སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.10.2020
མདུན་ངོས། >>



སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

༄༅། །ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་།  ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༤ འཁོར་བ། བྱེས་སུ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཕགས་ཡུལ་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༩ འཁོར་བ་བཅས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྟེང་
༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་མཛད་སྒོའི་སར་སྨན་རྩིས་ཁང་
འགན་འཛིན་གྱི་གསུང་བཤད།



            ཆིབས་བསྒྱུར་བསྐྱངས་པའི་མགྲོན་གྱི་གཙོ་བོ་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་དཔལ་ལྡན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག་དང་།  སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ྋསྐུ་བཅར་སྨན་པ།  ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ།  གསར་འགོད་པ་རྣམ་པ། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི།  སྨན་རྩིས་སློབ་ཕྲུག་བཅས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

            ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས། སྐུའི་འཕྲོད་བཞེས་ཞབས་ཞུ་སྨན་པ་རྣམས་ནས་མགོན་པོ་གང་ཉིད་ཀྱི་ྋསྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་ཁག་རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་བཞིན་པ་དང་། སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྐུ་ཡི་དགུང་ཀེག་ཀེག་རྩིས་རིགས་ཀྱང་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་པ་ཡིན།  ྋརྒྱལ་བའི་སྐུ་བཅར་སྨན་པ་རྣམ་དང་སྐར་རྩིས་པ་གཙོ་བོ་ཙམ་མིན་པ་སྡེ་ཚན་མང་པོའི་ལས་བྱེད་མང་པོར་དགའ་ལྡན་ཕོ་བྲང་གི་ཕྱག་ལས་ཐོག་རམ་འདེགས་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་པ་དགའ་ངོམས་དགོས་པ་ཞིག་ཡིན

མི་ཤུགས་གོང་སྤེལ་སྡེ་ཚན་ཁོངས་ལས་བྱེད་དང་། ལས་མི། སློབ་ཕྲུག་བཅས་ཀྱི་རྣམ་གྲངས།།  

ཨང་།

རྣམ་གྲངས།

ཕོ།

མོ།

བསྡོམས།

སྨན་པ།

༩༠

༧༢

༡༦༢

ཆོད་གན་སྨན་པ།

༡༠

སྐར་རྩིས་པ།

༡༦

༡༧

༣༣

སྨན་སློབ།

༤༦

༥༣

༩༩

སྐར་རྩིས་སློབ་ཕྲུག

༡༦

༡༦

༣༢

འཛིན་སྐྱོང་ལས་བྱེད།

༡༧༥

༡༣༩

༣༡༤

འཛིན་སྐྱོང་ཆོད་གན་ལས་བྱེད།

༤༨

༢༢

༧༠

ལས་མི།

༧༣

༥༥

༡༢༨

 

བསྡོམས།

༤༧༣

༣༧༥

༨༤༨

 

            ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སྡེ་ཚན་ཁག་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༤ བཅས་སྡེ་ཚན་ ༢༥ དང་།  འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༡༨ བཅས་ཡོད།

སྨན་སྦྱིན་ཞབས་ཞུ།
            སྨན་རྩིས་ཁང་ནས་ཉམ་ཐག་དང་། ལོ་ན་ ༦༥ ཡན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་དང་སྡོད་གཅིག་ནང་མི། ནད་གཞི་འབྲས་ནད། གློ་གཅོང་། གཉན་ནད་རེག་དུག མཆིན་ནད་དུག་ཐབས་བཅས་ལྕི་བོ་ཡོད་པའི་ནད་པ། བོད་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བལྟ་སྐྱོང་ཆེད་སྨན་རིན་བརྒྱ་ཆ་ ༡༠། ཆག་ཡང་།  གྲྭ་བཙུན། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕྱེད་བཅག་ཕུལ་བ་ཆ་སྙོམས་བྱས་ན་ཟླ་རེར་ཧིན་སྒོར་འབུམ་ ༢༨ ཙམ་གཏོང་བཞིན་ཡོད་པ་དེ་དག་གཙོ་བོ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ཁང་ལ་བསྟེན་གཏུགས་བྱེད་མཁན་གྱི་རྒྱ་གར་ནད་པའི་ཞལ་འདེབས་དང་སྨན་རིན་སོགས་ལ་བརྟེན་ནས་བྱུང་བ་ཡིན།

            ཉམ་ཐག་གི་ཐོ་གཞུང་འདེམ་སྒྲུག་ལ་མཚོན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད།  ཤེས་རིག  འཕྲོད་བསྟེན་གསུམ་གྱི་ཉམ་ཐག་འདེམ་སྒྲུག་སྲིད་ཇུས་ལས་གུ་ཡངས་པ་ཡོད་པས་སྨན་སྦྱིན་ཞུ་མཁན་གྱི་གྲངས་ཐོ་ཡང་མང་བ་ཡོད། སྨན་རྩིས་ཁང་ལ་མཚོན་ན་ས་གནས་འགོ་འཛིན་སོ་སོས་ཟླ་བ་གསུམ་རེའི་མཚམས་སུ་གནང་བའི་ཐོ་གཞུང་རང་ལ་སྨན་རྩིས་ཁང་ནས་རྩ་འཛིན་བྱེད་བཞིན་ཡོད། ད་དུང་གལ་ཏེ་ཐོ་གཞུང་ཁོངས་མ་ཚུད་པའི་ཉམ་ཐག་ལྷག་བསྡད་རིགས་ཡོད་ན། དེ་ནི་ས་གནས་འགོ་འཛིན་སོ་སོས་འཐུས་ཤོར་དང་ལྷོད་ཡངས་སུ་བཏང་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ངོས་འགན་འཛིན་ས་གནས་ཁག་ལ་རྟོག་ཞིབ་ཏུ་བསྐྱོད་སྐབས་བརྗོད་ཀྱི་ཡོད། 

 

སྨན་དང་། ཐོན་སྐྱེད་ཀྱི་སྤུས་ཚད་སྟངས་འཛིན་ཚོགས་ཆུང་། 

            སྨན་རྩིས་ཁང་ལ་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་འགན་ཡོད་པའི་ཐོག་སྨན་རྩིས་ཁང་གི་སྨན་དང་ཕྱིར་ཚོང་ཐོན་སྐྱེད་ལ་རྒྱ་ཆེ་མང་ཚོགས་ནས་ཡིད་ཆེས་དང་ཆེ་མཐོང་ཆེན་པོ་གནང་བཞིན་ཡོད་སྟབས། སྨན་རྒྱུའི་རིན་འབབ་ལ་མ་བལྟས་པར་སྨན་རྒྱུ་སྤུས་ལེགས་མཁོ་སྒྲུབ་དང་། སྦྱོར་བཟོ་རྣམས་སྨན་གྱི་གཞུང་ལུགས་ལྟར་ཚད་ལྡན་དགོས་པ་གཞིར་བཞག་སྟེང་། སྤུས་ཚད་སྟངས་འཛིན་ཚོགས་ཆུང་ཞེས་སྨན་པ་གཙོ་བོ་ཚོགས་གཙོར་ཡོད་པའི་ཐོག་སྨན་སྦྱོར་འགན་འཛིན་དང་། སྨན་རྫས་འགན་འཛིན། ཉམས་ཞིབ་འགན་འཛིན། སྔོ་སྦྱོར་འགན་འཛིན། ཐད་སྤྱོད་སྨན་གྱི་སྡེ་ཚན་གྱི་འགན་འཛིན། ཚན་རིག་པ་བཅས་ལས་གྲུབ་པའི་སྤུས་ཚད་སྟངས་འཛིན་ཚོགས་ཆུང་ནི་གལ་ཆེའི་ཚོགས་ཆུང་ཞིག་ཡིན།

            བླ་བྲང་དང་།  གྲྭ་ཚང་ཁག་ནས་སྨན་རྩིས་ཁང་ལ་རེ་བ་དང་ཡིད་ཆེས་ཆེན་པོས་གསོལ་སྨན་དང་སྨན་པའི་མཐུན་སྦྱོར་རེ་སྐུལ་ཞུ་མཁན་མང་དུ་འགྲོ་འདུག  སྨན་དང་སྨན་པ་གཉིས་ཀ་སྨན་རྩིས་ཁང་ནས་གཏོང་གནང་ཡོང་བའི་རེ་སྐུལ་ཞུ་མཁན་ལ་ངོས་ལེན་དང་མཐུན་སྦྱོར་གང་ཐུབ་ཞུ་བཞིན་ཡོད་ལ།  སྨན་གཞན་ནས་མཁོ་སྒྲུབ་དང་སྨན་པ་རྒན་པ་ཞིག་སྨན་རྩིས་ཁང་ནས་གཏོང་གནང་ཡོང་བ་དང་།  ཡང་།  སྨན་དེ་སྨན་རྩིས་ཁང་དང་སྨན་པ་ང་ཚོར་ཡོད་ཞུ་མཁན་རིགས་ལ་ཁས་ལེན་ཞུས་མེད།

 

རིན་ཆེན་རིལ་བུའི་སྐོར། 

            སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུས་པའི་རིན་ཆེན་རིལ་བུ་ཁག་བརྒྱད་ཡོད། བོད་རིགས་མང་ཚོགས་ལ་རིན་ཆེན་རིལ་བུའི་ཚོང་སྒྱུར་བྱེད་ལུགས་ད་ལྟ་ཡག་པོ་འགྲོ་བཞིན་པ་འདི་མུ་མཐུད་རྒྱུན་འཁྱོངས་དགོས་གལ་ཆེ། འགྲོ་ལུགས་དེ་ལྟར་བཟོས་དགོས་པའི་རྒྱུ་མཚན་ཡང་བར་སྐབས་དངུལ་རྐྱང་ཁོ་ན་མ་གཏོགས་མི་སེམས་པའི་རང་རིགས་ཚོང་པ་ཁག་གཅིག་གིས་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱས་ནས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་འབོར་ཆེན་ཐོབ་པར་བྱས་ཏེ་བོད་དུ་བཏང་ནས་སྨན་རིན་ལྡབ་མང་པོ་ལེན་བཞིན་པའི་གནས་ཚུལ་ཡོང་འདུག་པ་དང་། བཙན་བྱོལ་ནང་གི་རང་རིགས་ལ་རིན་ཆེན་རིལ་བུ་མ་ལྡེང་བའི་རྒྱུ་མཚན་གཅིག་དེར་ཐུག་ཡོད། དེར་བརྟེན་མང་ཚོགས་ཀྱིས་ཀྱང་ཧམ་སེམས་ཆེ་བའི་ཚོང་པ་དག་གི་བེད་སྤྱོད་ལོག་པའི་འོག་མི་ཚུད་པ་བྱ་རྒྱུ་གལ་ཆེ། གང་ལྟར་རིན་ཆེན་རིལ་བུ་ཚོང་སྒྱུར་ཐད་གནས་སྟངས་ཇི་འདྲ་ཞིག་ཡོད་ཀྱང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་ནང་དུ་སྨན་པས་བརྟག་དཔྱད་བྱས་རྗེས་ནད་པ་གང་ཞིག་ལ་རིན་ཆེན་རིལ་བུ་གང་དང་ཐུན་གྲངས་ཇི་ཙམ་གཏོང་དགོས་རིགས་སྨན་པར་འགན་དབང་ཆ་ཚང་ཡོད་པས་ནད་པའི་ཆེད་དུ་རིན་ཆེན་རིལ་བུ་མ་རག་པའི་སྐད་ཆ་སྦྲང་སྐད་ཙམ་ཡང་མེད་པ་དགོས་རྒྱུ།

 

གསོ་བ་རིག་པ་ལ་བོད་སྨན་ Tibetan Medicine ལབ་ཆོག 

            གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་བྱས་པའི་དཔལ་ལྡན་རྒྱུད་བཞི་དང་། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་སྨན་གཞུང་རྣམས་གཞི་རྩར་བཞག་སྟེ་སློབ་གཉེར་བྱེད་པ་དང་། གཞུང་དེ་དག་ནང་བསྟན་པའི་བརྟག་ཐབས་རིག་པ་དང་། སྨན་རྫས་མཁོ་སྒྲུབ། སྨན་སྦྱོར་ལག་ལེན་བཅས་ཀྱི་སྒྲོམ་གཞི་དེ་ལ་བསྟན་བཅོས་ཀྱི་ཐ་སྙད་དུ་བོད་ཀྱི་གསོ་བ་རིག་པ་ཞེས་པ་དང་། ཡོངས་གྲགས་དམངས་ཁྲོད་དུ་བོད་སྨན་ཞེས་ Tibetan Medicine གྲགས་ཡོད། བོད་ཀྱི་ཁྱིམ་མཚེས་ཀྱི་ཡུལ་ལུང་འབྲུག་དང་། བལ་ཡུལ། སོག་པོ་ལ་སོགས་པའི་ནང་དུ་ལག་བསྟར་བཞིན་པའི་སྨན་གྱི་རིག་པ་དེ་ང་ཚོའི་བོད་ཀྱི་གསོ་བ་རིག་པའི་སྒྲོམ་གཞི་དེ་ཉིད་དང་གཅིག་མཚུངས་ཤིག་ཡིན་ན་དེ་ལའང་བཟང་སྤྱོད་སྒོ་ནས་བོད་སྨན་ Tibetan Medicine ཞེས་འབོད་དགོས་པ་ཡིན། དེང་སང་བོད་ཀྱི་གསོ་བ་རིག་པ་ལ་གསོ་རིག་ཁོ་ན་མ་གཏོགས་བོད་དང་བོད་སྨན་ཞེས་པའི་ཐ་སྙད་ཙམ་ཡང་བེད་སྤྱོད་གནང་བདེ་མེད་པའི་གནས་བབ་འདི་ཆབ་སྲིད་ཀྱིས་རིག་གཞུང་བྱེ་བྲག་པ་ཞིག་གི་འབྱུང་ཁུངས་ལ་རྩིས་མེད་གཏོང་བའི་རང་གཤིས་ལས་མ་འདས། འོན་ཀྱང་ང་ཚོ་བོད་མིས་ད་དུང་ཡང་བོད་སྨན་ལ་བོད་སྨན་ཞེས་འབོད་པ་འདི་ང་ཚོའི་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཞིག་ཡིན། དཔེར་ན།  ང་ཚོ་བོད་པས་དུས་ད་ལྟའི་བར་དུ་དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་དྲི་མ་མེད་པར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་བྱས་པ་ན་བོད་ཀྱི་ནང་ཆོས་ཞེས་འཛམ་གླིང་ཡོངས་ལ་གྲགས་ཤིང་དེ་ལྟར་འབོད་པ་ལ་དཀའ་ངལ་གང་ཡང་མེད། དེ་བཞིན་དུ་ང་ཚོའི་མེས་པོ་དམ་པ་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཁྱད་ནོར་ལ་གཅེས་སྤྲས་བྱས་པ་དེ་ལའང་མུ་མཐུད་ནས་བོད་སྨན་ Tibetan Medicine ཞེས་འབོད་པར་དཀའ་ངལ་གང་ཡང་འཕྲད་དགོས་དོན་མེད།

 

བོད་སྨན་གྱི་ཡར་རྒྱས་དང་ཉེན་ཁ། 

            སྨན་རྩིས་ཁང་དང་། སྨན་རྩིས་ཁང་གིས་བཟོ་སྐྲུན་བྱས་པའི་སྨན་རིགས། སྨན་རྩིས་ཐོན་དོངས་བཅས་ལ་རྒྱ་གར་ཙམ་དུ་མ་ཟད་བོད་དུ་རང་རིགས་རྣམས་ཀྱིས་ཀྱང་ཡིད་ཆེས་དང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད། དེ་ནི་གཙོ་བོ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཀའ་སློབ་ལམ་སྟོན་གང་ཕེབས་པ་སྙིང་ལ་བཅངས་པའི་སྒོ་ནས་གོམ་པ་མདུན་སྐྱོད་ཀྱིས་ཡར་རྒྱས་ཀྱི་འབྲས་བུ་ཞིག་ཡིན། ཡར་རྒྱས་གོང་འཕེལ་དང་ལྷན་དུ་གདོང་ལེན་བྱེད་དགོས་པའི་ཉེན་ཁ་ཞིག་ཀྱང་ཡོང་བཞིན་པ་ནི། ལོ་ཤས་སྔོན་ནས་སྨན་རྩིས་ཁང་གི་མིང་བེད་སྤྱོད་ལོག་པ་བཏང་སྟེ་སྨན་དང་རིན་ཆེན་རིལ་བུ། བདུག་སྤོས་སོགས་སྨན་རྩིས་ཁང་གི་མ་ཡིན་བཞིན་དུ་སྨན་རྩིས་ཁང་གི་ཡིན་ཁུལ་བཤད་པ་དང་། སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་སྨན་རིགས་མང་པོ་བོད་དུ་བཏང་ཡོད་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་བྱུང་ཡོད། བོད་རིགས་མང་ཚོགས་ནས་མི་ངན་དག་གི་བསླུ་བྲིད་འོག་མི་ཚུད་པའི་ཆེད་དུ་སྨན་རྩིས་ཁང་ནས་དེ་སྔ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད། དེ་ལྟར་རང་རིགས་མི་ངན་ཉུང་ཤས་ཤིག་གི་བྱས་ཉེས་དབང་གིས་སྨན་རྩིས་ཁང་དང་བོད་སྨན་ལ་མཚན་ཤས་བཟོ་བའི་ཉེན་ཁ་ཡོད་མུས་སྟེང་། བོད་རིགས་མ་ཡིན་པ་ནས་དེ་ལྟའི་ཉེན་ཁ་མེད་པའང་མ་ཡིན། ཡང་།  ཚད་ལྡན་གསོ་རིག་མཐོ་སློབ་ཁང་ནས་སློབ་ཐོན་བྱུང་བའི་སྨན་པ་མ་ཡིན་པའམ། ནུས་པ་ཕྱོགས་བསྡུས་ལྟ་བུར་བལྟས་ཏེ་བོད་སྨན་ཉམས་ལེན་བྱེད་པས་བོད་སྨན་སྤྱི་ལ་མིང་ཆད་ངན་པ་འཕོག་སྲིད་པ་ཡིན། ལྷག་པར་སངས་རྒྱས་ན་བཟའ་བཞེས་མཁན་ནུབ་ཕྱོགས་སོགས་ཕྱི་རྒྱལ་ཡུལ་ཕྲུ་ཁག་ཏུ་སླེབ་སྐབས་སྐུ་ཚབ་དོན་གཅོད་སོགས་བོད་མིའི་གནས་ཡོད་དབུ་ཁྲིད་མི་སྣ་རྣམས་ཀྱིས་ངེས་པར་དུ་དོ་དམ་ཡིད་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།


Covid-19 གཉན་རིམས་དུས་སྐབས་སྨན་རྩིས་ཁང་གི་ཞབས་ཞུ།

            སྔ་ལོའི་ལོ་མཇུག་ཙམ་རྒྱ་ནད་ Covid-19 གཉན་རིམས་ཀྱི་ནད་གཞི་འཕོག་བཞིན་ཡོད། དེ་ལྟར་གཉན་འཕྲང་ཅན་གྱི་དུས་སུ་སྨན་རྩིས་ཁང་གིས་ཐོག་མ་ཉིད་ནས་བོད་ཀྱི་གསོ་བ་རིག་པའི་ལུགས་གཞིར་བཟུང་རིམས་སྲུང་རིལ་བུ་སོགས་རང་རིགས་མང་ཚོགས་ལ་མཁོ་འདོན་ཆ་ཚང་ཞུས་ཡོད་ལ། གཞན་ཡང་སྨན་རྩིས་ཁང་གི་དྲ་རྒྱའི་ནང་དུ་ཀོ་ཝིཌ་ ༡༩ ནད་ལ་ཕན་པའི་ཁ་ཟས་དང་། སྨན་གྱི་ཐོ་གཞུང་། ཟུངས་གསོ་བའི་གསོ་རིག་ཐོན་དངོས་སྐོར། བླ་གཉན་ནད་ཡོད་པ་དང་ན་ཚོད་རྒན་གྲས་རྣམས་ཀྱིས་གཟབ་ནན་དགོས་པའི་སྐོར་གནས་ཚུལ་ཞིབ་གསལ་བཀོད་གནང་ཡོད། རྒྱ་གར་ནང་དུ་ Covid-19 ནད་པ་ཉིན་རེ་བཞིན་ཇེ་མང་འཕེལ་བཞིན་པའི་སྐབས་སུའང་སྨན་རྩིས་ཁང་གིས་འབྲེལ་ཡོད་ཨཱཡུཥ་ལྷན་ཁང་ལ་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་གདེང་སྤོབས་ཆེན་པོས་སྨན་བཅོས་ཞབས་འདེགས་ཞུ་ཐུབ་པ་དང་ཞུ་ཆོག་པའི་ཕྱག་བྲིས་༢༠༢༠ ཟླ་ ༤ ཚེས་ ༤ དང་ ༨ སོ་སོར་ཕུལ་ཡོད། Covid-19 གཉན་རིམས་ཀྱི་དུས་སུ་སྨན་རྩིས་ཁང་ནས་ནད་པའི་དངོས་ཡོད་དཀའ་ངལ་སེལ་བར་ལས་གཞི་གལ་ཆེ་བསྒྲུབས་པ་འགའ་ཞིག་ཡོད།  ཡང་།  རྒྱ་གར་དཔོན་རིགས་ཤིག་ནས་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ལ་བཀའ་མངགས་གནང་དོན་ལྟར་ ཟླ་ ༧ ཚེས་ ༡ ཉིན་རྒྱ་གར་འཕྲོད་བསྟེན་བློན་ཆེན་ Dr. Harsh Vardan མཚན་ཐོག་ཕྱག་བྲིས་ཕུལ་ཡོད།

རྒྱང་རིང་སྨན་པ་བསྟེན་གཏུགས་ (Tele-Consultation) ཀྱི་ཐབས་ལམ་ལག་བསྟར་གནང་བ།
            དེ་ཡང་བོད་ཀྱི་གསོ་རིག་ལུགས་ཀྱི་སྨན་བཅོས་ཞབས་ཞུ་གང་ལེགས་ཞུ་ཕྱིར་ཆེད་བཙུགས་གནང་བའི་ (MEET: Men-Tsee-Khang External Emergency Team) སྨན་རྩིས་ཁང་གི་ཕྱི་རོལ་ཛ་དྲག་ཚན་ཁག་ཅེས་པ་དེའི་བརྒྱུད་ནས། Covid-19 ནད་པ་དང་སྨན་པ་གཉིས་དངོས་སུ་ཐུག་འཕྲད་ཀྱི་གོ་སྐབས་མེད་པའི་སྐབས་བོད་སྨན་བསྟེན་འདོད་ཡོད་པའི་རིས་མེད་ནད་པ་སུ་ལའང་གསོ་རིག་སྨན་བཅོས་ཞབས་འདེགས་སྒྲུབ་པར་རྒྱང་རིང་སྨན་པ་བསྟེན་གཏུགས་ཀྱི་ཐབས་ལམ་ལག་བསྟར་གནང་བ་ནི། དམིགས་བསལ་རྒྱ་གར་དུ་མངའ་སྡེ་ ༡༧ ནང་ང་ཚོའི་ཡན་ལག་སྨན་ཁང་ ༢༧ གྱི་སྨན་པ་གྲངས་ ༥༢ ཡི་མཚན་དང་། ས་གནས། ལག་ཐོགས་ཁ་པར་ཨང་གྲངས་བཅས་འཁོད་པའི་གསལ་བསྒྲགས་སྤེལ་ནས་རྒྱང་རིང་སྨན་པ་བསྟེན་གཏུགས་ཀྱི་ཞབས་འདེགས་གང་ལེགས་ཞུས་དང་ཞུ་བཞིན་ཡོད། སྨན་པ་དེ་དག་ལ་སྔ་དྲོ་ཕྱག་ཚོད་ ༨ ནས་དགོང་དྲོ་ཆུ་ཚོད་ ༨ བར་ཉིན་ལྟར་ Covid-19  ནད་དང་འབྲེལ་བའི་སྨན་བཅོས་དང་དོགས་འདྲི་ཆེད་དུ་འབྲེལ་ལམ་ཞུ་ཆོག  གཞན་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་སྤྱི་ཡོངས་ནས་རྒྱུན་ལྡན་གྱི་ནད་པར་སྨན་བཅོས་ལྟ་རྟོག་ལས་གཞི་འགྲོ་མུས་ཡིན།

Covid-19 ལ་ཉམས་ཞིབ་ལས་གཞི།  

            སྨན་རྩིས་ཁང་ནས་གཉན་རིམས་འདི་ལ་བོད་སྨན་གྱི་ཕན་སྐྱེད་འབྱུང་ཚུལ་བདེན་དཔང་ར་སྤྲོད་ཐུབ་པའི་ཉམས་ཞིབ་ངེས་པར་དགོས་གལ་གཟིགས་ཡོད། དེའི་སླད་དུ་ Covid-19 ནད་པ་ཉམས་ཞིབ་འདིའི་ནང་མཉམ་ཞུགས་གནང་འདོད་ཡོད་པ་རྣམས་ལ་ནད་འདི་སེང་དྲག་མ་ཕྱིན་བར་དུ་བོད་རིགས་ལྟ་ཅི་རྒྱ་གར་ནད་པ་ལའང་སྨན་བཅོས་ཆ་ཚང་རིན་མེད་གནང་རྒྱུའི་མཐུན་རྐྱེན་སྦྱར་ཡོད། དེ་ལ་ཉམས་ཞིབ་ལ་དགོས་ངེས་ཀྱི་དོན་ཚན་བདུན་ཞིག་བཏོན་གནང་ཡོད་པ་དེ་ངེས་པར་ཚང་དགོས།  

ལུས་སེམས་ནུས་གསོའི་གསོལ་སྨན་མཐུན་འགྱུར། 

            བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ Covid-19 གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གིས་ཟླ་ ༣ པའི་ཟླ་མཇུག་ཙམ་ནས་བོད་རིགས་འགྲུལ་པ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་པ་རྣམས་དང་། རང་ལོ་ ༦༥ སོན་པའི་རྒན་གྲས། སྨན་ཞབས་པ་དང་འཕྲོད་ལས་པ་བཅས་ལ་ལུས་སེམས་ནུས་གསོའི་གསོལ་སྨན་རིན་མེད་བགོ་འགྲེམས་གནང་བཞིན་ཡོད་པའི་རིན་འབབ་ཐད། གསུམ་ཆ་གཉིས་བོད་མིའི་སྒྲིག་འཛུགས་དང་སུམ་ཆ་གཅིག་སྨན་རྩིས་ཁང་ནས་མཐུན་འགྱུར་གནང་བཞིན་ཡོད།

རྒྱལ་ས་དིལླིར་རྒྱ་གར་ཡུལ་མི་ Covid-19 ནད་པར་རིན་མེད་སྨན་བཅོས་ཞབས་ཞུ། 

            སྨན་རྩིས་ཁང་གི་ (MEET Team) ཕྱི་རོལ་ཛ་དྲག་ཚན་ཁག་གི་དང་ཐོག་སྨན་པ་གཉིས་དང་། སྨན་སྤྲོད་དང་ཁ་ལོ་བ་བཅས་ཡོད་པ་དེ་བཞིན་ཟླ་ ༧ པ་ནས་ ༡༠ ཟླ་བ་གསུམ་རིང་རྒྱ་གར་གྱི་རྒྱལ་ས་དིལླིར་རྒྱ་གར་ཡུལ་མི་ Covid-19 ནད་པ་གང་ཞིག་བོད་སྨན་བསྟེན་འདོད་ཡོད་པ་རྣམས་ལ་གཉན་རིམས་ནད་གཞི་ཕོག་པ་འདི་སེང་དྲག་མ་འགྱུར་བའི་བར་དུ་རིན་མེད་སྨན་བཅོས་ཞབས་འདེགས་ཞུ་དགོས་པ་གལ་ཆེན་ཡིན་པ་ལྟར་ཞུ་བཞིན་ཡོད། ལས་གཞི་འདི་ལ་ཕྱི་རྐྱེན་གང་ཅིར་དཀའ་ངལ་འཕྲད་སྲིད་པར་གདོང་ལེན་བྱེད་ཐབས་ཀྱི་གྲ་སྒྲིག་ཀྱང་སྔ་ས་ནས་བྱས་ཡོད། ང་ཚོའི་ལས་བྱེད་བཞུགས་གནས་ཁང་བདག་ནས་ཁང་གླ་མེད་པ་སླར་ཡང་ཞལ་བཞེས་གནང་སྟབས་ལྡི་ལི་ MEET ལས་གཞི་ཕྱི་ཟླ་ ༡༡ ཟླ་མཇུག་བར་མུ་མཐུད་རྒྱུ་ཡིན།

སྨན་རྩིས་མཐོ་སློབ་ཁང་གི་གནས་ཚུལ།
སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་། 

            སྤྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་དཀར་གྱི་ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཉེ་འགྲམ་དུ་སྨན་རྩིས་མཐོ་སློབ་ཁང་གི་རྨང་གཞིའི་རྡོ་ཆེན་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཛུགས་འཇོག་དང་འབྲེལ་བྱིན་འབེབས་ཐུགས་སྨོན་མཚམས་སྦྱོར་གྱི་བཀའ་དྲིན་བསྐྱངས་གནང་མཛད་པ་དང་། སྔ་ལོ་སྦེང་ལོར་སྨན་རྩིས་མཐོ་སློབ་གསར་རྒྱག་གི་ལས་གཞི་གྲུབ་ནས་འདི་ལོ་ཟླ་ ༣ ཚེས་ ༡ ཉིན་སྨན་རྩིས་མཐོ་སློབ་ལས་ཁུངས་དབུ་འབྱེད་ཞུས་ཡོད། ད་ལྟ་མཐོ་སློབ་དེར་སྨན་སློབ་སྐབས་ ༢༢ དང་ ༢༣  ལ་སློབ་མ་ཕོ་གྲངས་ ༢༢ དང་མོ་གྲངས་༢༥ བཅས་བསྡོམས་ ༤༧ དང་། དེ་བཞིན་རྩིས་སློབ་སྐབས་ ༡༢ དང་ ༡༣ བཅས་ལ་སློབ་མ་ཕོ་གྲངས་ ༩ དང་མོ་གྲངས་ ༡༤ བཅས་ ༢༣ ཡོད།  དེར་སྨན་རྩིས་དགེ་རྒན་དང་འཛིན་སྐྱོང་ལས་བྱེད་ཁྱོན་བསྡོམས་ ༢༩ ཡོད།  སྨན་རྩིས་མཐོ་སློབ་ཁང་དེ་བཞིན་མངའ་སྡེ་ AYUSH ལྷན་ཁང་ནས་ལམ་སྟོན་གནང་དོན་ལྟར་ཀརྣཱཊ་ཀ་མངའ་སྡེའི་རཱཇཱིབ་གཱཾདྷཱི་འཕྲོད་བསྟེན་ཚན་རིག་གི་གཙུག་ལག་སློབ་གཉེར་ཁང་གི་ (RGUHS: Rajiv Gandhi University of Health Sciences) འབྲེལ་ཁོངས་ངོས་ལེན་ཐོབ་ཐབས་བྱེད་མུས་ཡིན།  སྦེང་ལོར་དུ་ད་ལྟའི་ཆར་སྨན་རྩིས་མཐོ་སློབ་ཁང་དང་། དེ་བཞིན་སྐར་དཔྱད་རྩིས་རིག་སྡེ་ཚན། དེབ་འགོད་བྱེད་ཟིན་པའི་མཐོ་སློབ་ཀྱི་ནད་པ་བརྟག་དཔྱད་ཁང་ཞིག་ཀྱང་ཡོད། འབྱུང་འགྱུར་དབུས་ནས་ལུས་སེམས་སྲོག་དང་སེམས་ཁམས་འཕྲོད་བསྟེན་སྡེ་ཚན་གནས་སྤོས་ཞུ་འཆར་ཡོད།   སྦེང་ལོར་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ལས་འཆར་དང་སྨན་རྩིས་ཁང་གི་ལས་འཆར་དང་།  རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ལས་གཞི།  མངའ་སྡེ་དེར་གདན་ས་ཁག་ཡོད་སྟབས་ཐུགས་རེ་གནང་དོན་ལྟར་འབྲེལ་ཡོད་སྡེ་ཚན་ཚང་མར་དགེ་ཕན་ལྡན་པ་ཡོང་རྒྱུར་ཐེ་ཚོམ་མེད།

བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་།
            ད་ལྟ་སྨན་སློབ་སྐབས་ ༢༠ དང་ ༢༡ རྩིས་སློབ་སྐབས་ ༡༡ བཅས་ཁྱོན་སློབ་མ་ ༥༩ སློབ་གཉེར་བྱེད་མུས་ཡིན། སྨན་རྩིས་སློབ་མ་དེ་དག་བསླབ་པ་མཐར་སོན་མཚམས། བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་འདི་ཡོངས་སུ་བོད་རིགས་མ་ཡིན་པའི་སློབ་མ་རྣམས་ཀྱི་ཆེད་དུ་སྨན་པ་དཀའ་བཅུ་པའི་སློབ་གཉེར་བྱེད་ས་ཞིག་ཏུ་འགྱུར་རྒྱུ་ཡིན། ད་ལོ་ང་ཚོས་རྒྱལ་ཁབ་ཁག་ India, Russia, Mongolia, Taiwan, USA, Singapore, Germany, Kyrgyzstan  བཅས་ནས་བོད་ཀྱི་གསོ་བ་རིག་པར་དོན་གཉེར་ཡོད་པའི་སློབ་མ་ ༢༧ འདེམས་སྒྲུག་བྱས་ཟིན་པ་འདི་བོད་རིགས་མ་ཡིན་པའི་སྨན་སློབ་སྐབས་དང་པོ་དེ་ཆགས་ཡོད།

མ་ཎི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་དང་སྨན་རྩིས་ཁང་གཉིས་ཀྱི་བར་ཟུང་འབྲེལ་ལས་གཞི།
            འདི་ལོའི་ཟླ་ ༢ ཚེས་ ༡༢ ཉིན་ཚོགས་ཁང་འདི་ཉིད་ནང་དུ། རྒྱ་གར་བྱང་ཤར་ཁུལ་གྱི་མ་ཎི་པུར་མངའ་སྡེའི་མ་ཎི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ Manipur International University (MIU) གི་རིགས་བདག་ Dr. Harikumar Pallathadka མཆོག་དང་། ངོས་སྨན་རྩིས་ཁང་གི་འགན་འཛིན་གཉིས་ཀྱི་དབར། སྒྲིག་འཛུགས་གཉིས་ནས་མོས་མཐུན་གན་ཡིག་ (MoU) སྟེ་མཉམ་སྦྲེལ་གྱི་གྲོས་མཐུན་དང་མཛའ་འབྲེལ་གྱི་ཆིངས་ཡིག་ལ་མཚན་རྟགས་བརྒྱབ་ཡོད། དེ་ནི་དོན་དངོས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་བྱུང་བ་ཞིག་ཡིན། དེ་ཡང་མ་ཎི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་སྨན་རྩིས་རིག་པའི་སློབ་གཉེར་ཚན་པ་ཞིག་གསར་འཛུགས་གནང་རྒྱུ་རེད་ལ། གཙུག་ལག་སློབ་ཁང་དེ་ནས་བོད་ཀྱི་གསོ་བ་རིག་པར་བསླབ་པ་མཐར་སོན་རྗེས་སྨན་པ་དཀའ་བཅུ་པ་དང་། སྨན་རམས་པའི་ལག་ཁྱེར་སྤྲད་རྒྱུ། དེ་བཞིན་ཉམས་ཞིབ་དང་། སྨན་སྦྱོར་ཁང་། སྐར་རྩིས་སྡེ་ཚན་སོགས་གསར་འཛུགས་བྱ་རྒྱུ་ངེས་ཡོད། དེའི་ཐོག་མ་ཎི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ནས་ས་ཁྱོན་ཨེ་ཀར་ ༢,༥༠༠ དང་དཔལ་འབྱོར་འགྲོ་གྲོན་ཆ་ཚང་མཐུན་འགྱུར་གནང་རྒྱུ་ཡིན་པ་དང་། སྨན་རྩིས་ཁང་ནས་དེ་ལ་དམིགས་བསལ་ཆེད་ལས་མི་སྣ་མཐུན་འགྱུར་སྦྱར་རྒྱུ་ཐག་གཅོད་བྱུང་བ་རེད།  ང་ཚོ་སྒྲིག་འཛུགས་གཉིས་ཀྱི་ཐོག་མའི་འབྲེལ་བ་འབྱུང་སྟངས་ནི། གཙོ་བོ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༧ ལོར་མ་ཎི་པུར་མངའ་སྡེའི་རྒྱལ་ས་ཨིམ་ཕཱལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་གཙུག་ལག་སློབ་ཁང་དེ་དང་ཐོག་མར་འབྲེལ་བ་ཆགས་པ་ཞིག་ཡིན། དེ་རྗེས་ ༢༠༡༩ ཟླ་ ༥ ཚེས་ ༢༣ ཉིན་བཀའ་ཡིག་གནང་།  དེ་ནས་ངོས་སྨན་རྩིས་ཁང་འགན་འཛིན་སྔ་ལོ་ཕྱི་ཟླ་ ༡༡ ནང་དུ་ (MIU) འཛིན་སྐྱོང་འགོ་ཁྲིད་པ་དང་མཉམ་དུ་གྲོས་མོལ་ཆེད་དུ་དེ་གར་བཅར་བ་ཡིན། དེ་མཚུངས་འདི་ལོའི་ཟླ་ ༢ པའི་ནང་དུ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་མཆོག་དང་འགོ་ལས་པ་འགའ་ཞིག་ཀྱང་སྨན་རྩིས་ཁང་དུ་ཕེབས་ཡོད། སྤྱིར་འདས་པའི་ལོ་དྲུག་བཅུ་ཙམ་གྱི་ནང་སྨན་རྩིས་ཁང་དང་རྒྱལ་སྤྱི་རྒྱལ་ནང་གི་ཚོགས་སྡེ་ཆེ་ཆུང་ཁག་དང་ཟུང་འབྲེལ་གྱི་ལས་གཞི་ཆེ་ཕྲ་མང་པོ་ཞིག་སྤེལ་ཐུབ་པ་བྱུང་ཡོད་ཀྱང་། ད་ཐེངས་ཀྱི་ཟུང་འབྲེལ་ལས་གཞི་འདི་ལྟ་བུ་གཞི་རྒྱ་ཆེ་ཞིང་ཕུགས་རྒྱང་རིང་པོའི་ཕན་ནུས་གདོན་ཐུབ་པ་དེ་སྔ་བྱུང་མྱོང་མེད།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་ཞུས།   
            དེ་ནས་བར་སྐབས་ཟླ་ ༣ ཚེས་ ༡ ཉིན་མངའ་སྡེའི་རྒྱལ་ས་ཨིམ་ཕཱལ་དུ་ཡན་ལག་བརྟག་དཔྱད་སྨན་ཁང་གསར་པ་ཞིག་དབུ་འབྱེད་གནང་བ་རེད། ད་ལྟ་སྨན་རམས་པ་ཆོས་ཉིད་བསམ་གྲུབ་ལགས་ས་གནས་མི་མང་ལ་དངོས་སུ་བོད་ཀྱི་གསོ་རིག་སྨན་བཅོས་ཞབས་འདེགས་ཞུ་མུས་རེད།  Covid-19 ཛ་དྲག་ཆེ་བའི་དུས་སྐབས་སུའང་མ་ཎི་པུར་ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་གཅེས་སྲུང་ལ་དམིགས་ཏེ་མ་ཎི་པུར་ཡན་ལག་སྨན་ཁང་དང་མ་ཎི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་ཐོག་ཟླ་ ༧ ཚེས་ ༡༦ ནས་ཟླ་གཅིག་གི་རིང་རིན་མེད་ཐོག་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སློབ་སྟོན་གྱི་ཞབས་འདེགས་གང་ལེགས་ཞུས་ཡོད།

 

ཕྱི་ནང་རྒྱལ་ཁབ་ཁག་ཏུ་སྨན་རྩིས་སྐོར་བསྐྱོད་ལས་རིམ།

ཕྱི་རྒྱལ་ཁག་ཏུ་སྐོར་བསྐྱོད་ལས་རིམ།

            ཤར་ནུབ་རྒྱལ་ཁབ་ཁག་ལ་སྨན་སྐོར་དང་གཏམ་བཤད། འགྲེམས་སྟོན། རིག་གཞུང་སྤེལ་རེས་བྱེད་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་ཀྱི་རིག་པ་གཉིས་ཀྱི་བསྟན་པ་འཛམ་གླིང་ཡོངས་ལ་རྒྱས་ཐབས་དང་། སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་སྒྲུབ་ཀྱི་ཐབས་ཤེས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པས་ངོས་ནས་སྨན་རྩིས་ཁང་གི་འགན་འཛིན་ལས་ཁུར་ལོ་དགུ་ཞུས་པའི་རིང་སྨན་རྩིས་པ་སྐོར་བསྐྱོད་ཀྱི་གྲངས་འབོར་དེ།  དེ་སྔའི་འགན་འཛིན་རིམ་པ་བཞི་ཡིས་ལོ་བཅོ་ལྔ་རིང་ལས་ལྡབ་བཞི་ཡི་མང་བ་བྱུང་ཡོད་ལ། 

ཕྱི་ལོ་ ༢༠༢༡ ཟླ་ ༤ ཙམ་ནས་ལོ་འཁོར་གཅིག་གི་ནང་དུ་ Europe, South America, South Africa, USA East Coast, USA West Coast, Australia, Lithuania, Russian Federation བཅས་ཡུལ་གྲུ་ཁག་གི་གྲོང་ཁྱེར་མང་དག་ཅིག་ལ་སྨན་རྩིས་སྐོར་བསྐྱོད་ཆེད་དུ་རུ་ཁག་བརྒྱད་ཀྱི་མི་འགྲོ་གཏན་ཁེལ་ཟིན་ཏེ་མཐོང་མཆན་ཝི་ས་སོགས་རག་ཐབས་ཀྱི་ལས་འགུལ་གང་མྱུར་བརྩམ་རྒྱུ་ཡིན།

རྒྱ་གར་ནང་དུ་སྐོར་བསྐྱོད་ལས་རིམ།  
            བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ ནི་གཞུང་མང་གཉིས་ནས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་གསལ་བསྒྲགས་སྤེལ་གནང་ཡོད། འདི་ག་སྨན་རྩིས་ཁང་ནས་ཀྱང་རྩིས་ལོ་ ༢༠༢༠ འདི་ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༤ འཁོར་བའི་དུས་དྲན་མཚོན་ཆེད་དམིགས་བསལ་རྒྱ་གར་ནང་དུ་<<ལུས་བདེ་སེམས་སྐྱིད་>>ཅེས་པའི་བརྗོད་གཞི་ཐོག་རྒྱ་གར་ས་གནས་མང་ཚོགས་ལ་དམིགས་ཏེ་འཕྲོད་བསྟེན་ཞབས་འདེགས་སྐོར་བསྐྱོད་དང་། དེ་བཞིན་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཉིས་ལྷན་ཅིག་སྲུང་བརྩི་ཞུ་རྒྱུ་ཡིན། ང་ཚོས་གཏན་ཁེལ་ཟིན་པའི་རུ་ཁག་ ༡༣ ནས་ས་གནས་ Shimla, Bangalore, Mysore, Tawang, Jaigaon, Kolkata, Gangtok, Manipur, Mumbai, Ahmadabad, Jaipur, New Delhi, Chennai, Pondicherry, Ladakh, Secunderabad, Bhubaneswar, Dekyiling  བཅས་གྲོང་ཁྱེར་ ༡༨ ནང་དུ་བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་སྨན་བཅོས་དང་། ངག་ཐོག་རྩིས་འབྲས་འདོན་པ། བོད་ཀྱི་སྨན་རྩིས་རིག་པའི་བརྗོད་བྱ་སྣ་ཚོགས་ཐོག་གཏམ་བཤད་དང་ཟབ་སྦྱོང་། སྨན་རྩིས་ཐོན་དངོས་ཀྱི་འགྲེམས་སྟོན་སོགས་ལས་རིམ་སྣ་མང་ལྡན་པའི་ཞབས་འདེགས་བསྒྲུབ་པར་གྲ་སྒྲིག་ཨང་གསར་གནས་ཡོད།

            སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ནི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་འཚར་ལོངས་བྱུང་བ་དང་། ད་ལྟའི་ཆར་སྨན་རྩིས་ཁང་གི་ཕྱིའི་སྣོད་ཀྱི་བཀོད་པའང་རྒྱ་སྐྱེད་འགྲོ་བཞིན་ཡོད། དེ་ཡང་ལོ་རེ་སྨན་རྩིས་གཉིས་ཀྱི་སློབ་མ་གསར་བསྡུ་ཐུབ་པའི་གནས་སྟངས་དང་། ལོ་ལྟར་སྨན་རྩིས་སློབ་མ་སློབ་ཐོན་བྱེད་བཞིན་པ། ལས་བྱེད་དང་ལས་མིའི་གྲངས་འབོར་སོགས་གནས་སྟངས་གང་ཅིར་བཟང་ཕྱོགས་ཀྱི་རྣམ་པ་མངོན་ཐུབ། ལྷག་པར་སྨན་རྩིས་ཁང་འཛིན་སྐྱོང་དང་ཆེད་ལས་པ་གཉིས་ཀར་འོས་འགན་དམིགས་བསལ་བ་རེ་ཡོད་གཤིས། འཛིན་སྐྱོང་ནི་མིག་ལྟ་བུ་ཡིན་ལ། སྨན་རྩིས་ཆེད་ལས་པ་ནི་ཡུལ་གྱི་ཕྱོགས་སུ་སོང་སྟེ་དངོས་སུ་བྱ་བ་བྱེད་མཁན་རྐང་པ་ལྟ་བུ་དེ་ཡིན། སྒྲིག་འཛུགས་ཤིག་གི་ནང་དུ་དེ་གཉིས་ནི་གཅིག་ལ་གཅིག་རྟེན་ཚུལ་དུ་གནས་ཡོད་པ་དང་། ལས་དོན་གང་ཞིག་གྲུབ་པའམ། ཡར་རྒྱས་གོང་འཕེལ་འགྲོ་བར་ནུས་པ་མཉམ་སྤུངས་དགོས་པ་ཚང་མས་དགོངས་པར་འཇགས་དགོས་པ་གལ་ཆེ། ད་ལྟའི་བར་དུ་སྨན་རྩིས་ཁང་གི་ལས་བྱེད་ལས་མི་སློབ་ཕྲུག་ཡོངས་ཀྱིས་རང་འགན་ངོས་ཟིན་པའི་སྒོ་ནས་བྱེད་སྒོ་སྒྲུབ་པ་བཞིན་འབྱུང་འགྱུར་ཡང་བག་མེད་ཀྱི་གནས་སུ་མ་སོང་བར་སྔར་ལྷག་ནུས་པ་མཉམ་རུབ་ཡོང་བའི་སྐུལ་འདེབས་ཞུ་རྒྱུ་ཡིན།

 

བཀའ་དྲིན་རྗེས་དྲན། 

            སྨན་རྩིས་ཁང་ནི་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱག་བཏབ་ཅིང་། དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཕེབས་པར་བརྟེན། ད་ལྟའི་ཆར་སྨན་རྩིས་ཁང་སྤྱིའི་གནས་སྟངས་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་གསལ་པོ་ཡོད་ཀྱང་། བོད་ཀྱི་སྲོལ་རྒྱུན་གྱི་སྨན་རྩིས་རིག་པའི་ཤེས་བྱ་ཁོ་ནར་ཡིད་ཚིམ་ནས་མ་བསྡད་པར་ལུགས་གཞན་དང་འབྲེལ་འདྲིས་སྒོ་ནས་གསར་གཏོད་དགོས་པ་དང་། སྒྲིག་འཛུགས་འདི་ཉིད་གཞན་ལ་དངོས་སུ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་སྨན་རྩིས་ཁང་རྒྱ་སྐྱེད་དགོས་པ་སོགས་ྋརྒྱལ་བའི་དགོངས་པ་སྒྲུབ་པར་ཕྱོགས་ཡོངས་ནས་འབད་བརྩོན་གནང་དགོས། སྨན་རྩིས་ཁང་ལ་ྋམགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་ཞིང་།  ཐོག་མར་ཕྱག་བཏབ་པ་ནས་བཟུང་། བོད་ཀྱི་སྨན་རྩིས་རིག་པའི་སྐོར་རྒྱལ་སྤྱིའི་ནང་དུ་དྲིལ་བསྒྲགས་མཛད་པ་དང་། ཡར་རྒྱས་ཀྱི་རྣམ་པ་མངོན་གྱུར་བྱུང་སྐབས་བསྔགས་བརྗོད་དང་། འཐུས་ཤོར་འགྲོ་སྐབས་བཀའ་སློབ་ལྗིད་མོ་ཕེབས་སྟེ་མཛུབ་སྟོན་མཛད་པ་དང་། དགོས་མཁོ་ནམ་བྱུང་ལ་དཔལ་འབྱོར་མཐུན་འགྱུར་ཟམ་མ་ཆད་པ་བསྩལ་བ་སོགས་བཀའ་དྲིན་དཔག་མེད་བསྐྱངས་དང་སྐྱོང་བཞིན་པ་ལ་ང་ཚོ་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་དུས་རྟག་ཏུ་ཐུགས་རྗེ་ཆེ་ཞུ་བ་དང་།  ངེད་ཅག་འགོ་མང་ཡོངས་ཀྱིས་བཀའ་དགོངས་ལམ་སྟོན་འགལ་མེད་སྙིང་བཅངས་རང་ནུས་ཅི་ཐུབ་ལྷག་བསམ་རྣམ་དག་ཧུར་བསྐྱེད་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། 

སྨན་རྩིས་ཁང་གི་འགན་འཛིན་ནས་སྤྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ལ།།


འདིར་ནོན།   སྨན་རྩིས་ཁང་གི་འགན་འཛིན་གྱི་གསུངས་བཤད།  PDF



མཐའ་མའི་འདོན་ཐེངས་།: 23.10.2020 ཉིན། 9:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།