སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་གི་གསར་འགོད་གསལ་བསྒྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.10.2019
མདུན་ངོས། >>


སྨན་རྩིས་ཁང་གི་གསར་འགོད་གསལ་བསྒྲགས།

སྨན་རྩིས་ཁང་ནས་ལོ་ལྟར་ས་བདག་འཁྲུགས་བཅོས་ཀྱི་ཚོགས་མཆོད་འབུལ་གྱི་ཡོད་པ་ལྟར་འདི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ཚེས་བཟང་འཁེལ་བའི་ཉིན་དེར་སྨན་རྩིས་ཁང་གི་དགེ་ལས་སློབ་མ་མང་ཆེ་བ་ཞིག་དྷ་སའི་རི་རྩེར་སོང་ཡོད་ཀྱང་། སྨན་རྩིས་ཚོགས་ཁང་དུ་ལས་བྱེད་ལྷག་མ་རྣམས་དང་བོད་རིགས་གསར་འགོད་པ་ཁག་གཅིག་འདུ་འཛོམས་ཐོག སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་སྐར་རྩིས་སྡེ་ཚན་གྱིས་བཏོན་གནང་བའི་ཟླ་ཚེས་གཟའ་སྐར་བཟང་བའི་སྐབས་དེ་རང་དུ་དོན་ཚན་གཉིས་ཀྱི་ཐོག་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།          

            

དོན་ཚན་དང་པོ་དེ་སྨན་རྩིས་མཐོ་སློབ་ཁང་དང་འབྲེལ་བ་ཡིན། དེའི་ནང་ལོ་རྗེས་མ་ནས་ལྷོ་ཕྱོགས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དུ་འཛིན་གྲྭ་དངོས་གཞི་དབུ་འཛུགས་ཞུ་རྒྱུ་དང་། སྨན་རྩིས་དགེ་རྒན་གསོ་སྐྱོང་། སྨན་སྦྱོར་ཁང་གསར་རྒྱག་གི་འཆར་གཞི། གཙུག་ལག་སློབ་དཔོན་མཚན་གནས་འབུལ་བའི་སྐོར་གསུངས་ཡོད། དེ་བཞིན་དོན་ཚན་གཉིས་པ་ནི། ཉིན་དེ་ནས་སྨན་རྩིས་ཁང་གི་སྨན་རྩིས་མཐོ་སློབ་ཁང་དང་སྨན་སྦྱོར་ཁང་གཉིས་ད་བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་དེབ་སྐྱེལ་བྱས་ནས་ཡོད་པ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་དང་། ཐག་གཅོད་དེ་ལྟར་བྱས་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུད་རིམ་དང་གནས་ཚུལ་རྣམས་ཞིབ་ཕྲ་གསུངས་གནང་ཡོད། འདིར་དོན་ཚན་གཉིས་པོའི་སྐོར་འགན་འཛིན་མཆོག་གིས་གསལ་བསྒྲགས་སྤེལ་བ་ལས་སྙིང་བསྡུས་ཤིག་ཡིག་ཐོག་བཀོད་པ་ཡིན། རྒྱས་པར་མཁྱེན་འདོད་ན་ཉིན་དེའི་གསར་འགོད་གསལ་བསྒྲགས་ཀྱི་སྒྲ་བརྙན་ལ་གཟིགས་པར་ཞུ།།

 

སྨན་རྩིས་མཐོ་སློབ་ཁང་དང་འབྲེལ་བའི་གསལ་བསྒྲགས།

ཕྱི་ལོ་ ༢༠༢༠ ཟླ་ ༡ པོ་ནས་བཟུང་སྨན་རྩིས་མཐོ་སློབ་ཁང་གི་ལོ་འཁོར་གུང་གསེང་རྫོགས་མཚམས་ད་ལྟའི་སྨན་གྱི་འཛིན་གྲྭ་ཁག་གཉིས་དང་སྐར་རྩིས་འཛིན་གྲྭ་གཅིག་བཅས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དུ་གནས་སྤོས་ཞུ་རྒྱུ་དང་། ཡང་སྨན་གྱི་འཛིན་གྲྭ་གཞན་གཉིས་དང་སྐར་རྩིས་འཛིན་གྲྭ་གཅིག་བཅས་གནས་སྐབས་དྷ་ས་རང་དུ་མུ་མཐུད་འཛིན་གྲྭ་ཚོགས་རྒྱུ་ཡིན་པ་མ་ཟད། དེའི་སྟེང་སློབ་ཁྲིད་གསར་པ་གཞན་ཁག་གཅིག་གི་ཚེས་གྲངས་གཏན་འབེབས་བྱས་ནས་ལས་གཞི་དབུ་འཛུགས་ཞུ་རྒྱུ་ཡིན། རྗེས་ལོ་ནས་སྨན་རྩིས་མཐོ་སློབ་ཁང་གི་ལས་གཞི་ཐོག་ཡར་རྒྱས་སམ་རྒྱ་སྐྱེད་དང་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་འདི་རྒྱ་གར་གཞུང་གི་ཁྲིམས་ཀྱི་གནས་སྟངས་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུང་གི་འགྲོ་སྟངས། ྋགོང་ས་སྐྱབས་མགོན་ཆེན་པོས་བཀའ་དགོངས་ལྟར་ཡིན་པ་དང་། 

དེ་བཞིན་སྨན་རྩིས་མཐོ་སློབ་ཁང་གཉིས་སུ་དགེ་རྒན་མང་དུ་གཏང་དགོས་ངེས་ཡིན་པར་བརྟེན། མཐོ་སློབ་ནས་མཚན་ཐོ་འབྱོར་བ་ལྟར་ད་ལྟའི་སྨན་སློབ་སྐབས་ ༡༧། ༡༨། བཅས་ནང་འདོད་མོས་ཡོད་པ་རྣམས་མ་འོངས་དགེ་རྒན་ཆེད་ད་ལྟ་ནས་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་། དེ་བཞིན་ད་ལྟའི་བརྟག་དཔྱད་སྨན་པ་སོགས་ཀྱི་ནང་དུ་མིང་སྨོས་ཡོད་པ་རྣམས་གདན་འདྲེན་ཞུ་རྒྱུའི་ལས་གཞི་ཡོད།

དེ་མཚུངས་སྨན་སྦྱོར་གྱི་ལས་གཞི་ནི། ཅོན་ཏ་རར་སྨན་སྦྱོར་ཕྱེད་ཀ་མིན་ཙམ་བཟོ་སྐྲུན་ཞུ་བཞིན་པ་དང་། དེ་བཞིན་སྨན་སྦྱོར་ཕྱེད་ཀ་ལྷག་ཙམ་འདི་ག་དྷ་ས་སྨན་སྦྱོར་ཁང་རང་དུ་བཟོ་སྐྲུན་ཞུ་མུས་རེད། སྦེང་ལོར་དུ་སྨན་སྦྱོར་གྱི་ལས་གཞི་དེ་ད་ལྟ་གཞི་ནས་རེད། དེར་སྨན་སྦྱོར་རྣམ་གྲངས་མང་པོ་བཟོ་སྐྲུན་ཞུ་རྒྱུ་མ་རེད། སྨན་སྦྱོར་ཁང་གི་ས་ཆ་དེ་ཡང་ཏྰ་ལའི་བླ་མའི་མཐོ་སློབ་ཁང་རང་དུ་བྱེད་དགོས་སམ། སྦེང་ལོར་མཻ་སོར་ལམ་ཆེན་དུ་འཁེལ་བའི་ས་གཞི་ཞིག་ཏུ་འམ། བོད་མིའི་གཞིས་ཆགས་ཤིག་གི་ནང་དུ་བྱེད་དགོས་མིན་ད་ལྟ་བཀའ་མོལ་གནང་བཞིན་པ་ཡིན། གང་ལྟར་སྨན་སྦྱོར་གྱི་ཆ་ནས་ཀྱང་རྒྱ་སྐྱེད་འགྲོ་རྒྱུ་ངེས་པ་ཡིན།

དེ་ནས་སྨན་རྩིས་ཁང་རང་དུ་ཉམས་མྱོང་དང་ཤེས་ཚད་ཡོད་པའི་ Professor, Assoc. Professor , Asst. Professor  གྱི་མི་ཆ་འགའ་ཞིག་དགོས་ཀྱི་འདུག དེ་ལ་ལོ་གཉིས་ཙམ་གོང་ནས་སྨན་པ་གཙོ་བོ་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་ལ་ཐེངས་གཉིས་ཙམ་ཞུས་ཡོད། དེ་རྗེས་སུ་སྨན་རྩིས་མཐོ་སློབ་ཁང་དང་། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་ལ་བཀའ་མོལ་བྱུང་ཡོད། ང་ཚོའི་འགན་འཛིན་ལྷན་ཚོགས་ནང་དུ་བཀའ་བསྡུར་བྱུང་ཡོད།  དེ་རིང་གི་དུས་ཚོས་ཁྱད་པར་ཅན་འདིར་ཞུ་རྒྱུར། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་རྒན་པ་སྨན་དགེ་བསྟན་པ་ཆོས་འཕེལ་ལགས་ལ་འགན་འཛིན་བཀོད་ཁྱབ་ཐོག་ནས་ Professor མཚན་གནས་འབུལ་རྒྱུ་ཡིན། དེ་ནི་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་ནས་རྩོད་མེད་མོས་མཐུན་ཡོད་པ་ཞིག་ཡིན། དེ་ནས་ལོ་མང་དགེ་རྒན་ཡིན་པ་སྨན་དགེ་པ་སངས་དབང་འདུས་ལགས་སྔ་འཕྲོས་རིང་ Assoc. Professor མིང་ཐོགས་པ་ཡིན།  དེའི་སྐོར་རྟེན་འབྲེལ་མཛད་སྒོ་ཞིག་གང་མགྱོགས་ཚོགས་རྒྱུ་ཡིན། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་དུ་བཀའ་བསྡུར་གནང་ནས་ཆ་རྐྱེན་བཏོན་པ་གཞིར་བཟུང་ Professor, Asst. Professor ལྟ་བུ་མིང་ཐོ་སླེབ་པ་འབྱུང་ན་དེ་ནི་འགན་འཛིན་དགའ་འོས་པའི་གནས་ཚུལ་ཞིག་ཡིན།

 

བོད་ཀྱི་གསོ་རིག་ལྷན་ཚོགས་སུ་མཐོ་སློབ་དང་སྨན་སྦྱོར་ཁང་དེབ་སྐྱེལ་ཕྱིར་འཐེན་གསལ་བསྒྲགས།

སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་(བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་)ཀྱི་འབྲེལ་བ་གཉིས་ཀྱི་ཐོག་ལ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ཉིན་ནས་སྨན་རྩིས་མཐོ་སློབ་ཁང་དང་སྨན་སྦྱོར་ཁང་གཉིས་སྨན་པའི་ལྷན་ཚོགས་ནང་དུ་དེབ་སྐྱེལ་བྱས་པ་དེ་ཕྱིར་འཐེན་བྱས་པ་ཡིན།

དེའི་ཐོག་ལ་གནས་ཚུལ་མང་པོ་ཞིག་ཆགས་ཡོད། ང་ཚོས་དེ་རིང་ཕྱིར་འཐེན་བྱེད་དགོས་པ་དེ་གློ་བུར་དུ་བྱེད་པ་ཞིག་མ་ཡིན། དེ་ནི་ལོ་མང་ཞིག་ནས་ཚོགས་འདུ་མང་པོ་ཚོགས་ཡོད་ལ། གལ་ཆེ་ཚོགས་འདུ་ཞིག་གི་ནང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་རྣམ་པ། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་རྒྱལ་མཆོག ཝྰཎའི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་། འཕྲོད་བསྟེན་དང་སྨན་པའི་ལྷན་ཚོགས་ཀྱི་འདས་པའི་ཚོགས་གཙོ་ཚོགས་གཞོན་སོགས་ཡོད་ལ། གཞན་ཡང་སྤྱི་འཐུས་ནས་ཚོགས་ཆུང་གཉིས་བཙུགས་ཡོད། ལྷག་པར་སྨན་པའི་ལྷན་ཚོགས་ལ་སྨན་རྩིས་ཁང་གི་སྨན་པའི་ངོས་ནས་མཐོང་ཚུལ་མང་པོ་ཡོད། སྨན་པ་མང་བས་ཞལ་གཅིག་གྲགས་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་བཅས་ལ་མོས་མཐུན་ཡོད་ན་ངོས་འགན་འཛིན་ལ་དཀའ་ངལ་གང་ཡང་མེད། དེ་ནི་བར་ལམ་ཤིག་ནས་བློ་འགྱུར་བ་མ་ཡིན་པར་སྨན་པའི་ལྷན་ཚོགས་འགོ་འཛུགས་པའི་ཉིན་མ་དང་པོ་ནས་བྱུང་ཡོད། ད་བར་འགན་འཛིན་ངོས་ནས་དཀའ་ངལ་མི་འཕྲད་པའི་ཆེད་དུ་སྨན་པའི་ལྷན་ཚོགས་ལ་མི་ཆ་དང་རྒྱུ་ནོར་གཉིས་ཀའི་ཐོག་ནས་ཕྱག་རོགས་ཡག་ཤོས་དེ་སྨན་རྩིས་ཁང་ནས་ཞུས་ཡོད། འོན་ཀྱང་མཚམས་རེ་སྨན་པའི་ལྷན་ཚོགས་ཀྱིས་བཀའ་བཏང་བ་ཚང་མ་ཁས་ལེན་ཞུས་མེད།

དེའི་སྟེང་སྨན་རྩིས་ཁང་དབུས་སུ་བཞུགས་པའི་སྨན་པ་གྲངས་སུམ་ཅུ་སོ་དྲུག་ནས་གསང་བའི་འོས་ཤོག་ཅིག་འཕངས་པའི་ནང་དུ། སྨན་རྩིས་ཁང་ནས་སྨན་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་ཆེད་དུ་མི་སྣ་བཞི་འགྲོ་བཞིན་པ་ཡིན། སྐབས་འདིར་ཚོགས་མི་དང་སྨན་རྩིས་མཐོ་རིམ་སློབ་གྲྭ་ཉིད་ཚོགས་མི་དེབ་སྐྱེལ་བྱས་པ་གཉིས་གཅིག་པ་མ་ཡིན། གསང་བའི་འོས་དེའི་ནང་རྐུབ་བཀྱག་བཞི་ཀ་རང་འཇགས་བཞག་དགོས་ཀྱི་འདུག་ཟེར་མཁན་སྨན་པ་ ༡༤ དང་། ཚོགས་མི་གསུམ་གྱི་འགྲིག་འདུག་ཟེར་མཁན་སྨན་པ་ ༦། ཚོགས་མི་གཉིས་ཀྱི་འགྲིག་འདུག་ཟེར་མཁན་སྨན་པ་ ༩། ཚོགས་མི་གཅིག་མ་གཏོགས་མི་དགོས་ཟེར་མཁན་སྨན་པ་ ༢། ཚོགས་མི་གྲངས་གཅིག་ཀྱང་མི་དགོས་ཟེར་མཁན་སྨན་པ་ ༥ བྱུང་ཡོད། གང་ལྟར་མཐོང་ཚུལ་དེ་དབུས་དང་ཕྱོགས་མཐའི་སྨན་པ་གཉིས་ཀར་མི་འདྲ་བ་ཡོད་པ་མ་ཟད་འགན་འཛིན་ལྷན་ཚོགས་ནང་དུའང་བཀའ་བསྡུར་བྱུང་ཡོད།

དེ་སྔ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྨན་པའི་ལྷན་ཚོགས་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་་འབེབས་བྱེད་བཞིན་པའི་སྐབས་སུ་རྒྱ་གར་གཞུང་ཨྰཡུཥ་སྡེ་ཚན་ནས་བོད་སྨན་ངོས་འཛིན་དེ་ལྟར་མགྱོགས་པོ་གནང་གི་ཡོད་པ་དགོངས་པར་འཁོར་མེད། དེ་ལྟར་བྱུང་བར་བརྟེན། སྨན་པའི་ལྷན་ཚོགས་གཉིས་དགོས་པ་མེད་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཞུས་ཏེ་སྒྲིག་གཞི་ལ་བསྒྱུར་བ་གཏོང་དགོས་པ་དང་། དེ་བཞིན་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་སྨན་པའི་ལྷན་ཚོགས་ཀྱི་མིང་ཁྱེར་ནས་རྒྱ་གར་གཞུང་ལ་ཞེ་དྲག་མ་བཅར་ཞེས་བཀའ་སློབ་གནང་ཡོད། དེ་ལས་ལྡོག་སྟེ་བཅར་རྒྱུ་མང་དུ་བཏང་ཡོད། དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་སྨན་པའི་ལྷན་ཚོགས་དེ་ང་རང་ཚོའི་ཨཔནྰ་ Medical counsel ཡིན་ཟེར་བ་མ་གཏོགས་གཞན་གང་ཡང་མིན། གཞན་དུ་སྨན་རྩིས་ཁང་ལ་ནི་རྒྱ་གར་གཞུང་གིས་ཏྰ་ལའི་བླ་མའི་ Institute རེད་ཅེས་ཆེ་མཐོང་དང་བྱམས་སྐྱོང་གནང་བཞིན་པར་བརྟེན་སྨན་པའི་ལྷན་ཚོགས་ཀྱི་འོག་ཏུ་སྡོད་རྒྱུར་དགོངས་པར་རྩ་བ་ནས་བབ་ཀྱི་མིན་འདུག དེ་ནི་ངོས་རྒྱ་གར་གཞུང་ལ་གཅིག་པོར་བཅར་བའི་སྐབས་སུ་དང་། འདིར་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་དངོས་སུ་ཕེབས་པའི་སྐབས་གསལ་པོ་ཆགས་ཡོད། གང་ལྟར་སྨན་རྩིས་ཁང་འདི་སྨན་པའི་ལྷན་ཚོགས་མཉམ་དུ་གནས་པ་དེ་རྩ་བ་ཉིད་ནས་འགྲིག་གི་མིན་འདུག་ཅེས་ང་ཚོས་སྨན་པའི་ལྷན་ཚོགས་ལ་ཕྱག་བྲིས་སྔ་རྗེས་ཕུལ་ཡོད་ཀྱང་གསན་བཞེས་གནང་མ་སོང་། སྨན་པའི་ལྷན་ཚོགས་ནི་རང་ཉིད་རང་དབང་ཅན་དབང་ཚད་ཡོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པར་བརྟེན་སྨན་རྩིས་ཁང་སྨན་པའི་ལྷན་ཚོགས་ཀྱི་འོག་ཏུ་ཡོང་དགོས་པ་གསུངས་ཀྱི་ཡོད།

ཉེ་ཆར་སྤྱི་ཟླ་ ༩ ཚེས་ ༡༡ ཉིན་གསོ་བ་རིག་པའི་ཉིན་མོ་དིལླིར་སྲུང་བརྩི་ཞུས་པའི་སྐབས་སྨན་རྩིས་ཁང་ནས་མཉམ་ཞུགས་གནང་མེད། དེ་ཡང་ཐོག་མ་ཉིད་ནས་ང་ཚོར་གོ་བསྡུར་ཡང་གནང་མེད་པ་མ་ཟད། སྨན་རྩིས་ཁང་སྨན་པའི་ལྷན་ཚོགས་མཉམ་ཡོད་པ་དང་། དེ་ཡང་རྒྱལ་ས་དིལླིར་མཛད་སྒོ་བསྐྱངས་གྱུར་གང་ཅིའི་སྐྱོན་གནད་མཐོང་བྱུང་།  མཛད་སྒོ་མ་ཚོགས་སྔོན་ལ་འཕྲོད་བསྟེན་བློན་ཆེན་དྲུང་དུ་བཅར་ནས་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་སྐབས་ཁོང་གིས་དེ་ནི་རྒྱ་གར་གཞུང་དང་མཉམ་དུ་སྲུང་བརྩི་ཞུས་ན་ལེགས་ཚུལ་བཀའ་གནང་བ་དེ་ལྟར་ལོས་ཡིན། གསོ་བ་རིག་པའི་མིང་ཐོག་ནས་བོད་མི་མང་པོ་རུབ་རུབ་བྱ་རྒྱུར་རྒྱ་གར་གཞུང་དང་ཧི་མ་ལ་ཡའི་མི་རིགས་རྣམས་མ་བདེ་བ་བྱ་འདུག

འོན་ཀྱང་སྨན་པའི་ལྷན་ཚོགས་ཀྱི་ནང་དུ་སྨན་གྱི་མཐོ་སློབ་ཁང་མང་པོ་ཞིག་དང་སྨན་སྦྱོར་ཁང་དེབ་སྐྱེལ་ཡོད་པ་དང་། སྨན་པ་མང་པོ་ཞིག་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་བ་གཉིས་ཀྱི་གནས་སྟངས་ཐ་དད་ཡིན། སྨན་རྩིས་ཁང་གི་སྨན་པ་རྣམས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་བྱེད་པ་དེ་ནི་རང་དོན་རང་གཅེས་ཀྱི་བྱ་བ་ཞིག་ཡིན། སྨན་རྩིས་ཁང་གི་སྨན་པའི་ནང་ནས་ཚོགས་མི་བཞི་འདེམས་པ་དེ་སྨན་རྩིས་ཁང་གི་སྐུ་ཚབ་མ་ཡིན། གལ་ཏེ་ཁོང་ཚོ་སྐུ་ཚབ་ཡིན་ན་ཚོགས་འདུའི་གྲོས་གཞི་སྔོན་དུ་སྨན་རྩིས་ཁང་འཛིན་སྐྱོང་ལ་གྲོས་བསྡུར་བྱས་ནས་དགོངས་འཆར་ཞུས་དགོས་ཀྱང་ད་ལྟ་བར་ནམ་ཡང་བྱུང་མེད་ལ། དེ་བཞིན་ཚོགས་འདུ་གྲུབ་རྗེས་སྨན་པའི་ལྷན་ཚོགས་ཀྱིས་ཚོགས་འདུའི་གྲོས་འཆར་སྐོར་ཡིག་ཆ་མ་འབྱོར་སྔོན་ལ་ང་ཚོའི་སྨན་པའི་ཚོགས་མི་རྣམས་ཀྱི་ངོས་ནས་ཐག་གཅོད་ཅི་བྱས་སྐོར་ནམ་ཡང་ཞུས་མ་མྱོང་། ཚོགས་མི་རྣམས་སྨན་རྩིས་ཁང་གི་སྐུ་ཚབ་མཚོན་གྱི་མེད་སྟབས་དེ་ལྟར་བྱེད་དགོས་ཀྱི་ཡང་མེད།

སྨན་རྩིས་ཁང་གི་མ་འོངས་མདུན་སྐྱོད་ཡག་པོ་འབྱུང་བའི་ཆེད་དུ་དེ་སྔ་ནས་ལན་མང་ཕྱིར་འཐེན་གྱི་འབོད་སྐུལ་མང་པོ་བྱས་ཡོད་ཀྱང་དེ་དག་ལ་གསན་འཇོག་གནང་མེད། དེར་བརྟེན་དེ་རིང་ནས་བཟུང་སྨན་པའི་ལྷན་ཚོགས་ནས་ཕྱིར་འཐེན་ཞུས་པའི་གསལ་བསྒྲགས་སྤེལ་བ་ཡིན། བཅས་རྒྱུ་མཚན་རྒྱས་པར་གསུངས་ཡོད།།



མཐའ་མའི་འདོན་ཐེངས་།: 30.10.2019 ཉིན། 12:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།