སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༢ འཁོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.03.2018
མདུན་ངོས། >>

 

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༢ འཁོར་བ།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༢ འཁོར་བ་དང་། དེ་བཞིན་བཙན་བྱོལ་དུ་བཞུགས་སྒར་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་ཚོགས་གནང་ཡོད། སྤྱིར་བཞུགས་སྒར་སྨན་རྩིས་ཁང་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་དབུ་བརྙེས་པ་ཡིན་ཀྱང་། འདི་ལོའི་མཛད་སྒོ་ཐོག་མའི་འཆར་གཞི་ལྟར་ཕྱི་ཚེས་ ༢༨ ཉིན་ཚོགས་གནང་བ་རེད།
                 

དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གི་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་དང་ལས་ཟུར་རྣམ་པ།  སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་སྨན་པ་གཙོ་བོ་མཆོག་གི་གཙོས་དགེ་སློབ་ལས་བྱེད་རྣམས་དང་། སྐུའི་བླ་སྨན་ཟུར་པ་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་གཙོས་གསར་འགོད་པ་བཅས་ཚོགས་བཅར་བ་བཞི་བརྒྱ་ཙམ་འདུ་འཛོམས་ཐོག  ཐོག་མར་གཡུ་ཐོག་སྨོན་ལམ་གསོལ་འདེབས་རྟ་དབྱངས་དང་བཅས་འདོན་ཞིང་གྲོ་མ་འབྲས་སིལ་དང་གསོལ་ཆ་འདེགས་འབུལ་ཞུས་རྗེས། སྨན་རྩིས་སློབ་མ་རྣམས་ཀྱིས་ཡིད་དུ་འོང་བའི་རྟེན་འབྲེལ་གྱི་མཉམ་གཞས་གསུམ་སྐུ་མགྲོན་རྣམ་པའི་སྤྱན་སྔར་གཟིགས་འབུལ་ཞུས།

དེ་ནས་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་བཀྲིས་ཚེ་རིང་མཆོག་གི་གསུང་བཤད་ནང་དུ། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་རྗེ་ལམ་སྟོན་འོག་སྨན་རྩིས་ཁང་ནས་བོད་ཀྱི་སྨན་རྩིས་རིག་པའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད་ལས་འཆར་བསྒྲུབས་དང་སྒྲུབ་བཞིན་པའི་ལས་བསྡོམས་སྙན་སྒྲོན་ཞུས། འདིའི་ནང་དུ། ད་ལྟའི་སྨན་རྩིས་ཁང་གི་མི་འབོར་ནུས་ཤུགས་སྐོར། སྦེང་ལོར་དུ་སྨན་རྩིས་མཐོ་སློབ་གསར་རྒྱག་བཞིན་པའི་སྐོར། སྨན་རྩིས་རིག་པའི་སྐོར་རྒྱལ་ནང་དང་རྒྱལ་སྤྱིའི་ནང་གོ་རྟོགས་ལས་འགུལ་སྤེལ་བ་སོགས་ཀྱི་སྐོར་གསུངས། གསུང་བཤད་རྒྱས་པ་ཟུར་དུ་བཀོད་ཡོད།

དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་དུ་ཞབས་ལོ་སུམ་ཅུ་ཧྲིལ་པོ་འཁོར་བའི་ལས་བྱེད་ཉམས་མྱོང་བགྲེས་པོ་གྲངས་དྲུག་ལ་ཕྱག་འཁྱེར་དང་ལེགས་གསོལ་དུ་སྨན་རྩིས་ཁང་རང་ནས་བཟོ་སྐྲུན་ཞུས་པའི་དམིགས་བསལ་སྐུ་ཐང་ཞིག་དང་། ཞབས་ལོ་ཉི་ཤུ་ཧྲིལ་པོ་ལོན་པའི་ལས་བྱེད་གྲངས་བཅུ་བཞི་ལ་ཕྱག་འཁྱེར་དང་ལེགས་སྐྱེས་སུ་ཤོག་ཆག་འབུལ་ལམ་ཞུས། དེ་བཞིན་སྨན་པ་སྐབས་ ༡༧ བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་དང་། ད་ལྟའི་སྨན་རྩིས་སློབ་མའི་ལོ་འཁོར་རྒྱུགས་འབྲས་རྩེ་ཕུད་གསུམ་དང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གཉིས་ལ་བྱ་དགའ་གསོལ་རས་བསྩལ་གནང་སོང་།


དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་ནས་གསར་དུ་རྩོམ་སྒྲིག་ཞུས་པའི་དེབ་རིགས་ཁག་གཅིག་དབུ་འབྱེད་གནང་ཡོད། དེ་ནི། ༡། རྒྱལ་བའི་བཀའ་བསྟན་ལས་བཏུས་པའི་ཚེ་སྲོག་གི་རྣམ་བཞག་དཔྱོད་ལྡན་འཇུག་ངོགས། ༢། བོད་ཀྱི་གསོ་བ་རིག་པར་གསུངས་པའི་སྲོག་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ། ༣། དཔལ་དུས་ཀྱི་འཁོར་ལོ་དང་རྩིས་གཞུང་ཁག་ལས་སྲོག་གི་སྐོར་ཕྱོགས་བསྡུས་ཞུས་པའི་དཔྱད་རྩོམ། ༤། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པའི་གསུང་བཤད་ཕྱོགས་སྒྲིག ༥། PRESENTATIONS (3rd Body, Mind and Life Conference, October 2015) ༦། THE ORAL INSTRUCTION TANTRA 1 (English Translaton) ༧། Fundamentals of Tibetan Medicine in Chinese language, ༨། Centenary Report of Men Tsee Khang (Sowa Rigpa) - Book III in English བཅས་ཡིན།

དམིགས་བསལ་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་གིས་ྋསྐུའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་འདི་ལོ་རྒྱ་གར་མང་གཙོའི་ཉིན་མོར་རྒྱ་གར་དབུས་གཞུང་ནས་པདྨ་ཤྲྰི་ཞེས་ཡུལ་མི་ཆེ་བསྟོད་གཟེངས་རྟགས་གྲགས་ཅན་དེ་བསྩལ་གནང་བར་ཡི་རང་བསྔགས་བརྗོད་མཚོན་བྱེད་དྲན་རྟེན་གྱི་ཕྱག་རྟགས་ཤིག་བསྩལ་གནང་ཡོད། ྋསྐུའི་བླ་ཟུར་མཆོག་ནི་གསོ་རིག་སྨན་པ་ཡོངས་ལ་མིག་གཏོད་བཟང་པོ་ཡར་འདྲེན་གྱི་དཔེ་རུ་འགྱུར་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། སྨན་རྩིས་ཁང་ནི་འཛམ་གླིང་ནང་བོད་ཀྱི་གསོ་རིག་བསྟན་པ་དར་སྤེལ་གཏོང་མཁན་གཙོ་བོ་ཞིག་ཆགས་ཡོད་པ་དེ་ངོ་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་དང་དུས་རྒྱུན་དུ་སྙིང་ལ་བཅང་དགོས་པ་ཞིག་ཡིན། ྋསྐུའི་བླ་སྨན་ཟུར་པ་མཆོག་ལ་རྒྱ་གར་གཞུང་གིས་ཆེ་བསྟོད་གཟེངས་རྟགས་གནང་བ་དེ་ང་ཚོ་ཚང་མས་དགའ་སྤྲོ་བྱེད་འོས་པ་ཡིན། གནས་ཚུལ་དེ་ཐོག་མར་ཐོས་མ་ཐག་འཛིན་སྐྱོང་བཀའ་ཤག་དང་། དམིགས་བསལ་འཕྲོད་བསྟེན་ལས་ཁུངས། དེ་བཞིན་ཉེ་ཆར་གྲོས་ཚོགས་ནས་ཀྱང་ཡིག་ངག་གཉིས་ནས་ཁོང་ལ་འཚམས་འདྲི་ཞུས་ཡོད། མི་ཤུགས་ ༧༠༠ ལྷག་ཙམ་ཡོད་པའི་སྨན་རྩིས་ཁང་ནས་བོད་ཀྱི་སྨན་རྩིས་བསྟན་པ་འཛིན་སྐྱོང་གནང་དང་གནང་བཞིན་པར་ངོས་ནས་བསྔགས་བརྗོད་ཞུ་བཞིན་ཡོད། དེ་བཞིན་སྨན་རྩིས་ཁང་ནས་ཟླ་རེར་བཙན་བྱོལ་སྤྱི་ཚོགས་ནང་སྨན་སྦྱིན་རིན་འབབ་ཆ་སྙོམ་སྒོར་འབུམ་ ༣༡ ལྷག་ཙམ་གཏོང་བཞིན་པ་དེ་ལའང་བསྔགས་བརྗོད་ཞུ་འདོད་འབྱུང་། ནད་རིགས་སྔོན་འགོག་ཐོག་ལ་ཚང་མས་ནུས་ཤུགས་སྒྲིལ་བཞིན་པ་ལྟར་སྨན་རྩིས་ཁང་ནས་ཀྱང་དམིགས་བསལ་ནད་རིགས་སྔོན་འགོག་དེབ་ཕྲེང་ ༡༧ དུས་ཐོག་དཔར་བསྐྲུན་འགྲེམས་སྤེལ་ཐུབ་པ་འདི་བརྒྱུད་མང་ཚོགས་ནས་ནད་རིགས་དེ་ཚོའི་སྟེང་བསམ་ཞིབ་དང་གོ་རྟོགས་ལེན་ཐུབ་པའི་རེ་འདུན་བྱེད་བཞིན་ཡོད། དེང་སྐབས་གསོ་བ་རིག་པ་རྒྱ་གར་གཞུང་ནས་ངོས་ལེན་འབྱུང་ཡོད་སྟབས་རྒྱ་གར་ནང་དུ་གསོ་བ་རིག་པའི་སྐོར་སྦྱོང་བརྩོན་གྱི་ལས་གཞི་མང་པོ་ཞིག་འགྲོ་བཞིན་པར་བརྟེན་སྨན་རྩིས་ཁང་གི་ནུས་ཤུགས་གོང་སྤེལ་མུ་མཐུད་ནས་དགོས་ངེས་ཅན་གྱི་གནས་སྟངས་ཆགས་ཡོད་ཚུལ་སྐོར་སོགས་གསུངས་གནང་སོང་།


དེ་ལྟར་དུས་དྲན་མཛད་སྒོ་མཇུག་མ་སྒྲིལ་སྔོན་དུ་སྨན་རྩིས་ཁང་ནས་ཚོགས་བཅར་བ་ཡོངས་ལ་མངར་ཞིམ་ཟས་སྣ་ཕྱག་རྟགས་བགོ་འགྲེམས་ཞུས་པ་དང་བཅས་རྗེས་དྲན་མཛད་སྒོ་ལེགས་གྲུབ་བྱུང་ཡོད།





མཐའ་མའི་འདོན་ཐེངས་།: 29.03.2018 ཉིན། 3:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།