སྨན་རྩིས་ཁང་འགན་འཛིན་གྱི་གསུང་བཤད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.03.2018 |
སྨན་རྩིས་ཁང་འགན་འཛིན་གྱི་གསུང་བཤད།
༄༅། །སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༢ དང་། བྱེས་སུ་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་སྨན་རྩིས་ཁང་འགན་འཛིན་གྱི་གསུང་བཤད།
སྤྱི་ལོ་ ༢༠༡༨ ནི་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༢ འཁོར་བ་དང་། བཞུགས་སྒར་ངྷ་རམ་ས་ལར་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་བསྐྱར་འཛུགས་མཛད་ནས་མི་ལོ་ ༥༧ འཁོར་བའི་རྗེས་དྲན་མཛད་སྒོའི་སྟེང་ཆིབས་བསྒྱུར་བསྐྱངས་པའི་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྒྱ་གར་གྲོགས་པོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་ལས་ཟུར་རྣམ་པ། སྤྱི་ཟུར་རྣམ་པ། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་དྲུང་ཆེ་ལས་ཟུར་རྣམ་པ། སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ྋསྐུ་བཅར་སྨན་པ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། གསར་འགོད་པ་རྣམ་པ། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། སློབ་ཕྲུག་བཅས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
སྨན་རྩིས་ཁང་གི་འཛིན་སྐྱོང་དང་། རིག་གཞུང་སྡེ་ཚན་ཁག་གི་ལས་སྡོམ་རྣམས་འདིར་སྐྱོར་བསྡད་ན་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་པར་བརྟེན། ལས་སྡོམ་རྣམས་རིང་མིན་རྩིས་ལོ་རྫོགས་མཚམས་སུ་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་སུ་བཟོས་ཏེ་འགྲེམས་འབུལ་ཞུ་རྒྱུ་ཡིན། ལོ་མང་སྔོན་བོད་གཞུང་སྲི་ཞུ་བ་རྣམས་ལ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཀའ་སློབ་ཕེབས་གསལ། ལས་ཀ་བྱས་ཡོད་ན། ལས་སྡོམ་སྐྱོར་རྒྱུ་ཡོང་གི་རེད་གསུངས་པ་ལྟར། སྡེ་ཚན་སོ་སོས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་བསྟན་པ། དེ་བཞིན་སྒྲིག་འཛུགས་དང་འཕྲལ་ཕུགས་རྩ་དོན་ལ་ཕན་པའི་ལས་དོན་ཨའུ་ཙམ་བྱུང་སོང་སྙམ་པ་ཡོད། འདིར་སྨན་རྩིས་ཁང་གི་ངོ་སྤྲོད་དང་སྲིད་ཇུས། བྱེད་འཆར་གཙོ་བོ་ཁག་ཅིག་རོབ་ཙམ་ངོ་སྤྲོད་ཞུ་རྒྱུ་ཡིན།
་་་་་་་་
སྒྲིག་འཛུགས་འདིའི་ཞུ་བྱའི་གཙོ་བོར་གྱུར་པའི་ལས་འགན་གལ་ཆེ་ཤོས་ནི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས། སྐུའི་འཕྲོད་བཞེས་ཞབས་ཞུ་སྨན་པ་རྣམས་ནས་མགོན་པོ་གང་ཉིད་ཀྱི་ྋསྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་ཁག རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་བཞིན་པ་དང་། སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྐུ་ཡི་དགུང་ཀེག་ཀེག་རྩིས་རིགས་ཀྱང་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་པ་ཡིན།
ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སྡེ་ཚན་ཁག་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༡ བཅས་སྡེ་ཚན་ ༢༢ དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༩ བཅས་ཡོད། དེའི་ནང་སྨན་པ་གཙོ་བོ་ཚོགས་གཙོ་ཡིན་པའི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ནི་ཚོགས་ཆུང་གལ་ཆེ་ཤོས་དེ་ཡིན།
མི་ཤུགས་གོང་སྤེལ་སྡེ་ཚན་ཁོངས་ལས་བྱེད་དང་། ལས་མི། སློབ་ཕྲུག་བཅས་ཀྱི་རྣམ་གྲངས།
ཨང་། |
རྣམ་གྲངས། |
ཕོ། |
མོ། |
བསྡོམས། |
༡ |
སྨན་པ། |
༦༩ |
༤༨ |
༡༡༧ |
༢ |
ཆོད་གན་སྨན་པ། |
༦ |
- |
༦ |
༣ |
སྐར་རྩིས་པ། |
༨ |
༧ |
༡༥ |
༤ |
ཉམས་གསོག་སྨན་པ། |
༢༤ |
༢༤ |
༤༨ |
༥ |
ཉམས་གསོག་སྐར་རྩིས་པ། |
༣ |
༣ |
༦ |
༦ |
སྨན་སློབ། |
༤༢ |
༣༩ |
༨༡ |
༧ |
སྐར་རྩིས་སློབ་ཕྲུག |
༡༠ |
༡༤ |
༢༤ |
༨ |
འཛིན་སྐྱོང་ལས་བྱེད། |
༡༧༢ |
༡༥༡ |
༣༢༣ |
༩ |
འཛིན་སྐྱོང་ཆོད་གན་ལས་བྱེད། |
༤༦ |
༡༦ |
༦༢ |
༡༠ |
ལས་མི། |
༤༨ |
༤༦ |
༩༤ |
༡༡ |
ཚོད་ལྟའི་ལས་བྱེད། |
༢ |
༣ |
༥ |
|
བསྡོམས། |
༤༣༠ |
༣༥༡ |
༧༨༡ |
སྨན་རྩིས་ཁང་གི་དགོས་གལ་དང་བསྟུན་ཏེ་ལས་བྱེད་དང་ལས་མི་མང་དུ་སོང་ཡོད་ཅིང་ཨར་ལས་འཛུགས་སྐྲུན་ཀྱང་དེ་བཞིན་རྒྱ་སྐྱེད་ཕྱིན་པ་མངོན་གསལ་ཡིན་ནའང་། ད་དུང་སྨན་སྦྱོར་དང་སྔོ་སྦྱོར་སྡེ་ཚན་གཉིས་ནས་ལས་མི་མ་འདང་བའི་སྙན་ཞུ་མུ་མཐུད་ཡོང་བཞིན་འདུག་ལ། དཀའ་ངལ་དེ་སེལ་བར་རིམ་པས་ལས་བྱེད་དང་ལས་མི་མང་དུ་གཏོང་རྒྱུ་ཡིན། འོན་ཀྱང་གནས་སྐབས་སྡེ་ཚན་དེ་གཉིས་ཀྱི་ད་ཡོད་ལས་བྱེད་ལས་མི་རྣམས་ལ་སྔ་དགོང་ལས་འཕར་བྱེད་དགོས་རིགས་མུ་མཐུད་ཤུགས་སྣོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
སྨན་སྦྱིན་ཞབས་ཞུ།
སྨན་རྩིས་ཁང་ནས་ཉམ་ཐག་དང་། ལོ་ན་ ༦༥ ཡན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་དང་སྡོད་གཅིག་ནང་མི། ནད་གཞི་འབྲས་ནད། གློ་གཅོང་། གཉན་ནད་རེག་དུག མཆིན་ནད་དུག་ཐབས་བཅས་ལྕི་བོ་ཡོད་པའི་ནད་པ། བོད་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བལྟ་སྐྱོང་ཆེད་སྨན་རིན་བརྒྱ་ཆ་ ༡༠། ཆག་ཡང་། གྲྭ་བཙུན། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕྱེད་བཅག་ཕུལ་བ་ཟླ་རེར་ཆ་སྙོམས་བྱས་ན་ཧིན་སྒོར་འབུམ་ ༣༡ ཙམ་གཏོང་བཞིན་ཡོད་པ་དེ་དག་གཙོ་བོ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ཁང་ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་པའི་ཞལ་འདེབས་དང་སྨན་རིན་སོགས་ལ་བརྟེན་ནས་བྱུང་བ་ཡིན།
ཉམ་ཐག་གི་ཐོ་གཞུང་འདེམ་སྒྲུག་ལ་མཚོན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད། ཤེས་རིག འཕྲོད་བསྟེན་གསུམ་གྱི་ཉམ་ཐག་འདེམ་སྒྲུག་སྲིད་ཇུས་ལས་གུ་ཡངས་པ་ཡོད་པས་སྨན་སྦྱིན་ཞུ་མཁན་གྱི་གྲངས་ཐོ་ཡང་མང་བ་ཡོད། སྨན་རྩིས་ཁང་ལ་མཚོན་ན་ས་གནས་འགོ་འཛིན་སོ་སོས་གནང་བའི་ཐོ་གཞུང་རང་ལ་སྨན་རྩིས་ཁང་ནས་རྩ་འཛིན་བྱེད་བཞིན་པ་དང་། ད་དུང་གལ་ཏེ་ཐོ་གཞུང་ཁོངས་མ་ཚུད་པའི་ཉམ་ཐག་ལྷག་བསྡད་རིགས་ཡོད་པ་ཡིན་ན། དེ་ནི་ས་གནས་འགོ་འཛིན་སོ་སོས་འཐུས་ཤོར་དང་ལྷོད་ཡངས་སུ་བཏང་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ངོས་འགན་འཛིན་ས་གནས་ཁག་ལ་རྟོག་ཞིབ་ཏུ་བསྐྱོད་སྐབས་བརྗོད་ཡོད།
ནད་རིགས་སྔོན་འགོག་སྐོར།
སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་པའི་གཞིས་ཆགས་ཁག་ཏུ་ནད་རིགས་སྔོན་འགོག་བྱེད་རྒྱུའི་ཐད་ལ་འཕྲོད་བསྟེན་ལས་ཁུངས་དང་། སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁུངས་ནས་འཐུས་ཤོར་ཕྱིན་ཡོད་པའི་སྐོར་བཀའ་ལྕི་ཕེབས་མ་ཐག་ནུས་ཤུགས་བསྒྲིལ་ཏེ་དགོས་མཁོ་དང་མཐུན་པའི་ལས་གཞི་སྣ་ཚོགས་ཤིག་བརྩམས་པའི་ཁོངས་སུ། དང་པོ། འཕྲོད་བསྟེན་ལས་ཁུངས་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ནད་རིགས་སྔོན་འགོག་གི་ཟབ་སྦྱོང་ཚོགས་འདུ་ཞིག་བསྐོང་འཚོགས་སྐབས། ཐོག་མར་སྨན་རྩིས་ཁང་ལ་སྨན་པ་ ༩ ཚོགས་ཞུགས་ཀྱི་ས་མིག་གནང་ཡོད་ཀྱང་། སྨན་རྩིས་ཁང་ནས་ངེས་པར་དུ་ཐུགས་འགན་ཆེ་ཙམ་ལེན་དགོས་པར་གཟིགས་ནས་བསྐྱར་དུ་ཚོགས་ཞུགས་ས་མིག་འཕར་མ་ཞུས་ཏེ། ང་ཚོའི་ཡན་ལག་སྨན་ཁང་ཁག་ནས་སྨན་པ་གྲངས་ ༢༨ ཀྱིས་ཟབ་སྦྱོང་དེར་མཉམ་ཞུགས་གནང་ཡོད། ཉམས་ཞིབ་སྡེ་ཚན་ནས་འགན་གཙོ་བོ་བཞེས་ཐོག བོད་པའི་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་ཆེ་བའི་ནད་གཞི་ཁག་ལ་དམིགས་ཏེ་ད་བར་ནད་གཞི་སྔོན་འགོག་དེབ་ཕྲེང་ ༡༧ ༼དབུགས་མི་བདེ་བ། ཟ་ཁུ་གཅིན་སྙི། གྲུམ་བུའི་ནད། མཆིན་པའི་གཉན་ནད་ཁ་པ། ཁྲག་རླུང་སྟོད་འཚངས། སྦྲུམ་མའི་འཕྲོད་བསྟེན། ཕོ་བའི་འབྲས་ནད། གློ་གཅོང་ཟད་བྱེད། ཡོ་ག། ཆམ་རིམས། གཞང་འབྲུམ། བཤང་འགག མགོ་ནད། སྙིང་ནད། རྩ་དཀར། པགས་ནད། མོ་ནད་བཅས།༽དེབ་ཕྲེང་ ༡༧ རྩོམ་སྒྲིག་ཞུས་ནས་རིན་མེད་ཐོག་མང་ཚོགས་ནང་འགྲེམ་སྤེལ་ཞུས་དང་ཞུ་མུས་སུ་ཡོད། དཔར་ཐེངས་གཉིས་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་རོགས་ཚོགས་དང་། དེ་བཞིན་དཔར་ཐེངས་གསུམ་པ་ཨ་རི་བོད་ཀྱི་ཐེབས་རྩ་བཅས་ནས་པར་སྐྲུན་འགྲོ་གྲོན་ཆ་ཚང་གནང་བར་དེ་རིང་འདིའི་བརྒྱུད་ནས་གོང་གསལ་ཚོགས་སྡེ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནད་རིགས་སྔོན་འགོག་དེབ་རྣམས་སྨན་རྩིས་ཁང་གི་བོད་ཡིག་དྲྭ་རྒྱའི་ནང་ eBook ཐོག་ཡོད། ནད་གཞི་སྔོན་འགོག་དེབ་ཕྲེང་དེ་དག་མང་ཚོགས་ལ་དངོས་སུ་ཕན་ཐོགས་བྱུང་དང་འབྱུང་བཞིན་པ་དང་། དེ་བཞིན་དགའ་མོས་བྱེད་མཁན་མང་པོ་ཡོད་པར་བརྟེན། ད་དུང་ནད་གཞི་གཞན་གྱི་ཐོག་ལའང་དེབ་ཕྲེང་མུ་མཐུད་རྩོམ་སྒྲིག་འགྲེམ་སྤེལ་ཞུ་འཆར་ཡོད།
ཡན་ལག་སྨན་ཁང་ཁག་གི་བརྟག་དཔྱད་སྨན་པ་རྣམས་ལ་ས་གནས་སོ་སོའི་ཁྱབ་ཁོངས་ཀྱི་བོད་རིགས་མང་ཚོགས་དང་། ལྷག་པར་དགོན་སྡེ་ཁག་དང་རྒས་གསོ་ཁང་སོགས་སུ། དུས་ནས་དུས་སུ་ཟས་སྤྱོད་སྤང་བླང་ལམ་སྟོན་བརྒྱུད་ནས། ནད་རིགས་སྔོན་འགོག་བྱ་ཚུལ་སྐོར་གོ་བསྐོན་སློབ་གསོ་གནད་ལ་སྨིན་པ་དགོས་པའི་བཀོད་ཁྱབ་བཏང་བ་བཞིན། ལག་བསྟར་གང་ལེགས་གཏོང་བཞིན་ཡོད་པར་མཐོང་བྱུང་། མང་ཚོགས་ཀྱི་འཕྲོད་བསྟེན་གཅེས་སྲུང་ཐོག་འབྲེལ་ཡོད་སྡེ་ཚན་དང་མང་ཚོགས་མི་རེ་ངོ་རེ་གཉིས་ཀར་འགན་འཁྲི་གཅིག་མཚུངས་ཡོད་སྟབས། ནད་རིགས་སྔོན་འགོག་ཐོག་ལ་དམིགས་བསལ་སྨན་རྩིས་ཁང་ངོས་ནས་གསོ་རིག་ལུགས་ཀྱི་འཕྲོད་བསྟེན་སློབ་གསོ་དང་། བལྟ་བདེའི་ཡིག་ཆ་རྩོམ་སྒྲིག་དང་འོད་སྡེར་གསར་བཟོ་བྱ་རྒྱུ་དེ་ཙམ་དཀའ་ངལ་མ་མངོན་ཡང་། གཙོ་ཆེ་བོད་རིགས་མང་ཚོགས་ཡོངས་ནས་རང་གི་འཕྲོད་བསྟེན་ཐད་ལ་རང་དོན་རང་གཅེས་ཀྱི་ལས་དོན་དུ་དགོངས་ཏེ་ཟས་སྤྱོད་སྤང་བླང་རིམ་པའི་གནང་ཕྱོགས་མ་ནོར་བ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
རྒྱ་ཡིག་སྡེ་ཚན།
ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འབྱུང་འགྱུར་རྒྱ་ནག་སྐམ་ས་ཆེན་མོའི་ནང་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་དངོས་སུ་ཞབས་འདེགས་ཞུ་ཐུབ་པའི་དུས་ཤིག་ངེས་པར་ཤར་སྲིད་པའི་སྐོར་བཀའ་སློབ་ཕེབས་པ་ལྟར། འདིའི་ཕྱོགས་ནས་ཀྱང་ད་ལྟ་ནས་སྔོན་འགྲོའི་གྲ་སྒྲིག་ཚུལ་དུ་རྒྱ་ཡིག་སྡེ་ཚན་ཆེད་འཛུགས་ཞུས་ཡོད་པ་མ་ཟད། རྒྱ་ཡིག་གི་སྨན་རྩིས་དྲ་རྒྱ་ཞིག་གསར་བཟོ་བྱས་པ་དེས་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་མི་རིགས་གཙོས་པའི་ཐའེ་ཝན་དང་། སིང་གྷ་པུར། ཧོང་ཀོང་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རྒྱ་རིགས་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པ་ར་འཕྲོད་བྱུང་། དེ་བཞིན་ང་ཚོའི་སྨན་པ་ཁག་གཅིག་ཐའེ་ཝེན་གཞུང་དང་སྒེར་གྱི་སྨན་ཁང་དུ་ཀྲུང་དབྱིའི་ལུགས་ཀྱི་སྨན་དང་། སྐམ་ཁབ་ཟབ་སྦྱོང་སླད་ཆེད་མངགས་བཏང་བ་རྣམས་སླར་ཚུར་འཁོར་ནས་ད་ལྟ་གསོ་རིག་སྨན་པ་གཞན་ལ་སྐམ་ཁབ་ཟབ་སྦྱོང་སྤྲོད་ཐུབ་པའི་གནས་སྟངས་ཆགས་ཡོད། ལྷག་པར་ Fundamentals of Tibetan Medicine ཞེས་སྨན་རྩིས་ཁང་ནས་རྩོམ་སྒྲིག་ཞུས་ཤིང་། དེབ་འདི་ཉེ་བའི་ཆར་རྒྱ་ཡིག་སྡེ་ཚན་ནས་རྒྱ་སྐད་ནང་བསྒྱུར་ཏེ་དཔར་བསྐྲུན་ཞུས་ཡོད་པ་དེ་རིང་འདིར་དབུ་འབྱེད་ཞུ་རྒྱུ་ཡིན།
སྨན་རྩིས་ཁང་ངོ་སྤྲོད་བྱས་པ་བརྒྱུད་རྒྱ་ནག་སྐམ་ས་ཆེན་མོ་གཙོས་པའི་ཐའེ་ཝན་དང་། སིང་གྷ་པུར། ཧོང་ཀོང་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རྒྱ་རིགས་རྣམས་ནས་བོད་ཀྱི་སྨན་རྩིས་རིག་པ་ཤེས་རྟོགས་དང་། དགའ་མོས་བྱེད་མཁན། སྦྱང་འདོད་ཡོད་ཟེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ལོ་མང་གསུང་ཆོས་གོ་སྒྲིག་གནང་མཁན་ཐའེ་ཝན་ནང་པའི་ཆོས་ཚོགས་ཤིག་ནས་མཐུན་འགྱུར་གྱིས་ཐའེ་ཝན་དུ་སྨན་རྩིས་ཁང་གི་ཡན་ལག་ཤིག་འཛུགས་འཆར་དང་། དེར་སྨན་པ་གཅིག་དང་སྐར་རྩིས་པ་གཉིས། འཛིན་སྐྱོང་ལས་བྱེད་གཅིག་བཅས་གཏོང་འཆར་ཡོད། དེའི་ཆེད་ཐའེ་ཝན་ནས་རྒྱ་སྐད་དགེ་རྒན་ཞིག་རིང་མིན་ཕྱི་ཟླ་ ༧ པའི་ནང་རྡ་སར་འབྱོར་འཆར་ཡོད།
སྦེང་ལོར་མཐོ་སློབ།
རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཉེ་འགྲམ་དུ་ས་ཁྱོན་ཨེ་ཀར་གསུམ་དམིགས་བཙུགས་ཡོད་པ་དེར། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ཞིག་གསར་རྒྱག་བྱེད་ཕྱིར། སྤྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་དཀར་གྱི་ཉིན་མཐོ་སློབ་ཀྱི་རྨང་གཞིའི་རྡོ་ཆེན་ ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཛུགས་འཇོག་དང་འབྲེལ་བྱིན་འབེབས་ཐུགས་སྨོན་མཚམས་སྦྱོར་གྱི་བཀའ་དྲིན་བསྐྱངས་གནང་མཛད་ཡོད། དེ་ནས་སྤྱི་ལོ་ ༢༠༡༧ ཟླ་ ༩ པ་ནས་བཟུང་མཐོ་སློབ་གསར་རྒྱག་གི་ལས་གཞི་དངོས་སུ་འགོ་བཙུགས་ཡོད། ལས་གཞི་འདི་ཉིད་ལ་དམིགས་ཏེ་བཀྲིན་བླ་ན་མ་མཆིས་པ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཧིན་སྒོར་འབུམ་ (༢༠༠) ཉི་བརྒྱ་ཐམ་པ་གསོལ་སྩལ་བསྐྱངས་གནང་བ་དང་། དེ་བཞིན་རྒྱ་གར་དབུས་གཞུང་དང་། ཀརྣྰཊཀ་མངའ་སྡེ་གཉིས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཨྰཡུཥ་ལས་ཁུངས་ཐུན་མོང་ནས་ཀྱང་ཧིན་སྒོར་འབུམ་ ༩༩༩,༩༩ དེ་ཡང་དུམ་བུ་གསུམ་དུ་ཆ་བགོས་ཀྱིས་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་ལྟར། དུམ་བུ་དང་པོར་ཧིན་སྒོར་འབུམ་ ༣༣༣,༣༣ དེ་བཞིན་འདི་ལོའི་ཟླ་ ༡ ཚེས་ ༢༣ ཉིན་གནང་སོན་བྱུང་།
སྨན་རྩིས་མཐོ་སློབ་ཁང་དེ་བཞིན་སྦེང་ལོར་དུ་གནས་སྤོས་ཆ་ཚང་བ་ཞིག་བྱུང་མཚམས། ད་ལྟའི་བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་དེ་ཉིད་དུ། (ཕལ་ཆེར་སྤྱི་ལོ་ ༢༠༢༠ ཟླ་ ༣ ནང་) གནའ་སྔ་མོ་ནས་རང་རེའི་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་། དེ་བཞིན་བལ་ཡུལ། འབྲུག རུ་སུ། སོག་ཡུལ། ཀལ་མིག ཏུ་པ། སྦུ་རི་ཡཏ་སོགས་ཡུལ་གྲུ་ཁག་ནས་དོན་གཉེར་ཡོད་པའི་གཞོན་སྐྱེས་ཕོ་མོ་གྲངས་མཉམ་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་། དེ་ནས་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་སྨན་པ་བསྡུས་ར་བའི་རྩ་འཛིན་སློབ་གཞི་ཁག་བཤད་ཁྲིད་མཐར་ཕྱིན་པ་སྤྲད་དེ་སོ་སོའི་ལུང་པར་བོད་ལུགས་གསོ་བ་རིག་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པའི་འཆར་གཞི་ངེས་བརྟན་ཡོད།
སྨན་དང་ཐོན་སྐྱེད་ཀྱི་སྤུས་ཚད་སྟངས་འཛིན་ཚོགས་ཆུང་།
སྨན་རྩིས་ཁང་ལ་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་འགན་ཡོད་པའི་ཐོག་སྨན་རྩིས་ཁང་གི་སྨན་དང་ཕྱིར་ཚོང་ཐོན་སྐྱེད་ལ་རྒྱ་ཆེ་མང་ཚོགས་ནས་ཡིད་ཆེས་དང་ཆེ་མཐོང་ཆེན་པོ་གནང་བཞིན་ཡོད་སྟབས། སྨན་རྒྱུའི་རིན་འབབ་ལ་མ་བལྟས་པར་སྨན་རྒྱུ་སྤུས་ལེགས་མཁོ་སྒྲུབ་དང་། སྦྱོར་བཟོ་རྣམས་སྨན་གྱི་གཞུང་ལུགས་ལྟར་ཚད་ལྡན་དགོས་པ་གཞིར་བཞག་སྟེང་། སྤུས་ཚད་སྟངས་འཛིན་སྡེ་ཚན་དང་། ཉམས་ཞིབ་སྡེ་ཚན། སྔོ་སྦྱོར་སྡེ་ཚན། སྨན་སྦྱོར་སྡེ་ཚན་བཅས་ཀྱི་ནང་ཡོད་པའི་ཚན་རིག་པ་དང་། སྡེ་ཚན་འགན་འཛིན་སྨན་པ་ཁག་གཅིག་ལས་གྲུབ་པའི་སྤུས་ཚད་སྟངས་འཛིན་ཚོགས་ཆུང་ནི་སྨན་དང་ཐོན་སྐྱེད་ཀྱི་སྤུས་ཀ་སྟངས་འཛིན་བྱེད་མཁན་ཚོགས་ཆུང་གལ་ཆེན་པོ་ཞིག་ཡིན། ཚོགས་ཆུང་དེ་ཡི་ཚོགས་གཙོ་ནི་སྨན་རྩིས་ཁང་གི་སྨན་པ་གཙོ་བོས་གནང་གི་ཡོད་ལ་ངོས་ནས་ཚོགས་གཙོ་དང་ཚོགས་ཆུང་གཉིས་ལ་དུས་ནས་དུས་སུ་བརྡ་སྟོན་སྐུལ་ཁྱབ་ཞུ་འོས་རྣམས་ནན་པོ་ཞུ་བཞིན་པ་ཡིན།
བཙོ་ཐལ་ཐོག་ཉམས་ཞིབ་སྐོར།
དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་མཐར་ཕྱིན་པ་ལས་བྱུང་བའི་རིན་ཆེན་བཙོ་ཐལ་ནི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཕལ་ཆེ་བའི་སྨན་སྦྱོར་གྱི་གཞི་མ་དེ་ཡིན་ལ། དངུལ་ཆུ་བཙོ་ཐལ་ཐོག་དེ་སྔ་རྒྱ་ནག་ཏུ་ཉམས་ཞིབ་བྱས་ཡོད་ལ་གྲུབ་འབྲས་ཀྱང་བཟང་པོ་ཐོབ་ཡོད། ཕྱོགས་མཚུངས་བཞུགས་སྒར་སྨན་རྩིས་ཁང་ནས་ཀྱང་ Natural Medicine Research Centre, Hadassah Medical Organization, Israel དང་ཟུང་འབྲེལ་ཐོག་ཉམས་ཞིབ་ཐེངས་གཉིས་བྱས་པ་ལའང་གྲུབ་འབྲས་བཟོང་པོ་ཐོབ་ཡོད་པ་རྒྱལ་སྤྱིའི་དུས་དེབ་ཁག་གཉིས་ནང་འདོན་སྤེལ་ཐུབ་ཡོད། ལྷག་པར་ད་ཐེངས་བཞུགས་སྒར་སྨན་རྩིས་ཁང་དང་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་མཐོ་སློབ་ཁང་ Emory University གཉིས་ཟུང་འབྲེལ་ཐོག་དངུལ་ཆུ་བཙོ་ཐལ་ཐོག་ལ་ཉམས་ཞིབ་བྱེད་བཞིན་ཡོད། ང་ཚོའི་སྨན་སྦྱོར་ཁང་ནས་བཟོ་སྐྲུན་ཞུས་པའི་བཙོ་ཐལ་ 100gm ཐམ་པ་ Emory མཐོ་སློབ་ཁང་ལ་ཚན་རིག་ལམ་ནས་བརྟག་དཔྱད་དང་ཉམས་ཞིབ་ཆེད་བཏང་ཡོད། ཉམས་ཞིབ་འདིའི་བརྒྱུད་ནས་འཛམ་གླིང་ནང་དུ་སྔར་མེད་པའི་ཁམས་རྫས་ Element གསར་པ་ཞིག་ཏུ་ངོས་འཛིན་ཚུད་ཐབས་ཀྱི་རེ་བ་བྱེད་བཞིན་ཡོད།
Integrative and Complementary Medicine
འཛམ་གླིང་ཤར་ནུབ་གཉིས་ཀྱི་གསོ་དཔྱད་རིག་པའི་ཁྱད་ཆོས་རྣམས་ཕན་ཚུན་དཔྱད་བསྡུར་མེད་པར་དུས་ཡུན་རིང་པོར་ལྷག་ཡོད་པ་དང་། འོན་ཀྱང་ད་ལྟ་གཞི་ནས་འབྲེལ་ཡོད་ཚང་མས་ནུབ་ཕྱོགས་དེང་རབས་སྨན་དང་ཤར་ཕྱོགས་སྲོལ་རྒྱུན་སྨན་གྱི་རིག་གནས་གཉིས་ཟུང་འབྲེལ་གྱི་ཐོག་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཐད་གོམ་པ་མདུན་སྤོས་ཀྱི་དགོས་མཁོ་ཡོད་པར་གཟིགས་བཞིན་ཡོད། རང་ཅག་སྨན་རྩིས་ཁང་ལ་ཆ་མཚོན་ན་ཤར་ནུབ་སྨན་གྱི་རིག་གཞུང་གཉིས་ཀྱི་བར་ལེགས་ཆ་སྤེལ་རེས་དང་ཟུང་འབྲེལ་གྱི་ལྟ་བ་དེ་གཞི་ནས་གསར་པ་ཆགས་པ་ལྟ་བུ་ཞིག་མ་ཡིན། དུས་རབས་ ༨ ནང་དུ་ཆོས་རྒྱལ་ཁྲི་སྲོང་གི་དུས་སུ་བོད་དང་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་བར་ལ་སྨན་གྱི་རིག་གནས་སྟེང་ལེགས་ཆ་སྤེལ་རེས་ཀྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྨན་གྱི་བགྲོ་གླེང་ཚོགས་ཆེན་བསྐོངས་ཚོགས་ཞུ་མྱོང་ཡོད་པ་ཞིག་ཡིན། ཡང་ང་ཚོ་བཙན་བྱོལ་བ་ཆགས་ནས་མི་རིང་བར་སྤྱི་ལོ་ ༡༩༦༠ ནང་དུ་རྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། "ཕྱོགས་མཚུངས་དེང་དུས་ནུབ་ཕྱོགས་པའི་སྨན་བཅོས་ཀྱང་ཤེས་ཐབས་ཀྱིས་བོད་སྨན་དང་ཟུང་འབྲེལ་ཕན་ཚུན་ལེགས་ཆ་སྣོན་སྤེལ་བྱེད་རྒྱུ་བྱུང་ན་ཧ་ཅང་ལེགས་པོ་ཡོང་རེ་དང་། རྒྱ་གར་གྱི་གནའ་བོའི་སྨན་བཅོས་རིགས་ཀྱང་དེང་སང་ཉམས་མེད་ཡོད་འདུག འདི་དང་བོད་སྨན་བུ་སྤུན་ལྟ་བུར་བརྟེན་ཕན་ཚུན་ལེགས་ཆ་ཕྱོགས་བསྡུས་བྱེད་རྒྱུ་ངེས་པར་ཡོང་རྒྱུར་ད་ལྟ་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་ཞུ་མུས་ལྟར།" ཞེས་པ་དང་གཞན་ཡང་། " རྩ་བའི་ང་རང་ཚོའི་སྨན་འདི་གཞི་ལ་བཞག་པའི་ཐོག་ཕྱི་ནས་ལེགས་ཆ་གང་ལེན་ཐུབ་ཐུབ་བྱས་ན་ཡག་པོ་འདུག མ་འོངས་ང་རང་ཚོའི་རིག་གཞུང་མ་ཉམས་པ་འཛིན་རྒྱུ་གལ་ཆེན་པོ་རེད། བསམ་བློ་གུ་ཡངས་པོ་བྱས་ན་ཡག་ཤོས་དེ་རེད།" ཅེས་བཀའ་སློབ་ཕེབས་པ་བཞིན། སྨན་རྩིས་ཁང་ནས་སྨན་རྩིས་ལས་སློབ་རྣམས་ལ་ཕྱི་ལུགས་སྨན་གྱི་རིག་གནས་སྐོར་སློབ་ཁྲིད་སོགས་དང་། བགྲོ་གླེང་གོ་བསྡུར། ཟུང་འབྲེལ་ཉམས་ཞིབ། ཤར་ཕྱོགས་སྲོལ་རྒྱུན་སྨན་གྱི་རིག་གནས་ཕན་ཚུན་བར་ལའང་ལེགས་ཆ་སྤེལ་རེས་ཀྱི་བྱེད་སྒོ་ཁག་ལོ་ལྟར་ཡར་རྒྱས་ཀྱི་རྣམ་པ་གསར་པ་འཐོན་བཞིན་ཡོད་ན་ཡང་ད་དུང་སྔར་ལྷག་ཤུགས་སྣོན་རྒྱག་དགོས་འདུག
སེམས་ཁམས་འཕྲོད་བསྟེན།
དེང་དུས་ཕྱི་ནང་གི་གནས་སྟངས་མང་པོ་ཞིག་གི་རྐྱེན་པས་སེམས་ཁམས་འཕྲོད་བསྟེན་གྱི་བརྗོད་གཞི་དེ། དེ་སྔ་ལས་གལ་ཆེ་བ་ཞིག་ཆགས་ཡོད། དེའི་ཐོག་རང་རེའི་བོད་ཀྱི་སྨན་རྩིས་རིག་པ་གཉིས་ཀྱི་སྒོ་ནས་ཞབས་འདེགས་སྔར་ལྷག་ཞུ་ཕྱིར། འདི་ནས་ཆེད་དམིགས་བཙུགས་པའི་ལུས་སེམས་སྲོག་གི་སྡེ་ཚན་ནས་གནའ་རབས་དང་དེང་རབས་གཉིས་ལྡན་གྱི་རིག་གཞུང་གསར་རྙིང་མང་པོའི་ཉིང་ཁུ་བསྡུ་ལེན་གང་ཐུབ་མཁོ་འདོན་བྱས་ནས་འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་ལོ་ལྟར་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་བསྐོང་ཚོགས་ཞུ་མུས་ཡིན། ད་ལོའི་སྤྱི་ཟླ་ ༤ ཚེས་ ༢/༣ ནང་སེམས་ནད་བཅོས་ཐབས་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ས་དི་ལླིར་བགྲོ་གླེང་ཚོགས་ཆེན་ཐེངས་བདུན་པ་དེ་ཚོགས་རྒྱུ་གཏན་ཁེལ་ཡོད། རྒྱུན་ལྡན་བགྲོ་གླེང་ཚོགས་ཆེན་དེ་གཙོ་བོ་རང་རེའི་སྨན་རྩིས་ཁང་དང་བོད་རིགས་སློབ་གཉེར་བ་ལ་དམིགས་ཏེ་འདི་ག་སྨན་རྩིས་ཁང་རང་དུ་གོ་སྒྲིག་ཞུ་བཞིན་ཡོད་པ་དེ་ག་རང་འཇགས་འགྲོ་མུས་སྟེང་། སྔ་ལོ་ནས་བཟུང་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་གཞི་གང་ཡིན་པ་དེ་རང་ཐོག་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དཔེར་ན་མུམ་བྷ་ཡི་དང་དི་ལླི་ལྟ་བུ་རྒྱ་གར་བ་ཤེས་ཡོན་ཅན་དང་གནད་ཡོད་མི་སྣ་མང་སའི་ཁྲོད་དུ་གོ་སྒྲིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་མཐོང་བ་བཞིན་གོ་སྒྲིག་བྱེད་བཞིན་ཡོད། བགྲོ་གླེང་ཚོགས་ཆེན་དེ་ཚོའི་ནང་བགྲོ་གླེང་གང་བྱུང་བ་རྣམས་རིམ་པ་བཞིན་དེབ་གཟུགས་སུ་དཔར་བསྐྲུན་འགྲེམས་སྤེལ་ཞུས་དང་ཞུ་མུས་ཡིན།
ཕྱི་རྒྱལ་ཁག་ཏུ་སྐོར་བསྐྱོད་ལས་རིམ།
ཤར་ནུབ་རྒྱལ་ཁབ་ཁག་ལ་སྨན་སྐོར་དང་གཏམ་བཤད། འགྲེམས་སྟོན། རིག་གཞུང་སྤེལ་རེས་བྱེད་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་ཀྱི་རིག་པ་གཉིས་ཀྱི་བསྟན་པ་འཛམ་གླིང་ཡོངས་ལ་རྒྱས་ཐབས་དང་། སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་སྒྲུབ་ཀྱི་ཐབས་ཤས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པས་ངོས་ནས་སྨན་རྩིས་ཁང་གི་འགན་འཛིན་ལས་འཁུར་ལོ་དྲུག་ཞུས་པའི་རིང་སྨན་རྩིས་པ་སྐོར་བསྐྱོད་ཀྱི་གྲངས་འབོར་དེ། ༡༩༩༧-༢༠༡༡ དེ་སྔའི་འགན་འཛིན་རིམ་པ་བཞི་ཡིས་ལོ་བཅོ་ལྔ་ལས་མང་བ་བྱུང་ཡོད་ལ། དེའི་ཁྲོད་ནས་ཕི་ལི་པིན་ (Philippines) ཀྱི་སྐོར་བསྐྱོད་གཅིག་པུ་དེ་དཔལ་འབྱོར་གྱི་ཆ་ནས་ཁེ་མེད་གྱོང་མེད་བྱུང་བ་ལས་གཞན་རྣམས་ནས་གསོ་བ་རིག་པ་དང་རྩིས་རིག་པའི་བསྟན་པ་ཁྱབ་སྤེལ་དང་། ལས་བྱེད་མང་པོར་ཉམས་མྱོང། སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་གཟེངས་སུ་ཐོན་པ་འཚོལ་སྒྲུབ་ཞུ་ཐུབ་ཡོད།
དམིགས་བསལ་སྔ་ལོ་ཟླ་བ་གཅིག་མ་ཟིན་ཙམ་རིང་སྐབས་ ༡༧ པའི་ཉམས་གསོག་སྨན་པ་བུ་གསུམ་དང་། བུ་མོ་གསུམ་ཨ་རི་ Emory University School of Medicine, University of Minnesota, North Western Health Science University in Minneapolis བཅས་སུ་བཅར་ནས་དེ་གའི་དགེ་སློབ་རྣམས་དང་མཇལ་འཕྲད་དང་། སློབ་ཕྲུག་སྐུ་མགྲོན་གྱི་ངོ་བོར་འཛིན་གྲྭའི་གཏམ་བཤད་ཀྱི་སློབ་ཐུན་འགའ་ཤིག་ལ་གསན་བསམ། ཕྱི་ལུགས་སྨན་པའི་ལས་ཀ་བྱེད་སྟངས་ལ་རྟོག་ཞིབ། རིག་གཞུང་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱས་ནས་མྱོང་ཚོར་དང་ཉམས་མྱོང་གསར་པ་གང་མང་བསགས་ཐུབ་པ་བྱུང་ཡོད། ཉམས་གསོག་སྨན་པ་རྣམས་སྨན་དང་འབྲེལ་བའི་རིག་གཞུང་གོ་རྟོགས་སྤེལ་རེས་ལྟ་སྐོར་འདི་ལྟ་བུ་བཏང་ཐུབ་པ་དེ་སྨན་རྩིས་ཁང་ལ་མཚོན་ན་ཐེངས་དང་པོ་དེ་ཆགས་ཡོད། མ་ཟད་འབྱུང་འགྱུར་ཀྱང་ཉམས་གསོག་སྨན་པ་དང་རྩིས་པ་གཉིས་ཀ་ཡོད་པ་ལྟ་སྐོར་འདི་ལྟ་བུ་མུ་མཐུད་གཏང་འཆར་ཡོད། ལྷག་པར་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ དང་དེ་ནས་ལོ་ ༡༠༡ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་རིམ་ཁྲོད་ཐའེ་ཝན་དང་། སིང་གྷ་པུར། ཡོ་རོབ། ཨ་རི། ཀེ་ན་ཊའི་ཤར་ནུབ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་བསྐོར་བསྐྱོད་ཧ་ཅང་ལེགས་གྲུབ་བྱུང་ཡོད།
ནད་རིགས་བྱེ་བྲག་ཐོག་འོད་སྡེར་བཟོ་རྒྱུའི་སྐོར།
སྨན་པ་གཙོ་བོ་མཆོག་གི་གཙོས་སྨན་པ་གྲངས་གསུམ་མམ་བཞི་རེ་ཡོད་པའི་བརྗོད་གཞི་དང་ནད་རིགས་བྱེ་བྲག་སོ་སོའི་ཐོག་དོན་གནད་ལྡན་པའི་གཏམ་བཤད་གནང་སྟེ་འོད་སྡེར་འགའ་ཤས་བཟོ་འཆར་ཡོད་རུང་སྔ་ལོ་ལག་ལེན་མ་འཁེལ་སྟབས་མཇུག་སྐྱོང་བྱ་རྒྱུ་ཡིན། སྒྲ་འཇུག་བྱེད་ས་དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་བེད་སྤྱོད་གཏོང་འཐུས་ཆོག་པའི་བཀའ་འཁྲོལ་ཡོད།
སྨན་རྩིས་ཐོན་སྐྱེད་ལེ་སྒྱུར།
སྨན་རྩིས་ཐོན་དངོས་རིགས་ལེ་བསྒྱུར་རྒྱ་བསྐྱེད་དང་། ཡར་རྒྱས་ཆེད་གལ་གནད་ཆེ་ཞིང་མི་ཚོགས་འདུས་སའི་ཁྲོམ་གཞུང་ཁག་ཏུ་དེང་རབས་ཀྱི་ཆ་རྐྱེན་ལྡན་ལ་བཟོ་བཀོད་ལེགས་པའི་ཚོང་ཁང་དང་། ཁྲོམ་ར་གསར་འཛུགས་བྱེད་རྒྱུ་དེའང་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་མ་ཡིན་པར། སྨན་རྩིས་ཀྱི་རིག་གཞུང་དང་དེའི་ཐུན་མོང་མ་ཡིན་པའི་ཕན་ཡོན་ཁྱབ་བསྒྲགས་ཀྱི་ཐབས་ལམ་གལ་ཆེ་ཤོས་ཤིག་ཆགས་ཡོད། ལྷག་པར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་དེབ་རིགས་རྣམས་ཚོང་སྒྱུར་བྱ་རྒྱུ་གལ་ཆེ་ཡིན་ཞིང་། སྨན་རྩིས་ཁང་གི་ལས་དོན་ནི་སྐྱེ་འགྲོའི་ལུས་སེམས་གཉིས་ལ་སྨན་པའི་ཞབས་འདེགས་ཞུ་རྒྱུ་དེ་ཡིན།
མཐའ་སྡོམ།
སྨན་རྩིས་ཁང་ནི། བོད་ཀྱི་གསོ་བ་རིག་པ་དང་། སྐར་རྩིས་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ལྟར། རིས་མེད་འགྲོ་བ་རྣམས་རྐྱེན་ངན་བར་ཆད་དང་། དུས་མིན་ན་བ་དང་། འཆི་བའི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱག་གྲོན་མ་དངུལ་རྒྱ་ཆེ་གསོལ་རས་གནང་བ་དང་སྦྲགས། ཐུགས་སྨོན་མཚམས་སྦྱོར་ཡང་དག་པས་གསར་འཛུགས་གནང་བར་བརྟེན་དེ་རིང་གི་དུས་བཟང་འདི་གོ་སྐབས་སུ་བཟུང་ནས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་ཞེས་ཞུ་བ་དང་། ཆབས་ཅིག་ངེད་ཅག་འགོ་མང་ཡོངས་ཀྱིས། བཀའ་དགོངས་ལམ་སྟོན་འགལ་མེད་སྙིང་བཅངས་རང་ནུས་ཅི་ཐུབ་ལྷག་བསམ་རྣམ་དག་ཧུར་བསྐྱེད་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། སྨན་རྩིས་ཁང་གི་འགན་འཛིན་ནས་སྤྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ ལ།།
མཐའ་མའི་འདོན་ཐེངས་།: 29.03.2018 ཉིན། 4:35 PM
<< སྔ་མ།