སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

སྨན་རྩིས་ཁང་གསར་འཛུགས་གནང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


ྋགོང་ས་མཆོག་གི་བཀའ་དགོངས་ལྟར་བོད་གཞུང་སྨན་རྩིས་ཁང་ཇི་ལྟར་གསར་འཛུགས་གནང་པའི་སྐོར།

ཕྱི་ལོ ༡༩༥༩ ཟླ ༣ ཚེས་ ༡༠ ཉིན་མོ་ནི་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ཡོངས་རྫོགས་ཞི་བའི་བཅིངས་གྲོལ་ཞེས་གཡོ་ངན་གྱི་འབོད་སྒྲའི་ཁྲོད་གཏུམ་སྤྱོད་ཀྱི་མདུང་རྩེ་རྣོན་པོས་བཙན་བཟུང་བྱས་པའི་ཉིན་མོ་ཡིན་ཞིང་། དེ་ལྟ་བུའི་མུན་ནག་གི་དུས་ཚིགས་དེ་ནི་ཕྱི་ལོ་ ༡༩༤༩ ཟླ ༡༠ ཚེས ༡ རྒྱ་དམར་གུང་ཁྲན་ཏང་གི་སྲིད་དབང་གསར་དུ་བཙུགས་པའི་ལོ་དེ་ནས་བཟུང་མདོ་སྟོད་སྨད་ནས་རིམ་པའི་དྲག་སྤྱོད་ཀྱི་ལས་འགུལ་འོག་བླ་སྤྲུལ་དགེ་བཤེས་དང་དཔོན་རིགས་འབྱོར་ལྡན་སོགས་བོད་མི་དྲག་གྲས་ཐམས་ཅད་བཙན་བཟུང་བཙོན་འཇུག་འོག་ཕལ་མོ་ཆེ་དམར་གསོད་བཏང་སྟེ་རིམ་གྱིས་བཙན་འཛུལ་དར་ཆ་དམར་པོ་བོད་རྒྱལ་ཁབ་ཀྱི་རྒྱལ་ས་ཕོ་བྲང་པོ་ཏ་ལའི་དབུ་རྩེར་བཙུགས་པའི་ཉིན་མོ་ཡིན།

 

ཡ་ངའི་དུས་འགྱུར་དེ་ཡི་ཉིན་ཤས་སྔོན་ནས་ྋགོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལྷ་རམས་དམ་འཇོག་གྲྭ་སྐོར་ཆེད་ར་ས་འཕྲུལ་གྱི་གཙུག་ལག་ཁང་དུ་བཞུགས་ཏེ་ཆོས་ཕྱོགས་ཀྱི་མཛད་བྲེལ་ཧ་ཅང་ཆེ་ཡང་དམག་དཔོན་ཐན་ཀོན་སན་ཟེར་བས་དམག་མི་གཉིས་ཆེད་མངགས་ཀྱིས་རྒྱའི་དམག་སྒར་དུ་ཟློས་གར་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུའི་མགྲོན་བརྡ་ཕུལ་བའི་སྐབས་མངགས་གཏོང་དམག་མི་དེ་གཉིས་ནས་ལུས་ངག་གི་ཞུ་སྟངས་སོགས་ཚུལ་མཐུན་མེད་པ་མ་ཟད། ཆིབས་སྒྱུར་སྐབས་སྐུ་སྲུང་གཅིག་ཀྱང་ཁྲིད་མི་དགོས་པ་དང་མཚོན་ཆ་རྐང་གཅིག་འཁྱེར་མི་ཆོག་པའི་བཙན་བཤད་བྱས་པ་སོགས་རྣམ་འགྱུར་དེ་དག་ནི་མང་ཚོགས་ལ་བློ་དོགས་ཆེན་པོ་སྐྱེ་བའི་གཞིར་གྱུར་བ་དང་། སྔར་མདོ་སྟོད་སྨད་ཁུལ་དུ་ཡང་བླ་དཔོན་མང་པོ་ཞིག་གསོལ་སྟོན་མཛད་སྒོ་དང་ཚོགས་འདུ་སོགས་ལ་ཁ་གཡར་ནས་འཛིན་བཟུང་བཙན་ཁྲིད་བྱས་པའི་ཉམས་མྱོང་ཡོད་པ་བཅས་ལ་བརྟེན་བོད་རིགས་མང་ཚོགས་ཕལ་མོ་ཆེས་ྋགོང་ས་མཆོག་རྒྱའི་དམག་སྒར་དུ་ཕེབས་གཏན་ལ་བློས་མ་བཟོད་པར་དང་བླང་གིས་ནོར་གླིང་ཕོ་བྲང་གི་མཐའ་བསྐོར་བྱ་དགོས་བྱུང་ཞིང་། དེ་དང་ཆབས་གཅིག་རྒྱ་གཞུང་གི་ངན་གཡོའི་བྱེད་སྟངས་ལ་ཡི་མ་རང་བའི་རྣམ་འགྱུར་མཚོན་པའི་རང་དབང་གི་སྒེར་ལངས་ཏེ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་དེ་བྱུང་ཞིང་། རང་དབང་སྒེར་ལངས་དེའི་འབྱུང་རྐྱེན་གཙོ་བོ་ཞི་བའི་བཅིངས་གྲོལ་ཟེར་བའི་དར་ཆ་བསྒྲེངས་ཏེ་དོན་ཚན་བཅུ་བདུན་གྱི་ཁ་གཡང་སྒྲོག་བཞིན་དེ་ལས་ཟློག་པའི་ཆེས་དྲག་གནོན་གྱི་བྱ་སྤྱོད་ཕྱོགས་གང་ས་ནས་ཇེ་གསལ་དུ་གྱུར། ནོར་གླིང་ཕོ་བྲང་གི་ཉེ་འདབས་སུ་མེ་སྒྱོག་ཐེངས་ཤས་གཡུག་པ་སོགས་ཆེས་བཟོད་ཐབས་མེད་པའི་ཛ་དྲག་གི་གནས་ཚུལ་སྔ་ཕྱིར་བྱུང་བ་དག་ཡིན།

 

དེ་ལྟ་བུའི་གཡོ་སྒྱུའི་རང་མདངས་དམར་རྗེན་དུ་ཐོན་པ་ལ་བརྟེན་ ༡༩༥༩ ཟླ ༣ ཚེས་ ༡༧ མཚན་མོར་ལོ་ངོ་སྟོང་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ལྡན་ཕོ་བྲང་ནས་ཞལ་གྱེས་ཏེ་བསྟན་སྲིད་མི་རིགས་དང་བཅས་པའི་བླ་སྲོག་སླར་གསོ་དང་། དྲང་བདེན་གྱི་གཏན་ཚིགས་འཛམ་གླིང་ཡོངས་ནས་ཤེས་རྟོགས་བརྟན་པོ་ཡོང་ཐབས་བཅས་ལ་དགོངས་བཞེས་ཀྱིས་རེ་ཞིག་མི་ཡུལ་དུ་ཆིབས་ཁ་བསྒྱུར་དགོས་བྱུང་། ྋགོང་ས་སྐྱབས་མགོན་ཆེན་པོ་སྟོན་འཁོར་གྱིས་གཙོས་རང་ཅག་བོད་མི་ཁྲི་ཚོ་དུ་མས་རང་ཡུལ་བཞག་སྟེ་གཞན་ཡུལ་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ནི་དུས་ནམ་ཡང་བརྗེད་ཐབས་བྲལ་བའི་རྟག་བརྟན་གྱི་རྡོ་རིང་ཞིག་ཏུ་ངེས།

 

དེ་ཡང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཡོངས་འཛིན་རྣམ་གཉིས། བཀའ་བློན་ཟུར་ཁང་བ་ངག་དབང་དགེ་ལེགས་སོགས་བཀའ་བློན་ཁག་ཅིག གཞན་ཡང་སྐུ་བཅར་གསོལ་གཟིམ་མཆོད་གསུམ་སོགས་སྐུ་འཁོར་དང་བཅས་སྐྱ་ཆས་མནབས་ཏེ་གསང་སྟབས་ཀྱིས་ཀྱག་ཀྱོག་དང་དཀའ་སྡུག་གི་འགག་ཕྲེང་དུ་མ་བརྒྱུད་དེ་ཕྱི་ཟླ ༤ ཚེས ༥ ཉིན་མོན་རྟ་དབང་དགོན་དུ་བདེ་འབྱོར་བྱུང་མཚམས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཆེད་མངགས་བཏང་བའི་ཕྱི་སྲིད་དྲུང་ཡིག་ཆེན་མོ་བྷིའི་ཨན་མེནོན་མཆོག་གིས་སྲིད་བློན་ནེཧ་རུ་ནས་ྋགོང་ས་མཆོག་སྟོན་འཁོར་རྒྱ་གར་དུ་བདེ་འབྱོར་བྱུང་བར་འཚམས་འདྲི་དང་འབྲེལ་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་རྒྱུའི་མཐུན་རྐྱེན་དགའ་དད་སྤྲོ་གསུམ་གྱིས་འབུལ་ལམ་ཞུ་རྒྱུའི་གསུང་འཕྲིན་འབུལ་ལམ་ཞུས།

 

དེ་ནས་འབུམ་སྡེ་ལ་དང་ཏིཛ་པུར་བཅས་སུ་ཉིན་ཤས་ཀྱི་མཛད་འཕྲིན་གྲུབ་མཚམས་མེ་འཁོར་བརྒྱུད་ཕྱི་ཟླ ༤ ཚེས ༢༠ ཉིན་མ་སུ་རིར་ཞབས་སོར་འཁོད། མ་སུ་རིར་ཞབས་སོར་འཁོད་ནས་ཉིན་བཞི་བར་སྲིད་བློན་ནེཧ་རུ་མཆོག་ྋགོང་ས་མཆོག་གི་བཞུགས་ཤག་ཏུ་ཆེད་ཕེབས་ཀྱིས་དབུ་ཁྲིད་རྣམ་གཉིས་ལྷོད་མཇལ་གནང་བའི་སྐབས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལ་རྒྱ་གཞུང་གིས་བཙན་འཛུལ་ཅི་བྱས་དང་། འབྱུང་འགྱུར་བོད་མིའི་ངོ་བོ་སྲུང་སྐྱོབས་ཡོང་ཐབས་དང་། བདེན་མཐའ་གསལ་ཐབས་བཅས་ཀྱི་དགོངས་བཞེས་རྣམས་ཞིབ་ལྷུག་གནང་བར་སྲིད་བློན་མཆོག་གིས་རོགས་འདེགས་ཞལ་བཞེས་གནང་། སྐབས་དེ་དུས་ལ་མཚོན་ན་ཡུལ་རྒྱུས་མེད་ཅིག་ཏུ་གསར་བར་བསླེབས་པའི་གནས་སྟངས་འོག་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་ཡིན་ཡང་། མགོན་པོ་གང་གི་རིང་ནས་ཐུགས་བསྐྱེད་གཡར་དམ་དུས་ལ་བབ་ཅིང་། མཁྱེན་དཔྱོད་ཀྱི་གཤོག་ཟུང་རྣམ་པར་རྒྱས་ཏེ་ཡངས་པའི་འཛམ་གླིང་ཟླུམ་པོ་འདིར་མཛད་འཕྲིན་གྱི་གྲགས་སྙན་འཕུར་མགོ་ཚུགས། བོད་གངས་ཅན་གྱི་སྣོད་བཅུད་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བའི་རྐྱེན་ངན་གྲོགས་སུ་ཤར་ཏེ་བོད་ཀྱི་བསྟན་སྲིད་རིག་གཞུང་མ་ལག་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱར་གསོ་བསྐྱར་འཛུགས་ཀྱི་ཉི་གཞོན་དངོས་སུ་བསུ་བའི་བསྐལ་བཟང་གི་དུས་རབས་གསར་བ་ཞིག་དང་གོ་སྐབས་གསར་བ་ཤར།

 

དེ་ཡང་བཙན་བྱོལ་དུ་འབྱོར་མ་ཐག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་མ་འོངས་མངོན་གཟིགས་ཀྱིས་དམངས་གཙོའི་ལམ་སྲོལ་གསར་གཏོད་གནང་ཐུབ་པ་བྱུང་བ་མ་ཟད། ཕྱི་ལོ་ ༡༩༦༠ དང་ ༡༩༦༡ ༡༩༦༥ བཅས་སུ་འཛམ་གླིང་རྒྱལ་སྤྱིའི་ཚོགས་ཐོག་བོད་དོན་དང་འབྲེལ་བའི་གྲོས་ཆོད་རིམ་པར་བཞག

 

ལྷག་དོན་བོད་མིའི་གཞིས་སྒར་ཆེ་ཁག་དག་ཏུ་བོད་ཀྱི་ཐུན་མིན་ཆོས་རིག་བསྟི་གནས་མང་པོ་བསྐྱར་གསོ། གཞི་རིམ་གཏན་ཉིན་སློབ་གྲྭ་གང་མང་གསར་འཛུགས། ཤར་ནུབ་རྒྱལ་ཁབ་ཕལ་མོ་ཆེ་ལའང་ཆོས་དང་རིག་གནས་ཀྱི་རྟེན་གཞི་དང་ཚོགས་པ་གང་མང་གསར་འཛུགས་གནང་པའི་དུས་མཚུངས་སུ་མགོན་པོ་གང་གི་བླ་ན་མེད་པའི་ཐུགས་བསྐྱེད་ཀྱིས་རང་གཞུང་ཆོས་དོན་ལྷན་ཁང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་སློབ་གཉེར་ཁང་འཛུགས་གནང་དགོས་རྒྱུ་དང་དེའི་ལས་འགན་ཆོས་དོན་ལྷན་ཁང་ནས་ལེན་དགོས་པའི་བཀའ་དགོངས་ལམ་སྟོན་བཞིན།

 

རང་གཞུང་ཆོས་དོན་ལྷན་ཁང་ནས་སྟ་གོན་གྱི་ཐུགས་འགན་མཐའ་དག་རྐང་བཞེས་གནང་སྟེ། ཕྱི་ལོ ༡༩༦༠ ལོར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་ཀ་སྦུག་ནས་ངྷ་སར་བཀའ་འགུགས་ཀྱིས་རྩིས་དགེར་བསྐོ་བཞག་གནང་བ་དང། བྲག་གཡབ་པ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་། འབྲས་བློ་གླིང་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་སོགས་རྩིས་སློབ་ཏུ་ཆེད་བཅུག་གནང་སྟེ། གྷི་ལེན་མོར་ཞེས་པའི་དབྱིན་ཇིའི་སྐབས་ཀྱི་ཁང་རྙིང་ཞིག་ཡོད་པའི་ནང་སྐར་དཔྱད་རྩིས་རིག་གི་འཆད་ཉན་མགོ་འཛུགས་ཀྱིས་རྩིས་རིག་བསྟན་པའི་མེ་རོ་སླར་གསོ་གནང་།

 

དེ་བཞིན་དུ་ ༼ བཀའ་ཤག་ངེས་མེད་ཡིག་ཆ་ཉར་ཚགས་ཁང་དུ་ཡོད་པའི་སྨན་རྩིས་ཁང་དང་འབྲེལ་བའི་ཡིག་ཆ་ཁག་ཁ་ཤས་སུ་སྨན་སྦྱིན་ཁང་ ༡༩༦༡  ཟླ ༩ ཚེས ༡༡ གསར་འཛུགས་གནང་བར་འཁོད་འདུག དེ་ཡང་ཡིག་ཆ་ཨང་༨༤ ནང་གི་ཤོག་གྲངས་ ༡༣༣ ནང་ངྷརྨ་ཤཱ་ལཱའི་བོད་ཀྱི་སྨན་ཁང་དེ་་ཕྱི་ལོ་༡༩༦༡ ཟླ ༩ ཚེས ༡༡  ཉིན་མགོ་འཛུགས་བྱས་པ་རེད། ཅེས་འཁོད།༽

ཕྱི་ལོ་ ༡༩༦༠་ལོར་སྨན་པ་ཡེ་ཤེས་དོན་ལྡན་ལགས་བྷག་ས་ཆོས་སྒར་དུ་བཞུགས་སྐབས་རང་གཞུང་ཆོས་དོན་ལྷན་ཁང་ནས་ཌལ་ཧོར་དུ་ཆེད་རྫོང་ཞུས་པའི་ཟླ་ཤས་རྗེས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཌལ་ཧོར་དུ་བོད་མི་སྐྱབས་བཅོལ་བའི་འཚོ་བའི་གནས་སྟངས་ལ་གཟིགས་ཞིབ་ཆེད་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང༌། ཁུལ་དེར་གནས་འཁོད་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གཙོས་བོད་མི་སེར་སྐྱ་མང་ཚོགས་ལ་བཀའ་སློབ་དང་མཇལ་ཁ་གནང་སྐབས། དེ་སྔོན་ལྷ་ས་སྨན་རྩིས་ཁང་ནས་ཐོན་པ་གོང་དཀར་བཤད་སྒྲུབ་གླིང་གི་སྨན་པ་ཡེ་ཤེས་དོན་ལྡན་ལགས་མགོན་པོ་གང་ལ་ཞལ་མཇལ་གྱི་སྐལ་བཟང་ཐོབ་པ་མ་ཟད་ཡོངས་འཛིན་རྣམ་གཉིས་ལ་གསོལ་སྨན་སྦྱོར་བཟོའི་ཞབས་ཞུ་དང་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པས་ཕྱག་བཏབ་པའི་ལྷ་ལྡན་སྨན་རྩིས་ཁང་གི་ངོ་ཚབ་ལྟ་བུ་ཞིག་གསར་འཛུགས་དགོས་པའི་བཀའ་བསྩལ་དང་འབྲེལ་ངྷ་སར་བཀའ་འགུག་གིས་བོད་གཞུང་སྨན་རྩིས་ཁང་གི་རྨང་རྩ་གསར་འཛུགས་གནང་ཞིང་། དེ་ཡང་ཆོས་དོན་ལྷན་ཁང་གི་སྟངས་འཛིན་འོག་སྨན་པ་ཡེ་ཤེས་དོན་ལྡན་མཆོག་སྨན་དགེ་ཆེན་མོ་དང་། ནད་པར་བརྟག་དཔྱད་དང་སྨན་སྦྱིན། སྨན་སྦྱིན་ཁང་གི་འགན་འཛིན་བཅས་ཀྱི་ལས་དོན་ཡོད་ཚད་ཀྱི་འགན་འཁུར་བར་བསྐོ་བཞག་དང་། རྣམ་གྲྭ་བྱམས་པ་བསོད་ནམས་སམ་ལྷ་དབང་དང་། བཀྲ་ཤིས་རྒྱལ་མཚན། ཡེ་ཤེས་བསོད་ནམས་སོགས་དགེ་འདུན་པ་བརྒྱད་སྨན་སློབ་ཏུ་ཆེད་བཅུག་གིས་ཅོབ་རཱ་ཧའོ་སི་ཞེས་དེ་སྔོན་དབྱིན་ཇིའི་སྐབས་བཟོས་པའི་ཤིང་ཁང་རྙིང་པ་འགའ་ཤས་རྒྱ་གར་གཞུང་གིས་གནང་སོན་བྱུང་བའི་ནང་གསོ་བ་རིག་པའི་འཆད་ཉན་མགོ་འཛུགས་ཀྱིས་གསོ་རིག་བསྟན་པའི་མེ་རོ་སླར་གསོ་མཛད།

 

ཆུ་སྤྲིན་ནག་པོས་ཟླ་འོད་སྒྲིབ་གྱུར་ཀྱང་།།

ལྷ་ལྡན་གྲུ་འཛིན་ནོར་བུའི་ཕོ་བྲང་ནས།།

འཕགས་པའི་ཡུལ་ལ་གསེར་ཞལ་ཟླ་བའི་འཛུམ།།

ལྷུག་པོར་བཞད་དེ་ལྔ་རིག་ཀུ་མུད་མཆེད།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།