<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>
ནང་ཞིབ་སྡེ་ཚན།
ཀ༽ སྤྱིའི་གནས་བབ།
ནང་ཞིབ་སྡེ་ཚན་འདི་བཞིན་ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༢༦ ཉིན་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐབས་གསར་དུ་བཙུགས། ༼དེ་སྔོན་ནང་ཞིབ་སྡེ་ཚན་ལོགས་སུ་མེད་ཀྱང་ཕྱི་ལོ་ ༡༩༨༠ ནང་ Mr. Kuldip K. Sud F.C.A. of Sud & Co., Yamuna Nagar, མཆོག་ནས་སྨན་རྩིས་ཁང་གི་གཞུང་འབྲེལ་ནང་ཞིབ་གནང་བཞིན་ཡོད་འདུག༽ སྡེ་ཚན་འདི་ཉིད་ཀྱི་ལས་དོན་གཙོ་བོ་ནི་སྡེ་ཚན་བྱེ་བྲག་སོ་སོའི་ནང་འཛིན་སྐྱོང་བྱ་ཕྱོགས་ཐད་སྒྲིག་གཞི་དང་། རྩ་འཛིན། ལམ་སྟོན་གཞིར་བཟུང་ལག་ལེན་དོན་འཁྱོལ་ཡོང་མིན་རྟོགས་ཞིབ་བྱ་རྒྱུ་དང་། དེ་བཞིན་སྡེ་ཚན་ཁག་གི་དཔལ་འབྱོར་སྟངས་འཛིན་ཚད་ལྡན་ཡིན་མིན་དང་། རྩིས་ཀྱི་འགྲོ་ལུགས་ཁྲིམས་མཐུན་ཡིན་མིན་ཞིབ་འཇུག་བྱ་རྒྱུ་བཅས་ཡིན།
ཕྱི་ལོ་ ༡༩༩༤ ལོ་ནས་དབུས་ཀྱི་སྡེ་ཚན་ཆེན་པོ་ལྔའི་རྩིས་ཁྲར་ནང་ཞིབ་དང་། ཡན་ལག་སྨན་ཁང་ཁག་གི་ལོ་འཁོར་རེ་རེའི་འགན་འཁྲི་རྩིས་བསྡོམས་བཟོ་བཏོན་ཞུས་པ་རྣམས་ནང་ཞིབ་ལས་ཁང་དུ་བསྐྱར་ཞིབ་ཆེད་བཏང་འབྱོར་བྱུང་བ་ཆ་ཚང་དོ་ནན་ཞུ་དག་སྔ་རྗེས་བར་གསུམ་དུ་གནང་བ་དང་། སྡེ་ཚན་ཁག་གི་རྒྱུན་ལས་གྲུབ་ཐོན་གནས་བབ་དང་། རྩིས་ཁྲ་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་བགྱིས་པའི་དངོས་ཡོད་ཀྱི་གནས་སྟངས་དབུས་སུ་སྤྱན་འབུལ་དང་། དེ་བཞིན་དབུས་འཛིན་སྐྱོང་གི་བཀའ་འབྲེལ་བཞིན་ཡན་ལག་སྨན་ཁང་ཁག་ཏུ་ནང་ཞིབ་ཕྱིར་བསྐྱོད་ཀྱིས་ས་གནས་ཀྱི་འཛིན་སྐྱོང་དང་རྩིས་འབྲས་སོགས་དངོས་འབྲེལ་གང་ཡོད་པ་རྣམས་ཕྱོགས་ལྷུང་མེད་པར་སྤྱི་དོན་ཡར་འགྲོའི་ལྟ་གྲུབ་ཐོག་ནས་ཡན་ལག་རེ་རེའི་སྙན་ཐོ་ཕྱོགས་སྒྲིག་ཞུས་ཏེ་དབུས་སྨན་རྩིས་ཁང་འགན་འཛིན་མཆོག་ལ་སྙན་སེང་དང་། འདྲ་བཤུས་རེ་འབྲེལ་ཆགས་སྨན་ཁང་ཁག་ལ་སྔོན་ཚུད་ནས་གྲ་སྒྲིག་དང་མཁྱེན་རྟོགས་ཡོང་སླད་འབུལ་ལམ་ཞུ་མུས་དང་། སྐབས་དང་བསྟུན་ཏེ་དབུས་དང་ཡན་ལག་ཁག་གི་རྩིས་པ་རྣམས་ལ་དབུས་དངུལ་རྩིས་སྡེ་ཚན་དང་། ནང་ཞིབ་སྡེ་ཚན་གཉིས་ནས་རྩིས་ཁྲ་ཉར་སྟངས་དང་། བཟོ་སྟངས་གཅིག་གྱུར་ཡོང་ཐབས། དེ་བཞིན་རྒྱུན་མཁོའི་ལེ་ཚན་སྐོར་ལ་དུས་ཐུང་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེས་སྨན་རྩིས་ཁང་གི་འགྲོ་སྟངས་གཅིག་གྱུར་ཡོང་བར་དགེ་ཕན་ཆེན་པོ་བྱུང་བས་ད་ལྟའི་ཆར་ནང་ཞིབ་ལས་ཁུངས་སུ་འགན་འཛིན་གཅིག་དང་ལས་རོགས་གཅིག་བཅས་ནས་དབུས་དང་ཡན་ལག་ཁག་གི་ལས་དོན་བྱེད་ཕྱོགས་ལ་ཞིབ་འཇུག་དང་རྩིས་ཁྲར་རྟོགས་ཞིབ་གནང་དང་གནང་བཞིན་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།
ཁ༽ སྡེ་ཚན་འདིའི་འགན་འཁུར་བ་དག་གི་མིང་གཞུང་དང་འགན་ཁུར་དུས་ཡུན།
༡། བསྟན་འཛིན་རྡོ་རྗེ། ༡༩༩༤།༧།༢༦ ནས་ ༡༩༩༨།༡༢།༣༡ བར།
༢། བློ་བཟང་ནོར་བུ། ༡༩༩༨།༡།༡ ནས་ ༢༠༠༡།༥།༢༥ བར།
༣། ཉི་མ་ཚེ་རིང་། ༢༠༠༡།༥།༢༥ ནས་ ༢༠༠༦།༩།༡༢ བར།
༤། དོན་གྲུབ་དཔལ་ལྡན། ༢༠༠༧།༣།༡ ནས་ལས་ཁུར་ཞུ་མུས།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:59 AM
<< སྔ་མ།