སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

སྨན་རྩིས་གཉིས་ཟླ་སྒྲིལ་བཏང་བའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


སྨན་རྩིས་གཉིས་ཟླ་སྒྲིལ་ཇི་ལྟར་བཏང་བའི་སྐོར།

ཕྱི་ལོ་ ༡༩༦༧ ལོར་མཚོན་ན་བོད་ནང་དུ་རིག་གནས་གསར་བརྗེ་ཞེས་སྨྱོ་སྤྱོད་ཀྱི་ལས་འགུལ་འོག་བོད་མི་རིགས་ཀྱི་རྩ་ཆེའི་རིག་གཞུང་གི་རྟེན་དང་བརྟེན་པ་བཅས་རྩ་གཏོར་གཏོང་མགོ་ཚུགས་ནས་ལོ་གཉིས་པ་དེ་ཡིན་ཡང་།  འདི་ཕྱོགས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་བྱིན་རླབས་ལ་བརྟེན། བོད་ཀྱི་ཐུན་མིན་རིག་གཞུང་གི་མེ་རོ་སླར་གསོ་གནང་སྟེ་ཡར་རྒྱས་ཕྱོགས་སུ་གོམ་ཁ་བསྒྱུར་མགོ་ཚུགས་པའི་སྐབས་ཙམ་ཡིན་པ་དང་རྒྱ་གར་གཞུང་གིས་གཙོས་ཕྱིའི་རྒྱལ་ཁབ་གང་མང་ཞིག་ནས་བོད་ནང་གནས་བབ་ལ་གཞིགས་ཏེ་བཙན་བྱོལ་བོད་མིའི་ལས་འགུལ་གང་ཅིའི་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་རོགས་འདེགས་ཞུ་མགོ་ཚུགས་པའི་སྐབས་ཤིག་ཡིན་ཞིང་།  དེ་ཡང་སྨན་ཁང་གསར་རྒྱག་ཆེད་སྐུ་ཞབས Mr. Morris Frydman  ལགས་བརྒྱུད་ནས་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་བློན་ཆེན་ Dr Sushila Nayar ནས་ཧིན་སྒོར་ཁྲི་གཉིས་གནང་བ་སོགས་ཀྱི་མཐུན་རྐྱེན་ཐོབ་སྟེ་། སྔར་གྱི་ལས་འཆར་མུ་མཐུད་མཇུག་སྐྱོང་ཡོང་བའི་རེ་འདུན་ཞུས་པ་བཞིན་ཕྱི་ལོ་ ༡༩༦༧ ཟླ ༡ ཚེས ༢༤ ཉིན་ངྷ་ས་མེག་ལོཌ་དུ་སྨན་ཁང་རྒྱ་བསྐྱེད་གནང་ཐུབ་པ་བྱུང་ཞིང་།  དེ་བཞིན་དུ་ ༡༩༦༧ ཟླ་ ༣ ཚེས་ ༧ ཉིན་མ་འོངས་ལས་འཆར་སྨན་གྱི་བསྟི་གནས་ཁང་དང་།  སྨན་ཀྱི་སློབ་གྲྭ། སྨན་གྱི་མཐོ་སློབ།  སྨན་གྱི་ཉམས་ཞིབ་ཁང་བཅས་འཛུགས་རྒྱུའི་ལས་གཞི་མགོ་འཛུགས་ཟིན་པ། གཞན་ཡང་མི་རིགས་རིས་མེད་ཀྱི་ཉམ་ཐག་ནད་པའི་ཆེད་ཉལ་ཁྲི་བཅུ་གཉིས་ཅན་གྱི་ནད་གསོ་ཁང་ཆུང་ངུ་ཞིག་གསར་རྒྱག་སྐབས། Dooley Mobile Unit  ཞེས་པའི་སྨན་ཁང་དེ་ངྷ་ས་ནས་ཁུ་ལུར་གནས་སྤོ་བྱེད་སྐབས་ཉལ་ཁྲི་རྣམས་གནང་སྐྱོང་ཡོང་བ་ཞུས་པ་བཞིན། འཁོར་ལོ་ཅན་གྱི་ཉལ་ཁྲི་དྲུག་གནང་བ་དེས་ཕན་ཐོགས་གང་ལེགས་བྱུང་ཞིང་། ནད་པ་རེར་ཉིན་རེ་ཧིན་སྒོར་བཞི་རེའི་རོགས་སྐྱོར་ཡོང་ཐབས་ཀྱི་ལས་འཆར་དེ་བཞིན་རྒྱ་གར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དབུས་བསྐྱར་གསོ་ཚོགས་པ་(Centre Relief Committee) ལ་ཞུས་ཏེ་རོགས་སྐྱོར་ཡོང་ཐབས་ཞུས་པ་བཞིན། ཚོགས་པ་དེས་ཐད་གར་རོགས་སྐྱོབ་གནང་ཐུབ་མེད་ཀྱང་ཚོགས་པ་དེ་བརྒྱུད་ནས་རྒྱལ་ས་དི་ལླིར་ཡོད་པའི་གཞོན་སྐྱེས་ཤེས་ཡོན་ཚོགས་པ (YMCA, New Delhi ) ཞེས་པ་ནས་ཟླ་རེར་ཧིན་སྒོར་ལྔ་བརྒྱ་རེ་གནང་རྒྱུའི་ཞལ་བཞེས་ཐོབ་པ།  དེ་བཞིན་དུ་བོད་མིང་བསྟན་འཛིན་ཆོས་ལྡན་ཧིན་མིང་ཨོ་མ་དེ་ཝི་ཞེས་པས་སྨན་རྩིས་ཁང་གི་དེ་སྔའི་གནས་སྟངས་དང་སྨན་ཀྱི་སྐོར་ཨིིན་བསྒྱུར་གྱིས་ངོ་སྤྲོད་ཡིག་ཆ་གསར་བསྒྲིགས་གནང་བ་མ་ཟད་རྒྱ་གར་དབུས་འཕྲོད་བསྟེན་བློན་ཆེན་ལས་ཁུངས་སུ་ཆེད་བཅར་གྱིས་རོགས་དངུལ་འཚོལ་སྒྲུབ་གནང་བ་སོགས་ཀྱིས་མཚོན་དགོས་ངེས་རོགས་འདེགས་གང་ལེགས་ཞུས་པ།

 

དེ་སྔོན་ནས་སྨན་ཁང་གསར་རྒྱག་གི་ལས་གཞི་དེ་བཞིན་རེ་ཞིག་ས་ཆ་ཞིག་གཡར་ཞུས་ཀྱིས་མགོ་འཛུགས་གནང་ཐུབ་པ་བྱུང་བ་དང་།  ལོ་དེའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་འབྲུག་ཡུལ་དུ་རང་གཞུང་དོན་གཅོད་ཁང་གི་ལས་བྱེད་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཀྱང་རྩིས་ཁང་དུ་འཛུལ་ཞུགས་གནང་སྟེ་རྩིས་རིག་རྗེས་འཛིན་པ་རྒྱུན་ཆད་ལ་ཉེ་བའི་ཉག་ཕྲའི་དཀའ་ངལ་སེལ་ཐུབ་པ་བྱུང་བ།

 

གོང་གསལ་ལོ་ཤས་རིང་སྨན་རྩིས་སློབ་གཉེར་ལ་ཉེ་བར་མཁོ་བའི་དཔེ་དེབ་དཀོན་རིགས་ཁག་གི་མ་ཕྱི་ཐབས་འཚོལ་བྱས་ཏེ་དགེ་སློབ་རྣམས་ནས་ལག་བྲིས་ཀྱིས་ཕབ་བཤུས་བྱས་ཏེ་སློབ་དེབ་ཐད་སྔར་ལྷག་དྲག་ཏུ་ཕྱིན་པ།  རང་གཞུང་ཆོས་རིག་ལས་ཁུངས་ནས་ཀྱང་ཉེར་མཁོའི་མ་དཔེ་གང་ཡོང་ཐབས་འཚོལ་དང༌།  རྒྱུ་གྲོན་སྦྱར་ཏེ་དཔར་འགྲེམས་གནང་བ་བརྒྱུད་སྨན་རྩིས་སློབ་ཕྲུག་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་གང་མང་འཛོམས་པའིི་ཁར།  དེ་སྔོན་ནས་དགེ་སློབ་རྣམས་ཀྱིས་རང་ནུས་གང་ཡོད་ཀྱིས་སྨན་ཁང་རྒྱ་བསྐྱེད་སོགས་ཀྱི་ལས་འཆར་ཡང་ཡང་ཕུལ་བ་དང་།  བོད་གཞུང་ཆོས་དོན་ལས་ཁུངས་ནས་ཞིབ་ཕྲའི་འཆར་འགོད་ལམ་སྟོན་གནང་བ་ལྟར།

 

ཕྱི་ལོ་ ༡༩༦༧ ལོའི་ཟླ་ ༨ ཚེས་ ༡༧ ཉིན།  ཅོབ་ར་ཧའོ་སིའི་སྨན་སྦྱིན་སློབ་ཁང་དང་།  གྷི་ལིན་མོར་ཡོད་པའི་རྩིས་ཁང་གཉིས་ཟླ་བསྒྲིལ་གནང་སྟེ། ལྷ་ལྡན་སྨན་རྩིས་ཁང་གི་ཚབ་ཏུ།  འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གྱིས་རྒྱ་གར་བྱང་ཕྱོགས་ངྷརྨ་ཤཱ་ལཱར་སྒོ་འབྱེད་མཛད།

 

དེ་ཡང་འདས་པའི་ལོ་ཤས་རིང་སྨན་རྩིས་གཉིས་ཕྱོགས་སོ་སོ་ནས་མགོ་འཛུགས་ཀྱི་དུས་རིམ་ནང་འཛིན་སྐྱོང་དང་རིག་གཞུང་དར་སྤེལ་སོགས་ཀྱི་ཉམས་མྱོང་དང༌།  ལྷག་པར་བོད་ནས་སྨན་པ་གྲགས་ཅན་ཁ་ཤས་རིམ་འབྱོར་བྱུང་བའི་ཁར་སྨན་སློབ་སྐབས་དང་པོ་དང་རྩིས་རིག་སློབ་མ་ཁ་ཤས་མཐར་ཕྱིན་པ་བཅས་ལ་བརྟེན་འཕེལ་རིམ་གྱི་གྲུབ་འབྲས་ལ་གཞི་བཅོལ་ཏེ་ཆོས་དོན་ལྷན་ཁང་ནས་སྔར་རྒྱུན་བཞིན་ཐད་ཀར་འཛིན་སྐྱོང་བྱེད་མ་དགོས་པར་འགྲོ་ཕན་སྨན་རྩིས་ཁང་གི་འཛིན་སྐྱོང་ལམ་སྲོལ་རང་སྐྱོང་སྡེ་ཚན་དུ་བསྒྱུར་ཏེ་འགན་འཛིན་གསར་བསྐོས་ཀྱིས་འཛིན་སྐྱོང་གནང་ན་དགེ་མཚན་ཆེ་བར་དགོངས་ནས་འཛིན་སྐྱོང་གི་ཡིག་ཚང་ཟུར་འཛུགས་ཐོག  རྩེ་དྲུང་ངག་དབང་རྣམ་རྒྱལ་ལགས་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་བ་དེ་ནི་སྨན་རྩིས་གཉིས་གཅིག་ཏུ་ཟླ་བསྒྲིལ་བཏང་རྗེས་ཀྱི་དབུ་འཛིན་ཐོག་མ་དེ་ཡིན།

 

སླར་སྨས་པ།
ལོ་ཤས་ལག་ལེན་མྱོང་བའི་རྨང་གཞི་དང་།།

མདུན་མཆོངས་རྒྱ་བསྐྱེད་ཕུགས་རེའི་འཆར་སྣང་ལ།།

ཕྱི་ནང་མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་ཡིས།།

སྨན་རྩིས་འགྲོ་ཕན་གླིང་ཞེས་གཅིག་ཏུ་བསྒྲིལ།།
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་དེ་ངལ་གསོ་བའོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:08 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།