སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.06.2024
མདུན་ངོས། >>



སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་། 

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་ྋརྒྱལ་བའི་བོད་ལུགས་གོ་སྟོན་བརྟན་བཞུགས་སྟབས་བསྡུན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་ཞིག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་གོ་སྒྲིག་ཞུས། དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྨན་པ་ཟུར་པ་དང་། ལས་ཐོག་སྨན་རྩིས་པ་དང་དགེ་སློབ་བཅས་ནས་མཉམ་ཞུགས་གནང་སོང་།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་ྋརྒྱལ་བའི་བོད་ལུགས་གོ་སྟོན་བརྟན་བཞུགས་སྟབས་བསྡུན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་ཞིག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་གོ་སྒྲིག་ཞུས། དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྨན་པ་ཟུར་པ་དང་། ལས་ཐོག་སྨན་རྩིས་པ་དང་དགེ་སློབ་བཅས་ནས་མཉམ་ཞུགས་གནང་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོར་ྋསྐུའི་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་མཆོག་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག རིག་གཞུང་འགན་འཛིན་སྨན་པ་འབུམ་རམས་པ་ཚེ་རིང་ནོར་བུ་མཆོག ྋརྒྱལ་བའི་སྐུ་བཅར་བླ་སྨན་རྣམ་པ། སྨན་རྩིས་ལས་ཟུར་རྣམ་པ། འགྲོ་ཕན་སྨན་རྩིས་ཁང་གི་ལས་ཐོག་སྨན་རྩིས་པ་དང་སྨན་སློབ་བཅས་ལྷན་འཛོམས་ཀྱིས་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།

དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དྲུང་དུ་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང་དུས་མཚུངས་གསོ་བ་རིག་པའི་མེས་པོ་དམ་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་རྟ་དབྱངས་དང་བཅས་འདོན་ཞོར་ཚོགས་ཞུགས་ཡོངས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།


དེ་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ནས་མཚམས་འདྲིའི་གསུང་བཤད་གནང་སོང་། ཁོང་གིས་དམིགས་བསལ་སྨན་རྩིས་ལས་ཟུར་རྣམས་ལོ་མང་རྗེས་འདུ་འཛོམས་ཐུབ་པར་དགའ་སྤྲོའི་ངང་ཕེབས་བསུ་ཞུ་བ་དང་སྦྲགས་གསུངས་དོན། སྨན་རྩིས་བསྟན་པ་གཉིས་བོད་མི་རིགས་ཀྱི་རིག་གཞུང་གལ་ཆེ་ཡིན་པར་འདི་ལྟ་བུའི་འདུ་འཛོམས་ཀྱི་གོ་སྐབས་བརྒྱུད་སྨན་རྩིས་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་དགོས་པ་དང་། ལྷག་པར་སྨན་རྩིས་གཉིས་ནང་དོན་རིག་པར་འབྲེལ་ལམ་གཏིང་ཟབ་ཡོད་པས་ནང་དོན་རིག་པར་ཐུགས་སྣང་དང་སློབ་སྦྱོང་གནང་གལ་ཆེ་བའི་ལམ་སྟོན་གསུང་བཤད་གནང་སོང་།


དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སྨན་པ་རྣམས་སོ་སོའི་ལས་ཐོག་ཕྱག་ལས་གཅིག་པུ་མ་ཡིན་པར་གསོ་བ་རིག་པའི་ཐོག་ནས་རྒྱ་ཆེ་སར་དགོངས་པ་བཞེས་དགོས་པ་གལ་ཆེ་ཡིན་པ་དང་། གཞན་ཡང་ཉིན་རེ་ནད་ཐོག་ལག་ལེན་སྐབས་དོན་སྣོད་སྙིང་དང་། གཅིན་སྙི་ཟ་ཁུ། ཁྲག་ཤེད་སོགས་བརྟག་ཐབས་ཐོག་ཕྱི་རྒྱལ་འཕྲུལ་ཆས་ཁག་བེད་སྤྱོད་བྱེད་ཐུབ་ན་ནད་པར་སྲོག་སྐྱོབ་ཐུབ་པར་དགེ་མཚན་ཡོད་སྐོར་གསུངས་གནང་ཡོད། ད་དུང་ཐེངས་འདིའི་ཟབ་སྦྱོང་གི་བརྗོད་གཞི་འབྲས་ནད་དང་འབྲེལ་ཏེ་གསུངས་དོན། དེང་སང་བོད་པའི་སྤྱི་ཚོགས་ནང་ཕོ་བའི་འབྲས་ནད་དུ་མ་འབྱུང་བཞིན་ཡོད་པས་ནད་འདི་བཅོས་ཐབས་སུ་གང་མགྱོགས་ནད་ངོས་འཛིན་དགོས་པ་གལ་ཆེ་ཡིན་པར་སོང་། ནང་ཁྲོལ་དཔྱད་ཤེལ་བརྟག་ཐབས་(Endoscopy)གནང་ཚེ་གསོ་སླ་བར་འགྱུར་བ་ཡིན། དེ་བཞིན་མཆིན་ནད་དུག་ཐབས་ཁ་པ་དང་བུ་སྣོད་འབྲས་ནད་གཉིས་སྔོན་འགོག་ཁབ་ཀྱི་འགོག་ཐུབ་པའི་ནུས་པ་ཤུགས་ཆེར་ཡོད་པས་ནད་གཅིག་པུ་མ་ཡིན་པར་སྔོན་འགོག་ལ་ཐུགས་སྣང་གནང་དགོས་པའི་ལམ་སྟོན་གནང་། སྤྱིར་དུས་ཀྱི་འགྱུར་འགྲོས་དབང་གིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་སྔོན་འགོག་གི་སྡེ་ཚན་གསར་འཛུགས་གནང་དགོས་པ་དང་། དམིགས་བསལ་ཕྱི་ལུགས་སྨན་པ་དང་ཟུང་འབྲེལ་གྱི་ལས་གཞི་དང་། ཉམས་ཞིབ་ཀྱི་ལས་གཞི་ཁག་ལ་དོ་སྣང་གནང་དགོས་པ་ནི་ྋརྒྱལ་བ་རིན་པོ་ཆེ་དགོངས་པ་ཡིན་པ་དང་། དེ་ཡིས་མ་འོངས་པར་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པས་དོ་སྣང་གནང་རོགས་བཅས་བཀའ་སློབ་ལམ་སྟོབ་ཟབ་རྒྱས་གནང་སོང་།










གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་པར་སྐྲུན་ཞུས་པའི་དེབ་རིགས་ཁག་ལྔ་སྟེ། སྨན་པ་རབ་འབྱམས་པ་བསྟན་འཛིན་མཐའ་ཡས་ལགས་ཀྱིས་རྩོམ་སྒྲིག་བྱས་པ་<<བོད་ཀྱི་གསོ་རིག་ལས་འབྲས་ནད་སྐོར་མདོ་ཙམ་བརྗོད་པ་བདུད་རྩིའི་ཐིགས་པ།>>དང་ད་དུང་ཁོང་གི་ཕྱོགས་སྒྲིག་ཞུས་པ་<<གསོ་བ་རིག་པའི་སྐྲན་ནད་དང་འབྲས་ནད་བཅོས་ཐབས་ཕྱོགས་བསྡུས།>> དེ་བཞིན་སྨན་པ་རབ་འབྱམས་པ་བསྟན་འཛིན་ཆོས་སྒྲུབ་ལགས་ཀྱིས་རྩོམ་སྒྲིག་ཞུས་པའི་དེབ་<<བོད་ལུགས་གསོ་རིག་དོན་སྣོད་ཀྱི་རྣམ་བཤད་དཔྱད་འཇུག་ལམ་གསར།>> དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་ས་བཅད་དང་བཅས་པ་སྒྲིག་པའི་དེབ་<<གཡུ་ཐོག་གསར་རྙིང་གི་རྣམ་ཐར།>> དང་ <<སྨན་རྩིས་དུས་དེབ། འདོན་ཐེངས། བཅུ་གསུམ་པ།>> ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་སྨན་དགེ་སློབ་དཔོན་ཆེན་པོ་དབོན་པོ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་དེབ་ཕྲེང་དང་པོ་ནས་བཅུ་གཉིས་བར་ཡོད་པ་རྣམས་དབུ་འབྱེད་གནང་སོང་།

མཐར་འགྲོ་ཕན་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་མཆོག་ནས་ཟབ་སྦྱོང་གི་དགོས་པའམ་དམིགས་ཡུལ་སྐོར་འགྲེལ་བརྗོད་གནང་དོན། ཟབ་སྦྱོང་འདི་དམིགས་བསལ་ཡན་ལག་ཁག་གི་སྨན་པ་གཞོན་པ་རྣམས་ནས་རྒྱུན་ལྡན་བསམ་འཆར་གནང་བ་ལྟར་གོ་སྒྲིག་ཞུས་པ་དང་། འདུ་འཛོམས་འདི་འདྲ་མ་འོངས་པར་ཡོང་དཀའ་བས་སྨན་པ་གཞོན་པ་རྣམས་གོ་སྐབས་འདིའི་བརྒྱུད་ཟབ་སྦྱོང་དངོས་ཀྱི་དུས་ཚོད་གཅིག་པུ་མ་ཡིན་པར་བར་སེང་སྐབས་སུའང་སྨན་པ་བགྲེས་པ་རྣམས་ལ་བཀའ་སློབ་ལམ་སྟོན་ཞུ་རོགས་བཅས་གསུངས་པ་མ་ཟད། ད་ཐེངས་ཚོགས་བཅར་དུ་ཕེབས་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་པ་སྦྲགས་ཉིན་གསུམ་གྱི་བགྲོ་གླེང་དེ་རྟེན་འབྲེལ་དང་བཅས་འགོ་འཛུགས་ཞུས་སོང་།

དེ་རིང་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་དངོས་གཞིར་ཨ་རི་དང་། ཀེ་ན་ཌ། ཡུ་རོབ། སོག་པོ། བལ་ཡུལ། རྒྱ་གར་སོགས་ནས་ཁྱོན་བསྡོམས་སྨན་རྩིས་པ་གྲངས་ ༢༥༠ ལྷག་དང་། སྨན་རྩིས་སློབ་མ་བཅས་མཉམ་ཞུགས་གནང་ཡོད། དེ་ཡང་ཟབ་སྦྱོང་སློབ་འཁྲིད་གནང་མཁན་གསོ་བ་རིག་པ་དང་སྐར་རྩིས་རིག་པར་ལག་ལེན་ཉམས་མྱོང་ལྡན་པའི་མཁས་དབང་ཁག་ ༡༧ ནས་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

མཐའ་མར་ཟབ་སྦྱོང་གི་བགྲོ་གླེང་ལྷུག་པོར་ལེགས་གྲུབ་ཟིན་རྗེས་འགྲོ་ཕན་སྨན་རྩིས་ཁང་སྐུ་ངོ་འགན་འཛིན་མཆོག་ནས་ཐུགས་རྗེ་ཆེ་གསུང་བཤད་དང་སྦྲགས། གཏམ་བཤད་གནང་མཁན་རྣམས་ལ་རྒྱུད་བཞི་དཔེ་གཟུགས་དང་གཡུ་ཐོག་ཡོན་ཏན་མགོན་པོའི་མེ་ལོང་ཕྱགས་རྟགས་སུ་གནང་སྟེ་ཉིན་གྲངས་གསུམ་གྱི་ཟབ་སྦྱོང་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང་།།







མཐའ་མའི་འདོན་ཐེངས་།: 19.06.2024 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།