག་ཤེས་པ་བྱེད་རྒྱུ་དང་། སྨན་པ་རྣམས་པས་ནད་གཞི་བརྟག་བཅོས་བྱས་པ་ཙམ་མ་ཡིན་པར་ནད་རིགས་སྔོན་འགོག་ཐད་སློབ་གསོའི་ལས་འགུལ་མང་ཙམ་སྤེལ་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡང་གནང་སོང་།

མཐའ་མའི་འདོན་ཐེངས་།: 07.06.2014 ཉིན། 9:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།