སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.04.2022 |
ཕྱི་ལོ་ ༢༠༢༢།༣།༢༣ སྨན་རྩིས་ཁང་དབུ་བརྙེས་པའི་མཛད་སྒོའི་ཉིན་གྱི་འགན་འཛིན་གསུང་བཤད།
༄༅། །འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག དེ་རིང་བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ལྷ་དཀར་དགེ་བའི་ཉིན་འདི་ག་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་ནང་སྨན་རྩིས་ཁང་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་ ༦༡ དང་། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་མཐོ་སློབ་ཕྱག་བཏབ་ནས་མི་ལོ་ ༡༠༦ འཁོར་བའི་གཞུང་འབྲེལ་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོ། དཔལ་ལྡན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ངོ་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཡིག་ཆེན་མོ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་རྣམ་གཉིས་ཀྱིས་དབུས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ས་གནས་འགོ་འཛིན་དང་སྐུ་མགྲོན་རྣམ་པ། དེ་བཞིན་སྨན་རྩིས་ཁང་གི་སྨན་པ་དང་རྩིས་པ་གཙོ་བོ་རྣམ་གཉིས་ཀྱིས་གཙོས་པའི་སྨན་རྩིས་པ་རྣམ་པ་དང་། དྲུང་ཆེས་གཙོས་པའི་ལས་བྱེད་རྣམ་པ་བཅས་ལ་དགའ་དད་སྤྲོ་གསུམ་འཕེལ་བའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་དུ་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་བྱུང་སྟེ་རང་རེའི་བླ་ན་མེད་པའི་མགོན་སྐྱབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་བོད་འབངས་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བྱོལ་དུ་ཕེབས་རྗེས། ྋགོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་གཞིར་བཟུང་རྒྱ་གར་དབུས་སའི་གཞུང་ནས་མཐུན་གྲོགས་མཛད་པ་སོགས་ལ་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཕྱིར་གཞིས་ཆགས་ཁག་དང་། དགོན་སྡེ་ཁག སློབ་གྲྭ་ཁག་བཅས་རིམ་པས་གསར་འཛུགས་དང་རྒྱ་བསྐྱེད་བྱུང་བའི་འཕྲོས་སུ་བོད་ཀྱི་སྨན་རྩིས་ཁང་འདི་ཉིད་གསར་འཛུགས་གནང་བ་ཞིག་ཡིན་ཅིང་། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་ཞིང་གཤེགས་དམ་པ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་དྷ་སར་ཆེད་འགུགས་ཀྱིས་རྩིས་དགེར་བསྐོ་གཞག་དང་། བྲག་གཡབ་པ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་། འབྲས་བློ་གླིང་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་སོགས་རྩིས་སློབ་ཏུ་ཆེད་བཅུག་གནང་སྟེ་གྷི་ལེན་མོར་ཞེས་པའི་དབྱིན་ཇིའི་སྐབས་ཀྱི་ཁང་རྙིང་ཞིག་ཡོད་པའི་ནང་སྐར་དཔྱད་རྩིས་རིག་གི་འཆད་ཉན་མགོ་འཛུགས་ཐོག་རྩིས་རིག་བསྟན་པའི་མེ་རོ་སླར་གསོ་གནང་།
ཕྱི་ལོ་ ༡༩༦༡ ལོར་ལྷ་ལྡན་སྨན་རྩིས་ཁང་ནས་ཐོན་པ་ཞིང་གཤེགས་དམ་པ་སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་བཀའ་འགུགས་ཀྱིས་སྨན་དགེ་ཆེན་མོར་བསྐོ་གཞག་དང་། རྣམ་གྲྭ་བྱམས་པ་བསོད་ནམས་སམ་ལྷ་དབང་དང་། བཀྲིས་རྒྱལ་མཚན། ཡེ་ཤེས་བསོད་ནམས་སོགས་དགེ་འདུན་པ་བརྒྱད་སྨན་སློབ་ཏུ་ཆེད་བཅུག་གིས་ཅོབ་རཱ་ཧའོ་སི་ཞེས་པའི་ནང་གསོ་བ་རིག་པའི་འཆད་ཉན་མགོ་འཛུགས་ཐོག་གསོ་རིག་བསྟན་པའི་མེ་རོ་སླར་གསོ་མཛད། དེ་ནས་རིམ་བཞིན་རྒྱ་བསྐྱེད་བྱུང་བའི་ཉེར་ལེན་གྱིས་ཆེ་ལོང་ཙམ་དུ་བསྡུས་ན། སྨན་གྱི་རིགས་ ༡༨༤ ཙམ་བཟོ་བསྐྲུན་གནང་བཞིན་པའི་སྨན་སྦྱོར་ཁང་དང། རྒྱ་གར་གཞུང་གི་བཀའ་འཁྲོལ་ཡོད་པའི་སྨན་དངོས་ ༥ ཡིས་ཐེ་བས་དངོས་རྫས་ཁག་མི་འདྲ་བ་ ༦༥ ཙམ་བཟོ་བསྐྲུན་གནང་བའི་སྔོ་སྦྱོར་ཁང་། སྔོ་སྨན་མི་འདྲ་བ་ ༥༠༠ ཙམ་གྱི་དཔེ་མཚོན་ལྡན་པའི་སྨན་རྫས་མཁོ་སྒྲུབ་དང་ཉམས་ཞིབ་ཚན་པ། དྷ་ས་དང་སྦེང་ལོར་དུ་ཡོད་པའི་སྨན་རྩིས་མཐོ་སློབ་གཉིས། ཡན་ལག་སྨན་ཁང་ ༦༦ ། རང་དབང་ཅན་གྱི་སྡེ་ཚན་ལྟ་བུ་ཡིན་པ་སློབ་གཉེར་དང་ཉམས་ཞིབ་ཀྱི་བསྟི་གནས་གཉིས་བཅས་ཡོད་ལ། དེའི་ནང་དུ་ཞབས་ཞུ་སྒྲུབ་མཁན་སྨན་པ་ ༡༦༤ དང་། སྐར་རྩིས་པ་ ༣༢ ། འཛིན་སྐྱོང་ལས་བྱེད་བསྡོམས་པའི་གྲངས་ ༥༡༨ བཅས་ཁྱོན་སྨན་རྩིས་ལས་བྱེད་མི་གྲངས་ ༧༡༤ ཙམ་ཡོད། དེའི་ནང་ནས་ ༣༢༩ ཕྱོགས་མཐའ་ཁག་གི་ལས་བྱེད་ཡིན། དེ་བཞིན་གསར་དུ་ཐོན་འཆར་སྨན་སློབ་གྲངས་ ༡༡༨ དང་། རྩིས་སློབ་གྲངས་ ༢༩ ཡོད་པས་མ་འོངས་པར་སྨན་རྩིས་ཀྱི་བསྟན་པ་རྒྱུན་འཛིན་གནང་མཁན་གྱི་མི་ཆ་ཐོག་ལ་དཀའ་ངལ་ཡོང་གཞི་མེད་པ་ལྟ་བུ་ཞིག་ཏུ་མངོན་ནའང་། གསར་ཐོན་སྨན་རྩིས་པ་རྣམས་ལ་ལས་གནས་བཀོད་སྒྲིག་བྱ་ཕྱོགས་དང་། ལས་བྱེད་ཀྱི་གྲངས་འབོར་ཐད་ལ་ལས་འབོར་ཉམས་ཞིབ་ཀྱིས་ས་མིག་གཏན་འབེབས་གནང་དགོས་པ་ཞིག་ཏུ་མངོན།
སངས་རྒྱས་སྨན་པའི་རྒྱལ་པོ་དང་གཉིས་སུ་མེད་པ་རྗེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་ཕྱི་མོ་གསར་རྩོམ་དང་། ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་གསར་བཙུགས་ཐོག་སྨན་རྩིས་རིག་པའི་སྲོལ་བཟང་བཙུགས་པའི་འཕྲིན་ལས་བསྐྱངས་པ་ནས་བཟུང་ད་བར་མི་ལོ་ ༡༣༠༠ ཙམ་གྱི་རིང་སྨན་རྩིས་ཀྱི་བསྟན་པ་ཕྲ་ཞིང་ཚུགས་པར་གནས་ཐུབ་པ་ནི། གཙོ་ཆེར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་ཉག་ཅིག་དང་། ཡང་སྒོས་གཞིས་བྱེས་གཉིས་ཀྱི་སྨན་རམས་དང་རྩིས་རམས་དམ་པ་གོང་མ་རྣམས་དང་། ད་ལྟ་འཚོ་ཞིང་གནས་པ་སྨན་རྩིས་པ་དང་ཕྱག་རོགས་ལས་བྱེད་རྣམས་ཀྱི་དམ་ཚིགས་དང་ལྷག་བསམ་གཡོ་བ་མེད་པའི་ཐོག་རང་འཁྲིའི་ལས་འགན་ལ་བརྩོན་པའི་སྟོབས་ཀྱིས་ཡིན་པ་གོར་མ་ཆག་སྟབས། སླད་མའི་ཆར་ཡང་ཚང་མས་མུ་མཐུད་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་སྨན་རྩིས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་། སྨན་རྩིས་ཁང་འདི་ཉིད་འགྲོ་བའི་ཕན་བདེའི་དོན་དུ་སྲ་བརྟན་ཡུན་རིང་ཐུབ་པའི་རྒྱབ་སྐྱོར་དང་ནུས་པ་མཉམ་སྤུངས་གནང་སྐྱོང་དགོས་པ་ཡིན།
སྨན་རྩིས་ཁང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་གསོ་བ་དང་སྐར་རྩིས་རིག་པ་གཉིས་ཉམས་པ་སོར་ཆུད་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང་། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་ཞབས་ཞུ་དང་། བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བོད་འབངས་རྣམས་ཀྱིས་གཙོས་ན་བའི་སྡུག་བསྔལ་གྱིས་མནར་བའི་མ་གྱུར་སྐྱེས་འགྲོ་ཡོངས་ལ་འཕྲོད་བསྟེན་གྱི་ཞབས་ཞུ་བསྒྲུབ་རྒྱུ་དེ་དག་ཡིན། ད་ལྟའི་ཆར་སྨན་པ་གཙོ་བོ་ཚེ་དབང་རྟ་མགྲོན་ལགས་ཀྱིས་དབུས་པའི་སྐུའི་བླ་སྨན་དང་བླ་སྨན་ཞབས་ཞུ་བ་ ༤ ཡིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ལམ་སྟོན་གཞིར་བཟུང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཐབས་ལམ་བསྟེན་པ་སོགས་ཀྱི་སྒོ་ནས་ཞབས་ཞུ་གང་ཐུབ་སྒྲུབ་མུས་ཡིན་པར་མ་ཟད། སྐར་རྩིས་སྡེ་ཚན་ནས་ཀྱང་དགུང་ཀེག་རྩིས་འབྲས་འདོན་འབུལ་ཞུ་རྒྱུས་མཚོན་པའི་ཞབས་ཞུ་སྒྲུབ་སྒོ་གང་ཅི་སྒོ་གསུམ་རྣམ་པར་དག་པའི་སྒོ་ནས་འབད་སྒྲུབ་ཞུས་དང་ཞུ་མུས་ཡིན་ཅིང་། སླད་མའི་ཆར་ཡང་སྨན་རྩིས་ཁང་གི་དབུ་ལས་ཡོངས་ནས་སྐུའི་འཕྲོད་བཞེས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ནི་རང་འཁྲིའི་ལས་འགན་ནང་ནས་ལྕི་ཤོས་དང་གལ་འགངས་ཆེ་ཤོས་སུ་བཟུང་སྟེ་འབད་སྒྲུབ་ཚུལ་བཞིན་ཞུ་ཆོག་པའི་སྙན་སེང་གསལ་འདེབས་ཀྱང་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་ནས་ཀྱང་གཙོ་ཆེར་གཞིས་བྱེས་གཉིས་ཀྱི་བོད་འབངས་དང་། ཧི་མ་ལ་ཡའི་རི་རྒྱུད་པའི་རྗེས་འཇུག་སློབ་མ། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་གང་གི་ཐུགས་རྗེའི་རྗེས་སུ་སྙེགས་མཁན་སྐྱེས་འགྲོ་རྣམས་ཀྱི་འདི་ཕྱི་གཏན་གྱི་ཕན་བདེའི་དོན་དུ་སྐུ་ཚེ་ྋཞབས་པད་མི་ལོ་ ༡༡༣ བརྟན་ཅིང་བཞུགས་རྒྱུའི་ཞལ་བཞེས་ཟབ་མོ་དོན་དུ་སྨིན་པ་དང་། བཀའ་སློབ་གསུང་གི་བདུད་རྩིས་སྤྱི་བོའི་མཛེས་རྒྱན་དུ་ནམ་ཡང་སྩོལ་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།
སྨན་རྩིས་ཁང་གི་ལོ་འཁོར་འགྲོ་གྲོན་ཆ་ལ། གསོལ་ཕོགས་ཆེད་དུ་ལོ་ལྟར་ཧིན་སྒོར་ས་ཡ་ ༢༥་༤༨ ཙམ་དང་། རྒྱུན་གྲོན་གཞན་གྱི་ཆེད་དུ་ས་ཡ་ ༣༧་༧༧ བཅས་ཁྱོན་བསྡོམས་ས་ཡ་ ༦༣་༢༦ འགྲོ་བཞིན་ཡོད་པ་ནས། ཉམ་ཐག་དང་། རང་ལོ་ ༦༥ ཡན། གྲྭ་བཙུན། གཞུང་ཞབས། ནད་རིགས་ལྕི་བའི་ནད་པ་སོགས་ཀྱི་སྨན་སྦྱིན་ཆེད་དུ་ཧིན་སྒོར་ས་ཡ་ ༤་༥༨ ཙམ་ལོ་ལྟར་གཏོང་བཞིན་ཡོད། ཏོག་དབྱིབས་གཉེན་རིམས་ཀྱི་ནད་ཡམས་བྱུང་སྐབས་ནད་གཞི་ཕོག་མཁན་ཡོངས་ལ་སྨན་རྩིས་ཁང་ནས་རིན་མེད་སྨན་སྦྱིན་ཐོག་གསོལ་སྨན་ཕུལ་བ་དང་། འཕྲོད་བསྟེན་ལས་ཁུངས་ནས་སྨན་གྲོན་གསུམ་ཆ་གཉིས་དང་། སྨན་རྩིས་ཁང་ནས་གསུམ་ཆ་གཅིག་གི་སྨན་སྦྱིན་ཐོག་ལུས་ཟུངས་གསོ་བྱེད་ཀྱི་གསོལ་སྨན་ཕུལ་བ་བཅས་ཀྱི་ཆེད་དུ་ཧིན་སྒོར་འབུམ་ ༧༣་༧༤ ཕྱིན་འདུག ཏོག་ནད་བརྡལ་ཁྱབ་ཆེ་བའི་དུས་སུ་སྨན་སྦྱིན་གནང་རྒྱུ་ཆེད་དུ་དངུལ་གྱི་ཞལ་འདེབས་གནང་མཁན་མི་ཉུང་བ་ཞིག་ཀྱང་བྱུང་བས། གོ་སྐབས་འདིའི་བརྒྱུད་སྨན་རྩིས་ཁང་ལ་རོགས་རམ་ཞལ་འདེབས་གནང་མཁན་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཀྱང་ཞུ་རྒྱུ་ཡིན།
དཔལ་ལྡན་སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་འཛུགས་ཕུགས་འཕེར་སྲ་བརྟན་ཡོང་སླད་ཐུགས་འགན་དགོངས་པ་ཆེ་བཞེས་ཐོག་སྒྲིག་གཞི་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་དང་། རྩ་འཛིན་སྒྲིག་གཞི་གསར་བཟོ་གནང་རྒྱུས་མཚོན་པའི་མ་འོངས་མདུན་ལམ་གསལ་བའི་ལམ་སྟོན་སྤྱི་བསྩལ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཙམ་དུ་མ་ཟད། མ་འོངས་པར་ཡང་དེ་ལྟར་ཐུགས་རྗེའི་གཟིགས་པ་དང་རོགས་མགོན་རྒྱུན་ཆད་མེད་པར་སྩོལ་གནང་ཡོང་བའི་སྐྱབས་འཇུག་ཀྱང་ཞུ་བ་ལགས། དེ་བཞིན་འདིར་བཞུགས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བོད་མིའི་སྒྲིག་འཛུགས་མ་ལག་གི་སྐུ་ཚབ་རྣམ་པས་ཀྱང་སྒྲིག་འཛུགས་འདི་ཉིད་ཚགས་ཚུད་སྲ་བརྟན་ཡོང་སླད་ད་བར་ཐུགས་འགན་ཆེ་བཞེས་མཛད་པར་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་ཞུ་བ་ལགས།
ངོས་རང་འགན་འཛིན་གྱི་ལས་འགན་རྩིས་ལེན་བྱས་ཏེ་བདུན་ཤས་ལས་སོང་མེད་སྟབས་འདི་བྱེད་འདི་མིན་གྱི་བསྒྲུབ་བྱ་གཏན་འཁེལ་ཅན་ཞིག་བཟོ་ཐབས་མ་བྱུང་ནའང་། སྒྲིག་གཞི་གཏན་འབེབས་བྱུང་མཚམས་སྒྲིག་གཞིའི་འབྲུ་དོན་གཞིར་བཟུང་འཛིན་སྐྱོང་གི་ལས་དོན་བསྒྲུབ་རྒྱུ་དང་། རྒྱ་གར་ཨ་ཡུ་ཤི་ལྷན་ཁང་ལ་སྨན་པ་དེབ་སྐྱེལ་དང་མཐོ་སློབ་གཉིས་ཀྱི་དེབ་སྐྱེལ་ལས་དོན་གང་མྱུར་སྨིན་སྒྲུབ་ཐུབ་པ་བྱ་རྒྱུ། ཕྱི་ལོ་ ༢༠༡༨་་་༡༩ དང་ ༢༠༡༩་་་་༢༠ རྩིས་ལོ་གཉིས་ཀྱི་རྩིས་ཞིབ་སྙན་ཐོ་ལ་མཇུག་སྐྱོང་། ལས་ཤག་དང་ལས་ཁུངས་ཉམས་གསོའི་འཆར་གཞི་བཟོས་ཏེ་ཉམས་གསོ་ཐུབ་ཐབས་བྱ་རྒྱུ། སྨན་རྩིས་ཁང་གི་སྨན་རྩིས་པ་ཟུར་པ་རྣམས་དང་འབྲེལ་ལམ་གསར་བཟོ་འམ་འབྲེལ་ལམ་ཡོད་བཞིན་པ་གོང་མཐོར་སྤེལ་སླད་བོད་ཀྱི་སྨན་རྩིས་ཁང་གི་སྨན་རྩིས་པའི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་ཐུབ་པ་བྱ་རྒྱུ། འགན་འཛིན་ལྷན་ཚོགས་ཀྱི་དགོངས་གཞི་ཡོད་པ་གཞིར་བཟུང་འཛིན་སྐྱོང་དང་རིག་གཞུང་གི་ལས་དོན་ངོ་བོ་ཁ་གསལ་བཟོས་ཏེ་བསྐྱོད་རྒྱུ་བཅས་ནི་དོ་སྣང་འབད་རྩོལ་བྱེད་དགོས་པའི་གནད་དོན་མངོན་པར་གསལ་བ་ཁག་ཅིག་ཡིན། རང་ངོས་ནས་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བཀོད་གཞིར་བཟུང་ལས་འགན་ཇི་འདྲ་ཞིག་ཁུར་ལེན་བྱས་པའི་སྐབས་ལྷག་བསམ་ཟོལ་མེད་རང་ནུས་གང་ལྕོགས་ཀྱིས་འབད་འབུངས་བྱས་ཡོད་པ་ལྟར་སྨན་རྩིས་ཁང་འདི་རུའང་འབད་བརྩོན་ལྷོད་མེད་ཞུ་ཆོག་པའི་ཁས་ལེན་ཡང་བྱ་རྒྱུ་ཡིན། འོན་ཀྱང་ཇི་སྐད་དུ། ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ཡིན། །ངོ་བོས་སྒྲུབ་པ་དེ་སྒྲུབ་པ། །རྒྱུ་དང་རྐྱེན་ལ་ལྟོས་པར་འགལ། ཞེས་གསུངས་པ་ལྟར། འཇིག་རྟེན་འདིར་རྟེན་འབྱུང་ལྟོས་གྲུབ་ཀྱི་དངོས་པོ་མེད་པ་ཅི་ཡང་མེད་སྟབས། འགན་འཛིན་གོང་མ་རྣམས་ཀྱི་སྐབས་སུ་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད་ལ། དུས་ད་ལྟའང་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་རོགས་མགོན་ལམ་སྟོན་ཡོད་པའི་ཐོག གཙོ་བོ་ནང་གི་རྒྱུ་རྐྱེན་སྨན་པ་དང་། རྩིས་པ། ལས་བྱེད་རྣམས་ནས་སྤྱི་དོན་གཙོ་བོར་བཟུང་སྟེ་རྒྱབ་མདུན་ངོ་ལྐོག་གཡོ་ཟོལ་མེད་པར་ཕྱག་ལས་གནང་བའི་སྟོབས་ཀྱིས་ཡར་རྒྱས་འབྱུང་དགོས་པ་མ་གཏོགས། འགན་འཛིན་གཅིག་པུས་བྱེད་ཐབས་གང་ཡང་མེད། དེར་བརྟེན་རང་ཅག་ཕན་ཚུན་ཡིད་ཆས་བློ་གཏད་དང་གཅིག་ཕན་གཅིག་གྲོགས་ཀྱི་བསམ་བློ་བཅངས་ཏེ་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་གནང་སྐྱོང་ཡོང་བའི་འབོད་བསྐུལ་དང་རེ་འདུན་སླར་ཡང་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཐུན་མོང་མིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། དེའི་ནང་ནས་སྨན་རྩིས་ཀྱི་བསྟན་པ་དར་རྒྱས་ཡུན་རིང་གནས་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉིན་མོ་མགྱོགས་ནས་མྱུར་བའི་ཤར་བའི་སྨོན་འདུན་དང་བཅས། འགན་འཛིན་མིང་འཛིན་པས་ཕྱི་ལོ ༢༠༢༢ ཟླ་ ༣ ཚེས་ ༢༣ ལ།། །།
མཐའ་མའི་འདོན་ཐེངས་།: 05.04.2022 ཉིན། 9:44 AM
<< སྔ་མ།