སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.04.2022
མདུན་ངོས། >>


སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་དུ་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་མི་ལོ་ ༦༡ འཁོར་བ་དང་། དེ་བཞིན་ྋརྒྱལ་དབང་ྋསྐུ་ཕྲེང་ ༡༣ ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༦ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དང་བོད་ཀྱི་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་སྐོུ་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་སྐུ་སྒེར་ཡིག་ཚང་གི་དྲུང་ཡིག་ཆེན་མོ་སྐོུ་བློ་བཟང་སྦྱིན་པ་མཆོག་གི་གཙོས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམས་དང་། སྨན་རྩིས་ཁང་གི་འགོ་ལས་དང་དགེ་སློབ། གསར་འགོད་པ་བཅས་ཚང་འཛོམས་གནང་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་གཉིས་ཀྱིས་སྣང་གསལ་སྒྲོན་མེ་ཞལ་ཁ་འབྱེད་པ་དང་སྦྲགས། སྨན་རྩིས་སློབ་མ་རྣམས་ནས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།

དེ་ནས་ད་ལོ་གསར་དུ་ཕེབས་པའི་སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་གིས་གསུང་བཤད་གནང་བའི་ནང་དུ་སྨན་རྩིས་ཁང་གི་དམིགས་ཡུལ་དང་གནས་སྟངས་སྤྱིའི་སྐོར། དམིགས་བསལ་འབྱུང་འགྱུར་དུས་སུ་བྱེད་འཆར་སྐོར་གསུངས་དོན། “སྒྲིག་གཞི་གཏན་འབེབས་བྱུང་མཚམས་སྒྲིག་གཞི་འབྲུ་དོན་གཞིར་བཟུང་འཛིན་སྐྱོང་གི་ལས་དོན་བསྒྲུབ་རྒྱུ་དང་། རྒྱ་གར་ཨཱཡུཥ་ལྷན་ཁང་ལ་སྨན་པ་དེབ་སྐྱེལ་དང་མཐོ་སློབ་དེབ་སྐྱེལ་གཉིས་གང་མྱུར་སྨིན་སྒྲུབ་ཐུབ་པ་བྱ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༡༨ - ༢༠༡༩  དང་ ༢༠༡༩ - ༢༠༢༠ རྩིས་ལོ་གཉིས་ཀྱི་རྩིས་ཞིབ་སྙན་ཐོར་མཇུག་སྐྱོང་། ལས་ཤག་དང་ལས་ཁུངས་ཉམས་གསོའི་འཆར་གཞི་བཟོས་ནས་ཉམས་གསོ་ཐུབ་ཐབས་བྱ་རྒྱུ། སྨན་རྩིས་ཁང་གི་སྨན་རྩིས་པ་ཟུར་པ་མཉམ་དུ་འབྲེལ་ལམ་གསར་བཟོ་འམ་ད་ལྟ་ཡོད་བཞིན་པ་གོང་མཐོར་སྤེལ་སླད་སྨན་རྩིས་པའི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་ཐུབ་པ་བྱ་རྒྱུ། འགན་འཛིན་ལྷན་ཚོགས་ཀྱི་དགོངས་གཞི་ཡོད་པ་གཞིར་བཟུང་འཛིན་སྐྱོང་དང་རིག་གཞུང་གི་ལས་དོན་ངོ་བོ་ཁ་གསལ་བཟོས་ཏེ་བསྐྱོད་རྒྱུ་བཅས་ནི་དོ་སྣང་དང་འབད་བརྩོན་བྱེད་དགོས་པའི་གནད་དོན་ཁག་གཅིག་ཡིན། ” ཞེས་གསུངས།

དེ་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ ༢༡ དང་རྩིས་སློབ་སྐབས་ ༡༡ གཉིས་ཀྱི་སློབ་མ་རྩེ་ཕུད་རྣམས་དང་སྤྱི་པའི་རྒན་བདག་རྣམས་ལ་དམིགས་བསལ་སྐུ་མགྲོན་མཆོག་ནས་བྱ་དགའ་དང་ཕྱག་འཁྱེར་གསོལ་རས་བསྩལ་སོང་། དམིགས་བསལ་སྐུ་མགྲོན་མཆོག་གིས་རང་གི་གསུང་བཤད་ནང་དུ་གཙོ་བོ་སྨན་རྩིས་ཁང་གི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་སྐོར་དང་། དེ་བཞིན་ྋགོང་ས་མཆོག་གིས་སྔ་མོ་གཞུང་ཞབས་ལས་བྱེད་དང་སྨན་རྩིས་ཁང་གི་ལས་བྱེད་རྣམས་ལ་བསྩལ་བའི་བཀའ་སློབ་རྩ་ཆེན་ཁག་གཅིག་དྲན་སྐུལ་དང་འབྲེལ་གསུངས་སོང་།

དེ་དང་མཉམ་དུ་སྨན་རྩིས་སློབ་མ་རྣམས་ནས་སྟོད་གཞས་ཤིག་སྤྱན་བསྟར་ཞུས་རྗེས་སྨན་རྩིས་ཁང་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་པར་བསྐྲུན་ཞུས་པའི་དེབ་རིགས་ཁག་སྟེ། འབྱུང་རྩིས་མན་ངག་ཟླ་བའི་ འོད་ཟེར་གྱི་མཚན་དོན་དང་མཆོད་བརྗོད་དམ་བཅའི་མཆན་འགྲེལ་ཞེས་པའི་བསྐྱར་བཅོས་བྱས་པ་དེ་དང་། སྨན་རྩིས་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།  The Spanish Translation of the Basic and The Explanatory Tantras from the Four Tantras of Tibetan Medicine, ཨིན་སྐད་དུ་བསྒྱུར་བའི་ནད་རིགས་སྔོན་འགོག་དེབ་ཕྲེང་ཁག་ནས་ཆམ་རིམས་དང་། སྦྲུམ་མའི་འཕྲོད་བསྟེན། གློ་གཅོང་ཟད་བྱེད། བཤང་འགགས་ནད། ཟ་ཁུ་གཅིན་སྙི། སྙིང་ནད་དང་། ཕོ་ནད་བཅས་སྐུ་མགྲོན་གཙོ་བོས་དབུ་འབྱེད་གནང་སོང་།

དེ་ནས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ནས་སྨན་རྩིས་མཐོ་སློབ་ཁང་གི་ལས་བྱེད་ཞབས་ལོ་སུམ་ཅུ་སོན་པ་བཞི་དང་། ཉི་ཤུ་ལོན་པ་བཞི་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་སྒྲོགས་སྦྱང་དང་འབྲེལ་སྐུ་མགྲོན་གཙོ་བོ་མཆོག་ནས་ཕྱག་རྟགས་དང་ལག་འཁྱེར་འབུལ་བཞེས་གནང་སོང་།

མཐར་སྐུ་མགྲོན་གཙོ་བོ་སྐུ་ངོ་དཔལ་ལྡན་དོན་གྲུབ་མཆོག་གིས་སྨན་རྩིས་ཁང་གི་འདས་ད་མ་འོངས་གནས་སྟངས་སྐོར་གསུང་བཤད་གནང་བའི་ནང་དུ། ་་་གསོ་རིག་བསྟན་པ་དར་འདོད་ན་མི་རེ་ངོ་རེ་ལ་འགན་ཡོད་པ་དང་། དེ་ཡང་རྩ་བ་འཆམ་མཐུན་ལ་རག་ལུས་ཡོད། འཆམ་མཐུན་ཟེར་བ་དེ་སྒང་གི་ནོར་འཕྲུལ་ཤོར་བ་ལ་འོག་ནས་ཁ་ཚུམས་ནས་བཞུགས་དགོས་པའི་དོན་མིན། དེའི་ཐོག་གྲོས་བསྡུར་གནང་དགོས། མང་གཙོའི་ཡུལ་དུ་བསྡད་ཡོད་སྟབས་མང་བའི་བསམ་ཚུལ་གང་ཡིན་པ་དང་། དེ་ལ་རྒྱུ་མཚན་གང་ཡོད་པ་ཚང་མས་གྲོས་བསྡུར་གནང་ནས་ཚང་མའི་བསམ་བློར་འོས་པའི་ཐག་ཆོད་གཅིག་གི་སྟེང་བབ་ཐུབ་ན་བཟང་བ་སོགས་ཀྱི་སྐོར་རྒྱས་པར་གསུངས་སོང་།

མཇུག་ཏུ་སྨན་རྩིས་སློབ་མ་རྣམས་ནས་སྟོད་གཞས་ཤིག་འབུལ་ལམ་ཞུས་རྗེས་སྨན་རྩིས་ཁང་གི་དྲུང་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་བཅས་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་མཛད་སྒོ་ལེགས་གྲུབ་བྱུང་སོང་།

 

 

འདིར་ནོན།   སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གི་གསུང་བཤད་གསན།

འདིར་ནོན།   དམིགས་བསལ་སྐུ་མགྲོན་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གི་གསུང་བཤད་གསན།

འདིར་ནོན།   སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག་གི་གསུང་བཤད་གསན།


མཐའ་མའི་འདོན་ཐེངས་།: 02.04.2022 ཉིན། 11:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།