སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྣམས་བདུད་རྩིར་བསྒྱུར་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.07.2014
ཆེད་རྩོམ། >>


༄༅། །བོད་ཀྱི་གསོ་བ་རིག་པའི་སྦྱོར་བ་སྨན་གྱི་རྣམ་བཞག་ལས་སྨན་རྣམས་བདུད་རྩིར་བསྒྱུར་ཐབས་ཅུང་ཟད་བཤད་པ།

རག་རྡོ་བློ་བཟང་བསྟན་འཛིན།

 

ནམོ་གུརུ་པདྨཱ་ཀཱར་བཛྲཱམྲྀཏ་མཧཱ་སུཁཱཡ།

 

ཀུན་རྟོག་གཞི་བཅས་བདུད་ཚོགས་བདེ་ཆེན་རྩིས།།

དབྱིངས་སུ་བཅོམ་པས་ཉོན་མོངས་ནད་ཀྱི་བདུད།།

གཞི་ལམ་འབྲས་བུའི་རྩི་ཡིས་རྒྱས་འདེབས་པ།།

ཆེ་མཆོག་བླ་མ་ཧེ་རུ་ཀཿལ་འདུད།།

 

གླེང་གཞི།

            དེ་ལ་སྦྱོར་བ་སྨན་གྱི་རྣམ་བཞག་ནི་བོད་ཀྱི་གསོ་བ་རིག་པའི་བརྗོད་བྱ་སྤྱིའི་སུམ་ཆ་ཙམ་ཡིན་ལ། འགྲོ་བ་ནད་པ་རྣམས་ཀྱི་གནས་སྐབས་ནད་ཀྱི་ཟུག་གཟེར་འཇོམས་པ་དང་། དེ་ལ་བརྟེན་ནས་དུས་མིན་གྱི་འཆི་བ་ལས་སྐྱོབ་པས་ཚེ་རིང་དུ་གནས་ཤིང་། ཞར་བྱུང་དུ་ཆོས་དང་ནོར་དང་བདེ་བ་གང་འདོད་སྒྲུབ་ཐུབ་པས་གང་ཟག་སྒེར་ལ་བལྟོས་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པ་དང་། དེ་བཞིན་དུ་ནད་ཅན་ནད་ལས་གྲོལ་བ་དང་། ནད་ལས་སྲུང་བའི་ཐབས་རྣམས་ཚུལ་བཞིན་བསྟེན་པས་ནད་མི་འབྱུང་བའམ་ཉུང་དུ་འགྲོ་བ་སོགས་སྤྱི་ཚོགས་དང་། རྒྱལ་ཁབ་དང་། མི་རིགས་རྣམས་བདེ་ཐང་ཅན་གྱི་མི་རིགས་དང་ཚོགས་སྡེར་འགྱུར་བ་སོགས་གཞན་དོན་དང་། དེའི་བྱ་བ་སྒྲུབ་མཁན་སྨན་པ་རང་ལ་ཚེ་འདིར་དགོས་པའི་གཏམ་དང་སྙན་གྲགས། དབང་དང་ལོངས་སྤྱོད་སོགས་གནས་སྐབས་ཀྱི་དོན་དང་། ཀུན་སློང་ཁྱད་པར་ཅན་གྱི་ཟིན་པའི་སྒོ་ནས་གཞན་དོན་ལ་ཞུགས་པས་འཇིག་རྟེན་ཕྱི་མའི་བདེ་བ་ཐམས་ཅད་འབྱུང་བ་སོགས་རང་གཞན་གྱི་དོན་མ་ལུས་པ་སྒྲུབ་པར་བྱེད་པ་ནི་སྨན་ཡིན་པའི་ཕྱིར་སྦྱོར་བ་སྨན་གྱི་རྣམ་བཞག་ནི་བོད་ཀྱི་གསོ་བ་རིག་པའི་གཙོ་གནད་ཀྱི་བརྗོད་བྱ་ཡིན་སྟེ། བཤད་རྒྱུད་ལས། གནས་སྐབས་འབྲས་བུ་ཚེ་འདིར་སྐྱིད་པ་དང་། །དབང་དང་ལོངས་སྤྱོད་དགའ་བདེ་ལྡན་པར་འགྱུར། །དེ་དག་སྒྲུབ་པར་བྱེད་པ་སྨན་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་རོ།།

            དེ་ལྟ་བུའི་སྨན་ནམ་རྫས་དེ་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་རྣམས་ལས་ཤེས་དགོས་པའམ་འདུ་ཤེས་འཛིན་སྟངས་གསུམ་བཤད་དེ། ༡ དགོས་འདོད་མ་ལུས་པ་སྩོལ་བའི་ནོར་བུར་ཤེས་དགོས་པ་དང་། ༢ ནད་རྣམས་གསོ་བའི་བདུད་རྩིར་ཤེས་དགོས་པ་དང་། ༣ རིག་པ་འཛིན་པ་རྣམས་མཉེས་པར་བྱེད་པའམ་མཆོད་པའི་རྫས་སུ་ཤེས་པར་བྱེད་པ་བཅས་གསུམ་ཡིན་ཏེ་བཤད་རྒྱུད་དང་དཔྱད་འབུམ་ལས། གསུམ་པ་སྨན་རྣམས་ནོར་བུ་བདུད་རྩི་དང་། །མཆོད་རྫས་ཤེས་པར་བྱ་བ་གསུམ་ཡིན་ཏེ། །དགོས་འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ། །ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ། །ཕུད་ཀྱིས་རིག་འཛིན་མཆོད་པའི་རྫས་སུ་ཤེས། །ཞེས་གསུངས་པའི་ཕྱིར།

དང་པོ་ནོར་བུར་ཤེས་པ་བྱ་བ།

            དེས་ན་ནོར་བུ་དོན་དུ་གཉེར་པ་པོས་དང་པོ་ནས་ནོར་བུའི་བསྟན་བཅོས་དང་། ནོར་བུ་དཔྱད་པ་དང་དཔྱོད་ཅིང་འཚོལ་བ་ལ་མཁས་པ་བཙལ་ནས་དེ་ལས་ནོར་བུའི་མཚན་ཉིད་དང་། མཆོག་དམན། དངོས་དང་མཆིང་བུའི་ཁྱད་པར་སོགས་ལ་སྒྲོ་འདོགས་ཆོད་པར་བྱས་ནས་གདོད་ལུས་སྲོག་ཡལ་བར་འདོར་བའི་དཀའ་ཐུབ་ལའང་ཇི་མི་སྙམ་པར་ནོར་བུ་འཚོལ་བ་ལ་ཞུགས་པ་དང་། དེ་ལྟར་འབད་པ་ཆེན་པོས་བཙལ་ནས་བརྙེས་པའི་ནོར་བུ་རིན་པོ་ཆེ་དེ་མཆོད་པའི་བྱེ་བྲག་མཐའ་ཡས་པ་དང་བཅས་རྒྱལ་མཚན་གྱི་རྩེ་མོར་འཕྱར་ནས་དགོས་འདོད་ལེན་པ་བཞིན། སྨན་པས་རེ་བའི་མཁས་པའི་སྙན་གྲགས། ནོར་དང་ལོངས་སྤྱོད་སོགས་དང་། ནད་པའི་ཟུག་གཟེར་ཞི་བ་དང་། ནད་མེད་བདེ་བར་འཁོད་ཅིང་ཆོས་ནོར་འདོད་རྒུ་སྒྲུབ་པ་སོགས་རང་གཞན་གྱི་དོན་རྣམས་སྨན་ལ་བརྟེན་ནས་འགྲུབ་པའི་ཕྱིར་ན་ནོར་བུ་རིན་པོ་ཆེ་དང་རྣམ་པ་ཀུན་ཏུ་ཆོས་མཚུངས་པའི་ཕྱིར་རོ།།

            དེས་ན་ནོར་བུར་སྒྲོ་འདོགས་གཅོད་པ་བཞིན་སྨན་པ་མཁས་པ་ལ་བསྟེན་ནས་སྨན་རྫས་རྣམས་ཀྱི་མིང་དང་ཐ་སྙད། ངོ་བོ་ངོས་འཛིན། དབྱིབས་དང་ཁ་དོག རོ་དང་ནུས་པ་སོགས་ལ་ཐེ་ཚོམ་ཀྱི་དྲི་མ་ཙམ་ཡང་མེད་པར་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་དགོས་ཤིང་། དེ་ལྟར་མིན་པར་ནོར་བུ་དང་མཆིང་བུ་ནོར་ན་རང་གཞན་གྱི་དགོས་འདོད་འབྱུང་རྒྱུ་ལྟ་ཅི་གཏམ་ངན་གྱི་གྲགས་པས་ཁྱབ་ཅིང་སླུ་བ་བཞིན་ཡིན་ནོ།།

            དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་ལེན་འདོད་པ་ཞིག་དང་། དེ་ཉིད་བཙལ་ནས་བརྙེས་རྒྱུ་ཡོད་ན་དེ་འཚོལ་བ་ལ་མི་ཞུགས་པར་བྱ་བ་ཉི་ཚེ་བ་ཞིག་ལ་མགོ་འཁོར་ནས་བསྡད་ན་ནོར་བུའི་རང་བཞིན་མི་ཤེས་པ་དག་དང་ཁྱད་མེད་པ་ལྟར། གཞན་གྱི་སྡུག་བསྔལ་གྱི་རྒྱུ་ཞི་ཞིང་རང་ལ་དགོས་འདོད་སྩོལ་བའི་སྨན་དེ་འབད་པས་རྩོལ་སྒྲུབ་བྱེད་དགོས་པ་ལས་རང་གར་འབད་བརྩོན་མ་བྱས་པར་བསྡད་ན་མི་ཤེས་པ་གཞན་དང་ཁྱད་མེད་ཅིང་། རང་གཞན་གྱི་དོན་ཆེན་པོ་ལས་ཉམས་པའི་ཕྱིར་ན་དཀའ་ཚེགས་དང་རྒྱུ་གྲོན་ལ་མི་ལྟོས་པར་འཚོལ་སྒྲུབ་བྱེད་དགོས་པ་ཡིན། དེ་ལྟ་བུའི་འབད་པ་དུ་མས་བརྙེས་པའི་ནོར་བུ་དེ་ཉིད་གཅེས་པར་བཟུང་ནས་འབད་པ་ཆེན་པོས་སྲུང་བ་ལྟར། རབ་ཏུ་འབད་པས་ཐོབ་པའི་སྨན་རྣམས་སྣང་མེད་དུ་མི་འཇོག་པར་གཅེས་སྤྲས་ཆེན་པོས་རྡུལ་དང་མི་གཙང་བ། ཚ་གྲང་སྲོག་ཆགས་ཀྱི་འཇིགས་པ་ལས་འབད་བརྩོན་ཆེན་པོས་སྲུང་དགོས་པ་ལས་ནོར་བུ་རིན་པོ་ཆེ་ལག་ཏུ་སོན་ནས་སྟོར་བ་བཞིན་འགྱུར་བས་སྨན་རྣམས་ལ་གང་འཚམས་དང་། ཇི་དགོས་ཀྱི་ཡོ་བྱད་སྤྱད་དེ་ཉར་འཇོག་དང་བདག་གཅེས་ལེགས་པར་བྱེད་དགོས་པ་ཡིན།

            དེ་ནས་སྲིད་ན་དཀོན་པའི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་འཕྱར་ནས་དགོས་འདོད་ཞུ་བ་བཞིན། རྙེད་པར་དཀའ་བ་ཐོབ་ཅིང་ཆུད་ཟོས་སུ་མ་སོང་བའི་སྨན་རྣམས་ཕུན་སུམ་ཚོགས་ཤིང་འཕྲོད་པར་སྦྱར་བས་འགྲོ་བ་ནད་ཀྱི་སྡུག་བསྔལ་གྱིས་མནར་ཞིང་དེ་ལས་བྲལ་བའི་བདེ་བ་ལ་རེ་ཞིང་སྒུག་པ་རྣམས་ཀྱི་རེ་འདོད་ཡིད་བཞིན་དུ་བསྐོང་བའི་ཐབས་ལ་འབད་དགོས་པ་ཡིན་ནོ།།

གཉིས་པ་བདུད་རྩིར་ཤེས་པར་བྱ་བ།

            བདུད་རྩིར་ཤེས་པར་བྱ་བ་ནི་ལེགས་པར་སྦྱར་ཞིང་བྱིན་གྱིས་བརླབས་པ་ཡིན་ཏེ། དེའང་བདུད་རྩི་ནི་ཨམྲྀཏའི་དོན་ཡིན་ཅིང་། འཆི་བའམ་དེ་ཉིད་འདྲེན་པར་བྱེད་པའི་ནད་ནི་བདུད་ཡིན་ལ། དེ་ཉིད་འཇོམ་པར་བྱེད་པ་ནི་རྩིའམ་སྨན་ཡིན་པའི་ཕྱིར་ན་དེ་སྐད་ཅེས་བྱ་ལ། དེའང་བོད་ཀྱི་ཐ་སྙད་སྔ་མ་རྣམས་སུ་ཕན་པ་ལ་རྩི་ཞེས་སྦྱར་བ་ཤིན་ཏུ་མང་སྟེ། འབྲུམ་ཤུལ་ལ་ལྕི་བ་སེར་ཀ་མའི་ཐལ་བ་དང་སྦྱར་བ་ཕུར་ན་རྩི་ཞེས་པ་ལྟ་བུ་ཡིན། དེའང་སྨན་ཞེས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་ཏེ་ནད་ཀྱི་ཟུག་རྔུས་གདུང་བ་ཞི་བ་དང་། དེ་མེད་པའི་བདེ་བ་ལ་འཇོག་པར་ཕན་འདོགས་པའམ། དེར་འགོད་པ་པོའམ། ནད་དང་བྲལ་བའི་བདེ་བ་དེ་ཉིད་གང་ལས་འབྱུང་བའི་རྒྱུ་ཡིན་པས་དེ་སྐད་ཅེས་བྱ་བ་ཡིན་ཏེ་སྨན་པའི་ངེས་ཚིག་འཆད་པའི་སྐབས་སུ་བཤད་རྒྱུད་ལས། ངེས་ཚིག་ནད་གསོ་ལུས་ལ་ཕན་ཕྱིར་སྨན། །ཞེས་ནད་ཀྱི་སྡུག་བསྔལ་ཞི་ཞིང་འཇོམས་པ་བྱེད་པ་ལ་སྐབས་འདིར་བསྟན་གྱི་བདུད་རྩིར་གོ་དགོས་པ་ཡིན། དེའང་བཤད་རྒྱུད་ལས། དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན། སྐྱེས་ཚད་དང་མཐོང་ཚད་སྨན་དུ་བསྐོལ་རུང་ཡང་། དེ་ཉིད་ལུས་ལ་འཕྲོད་ཅིང་ནད་གཞི་འཇོམས་པ་ཞིག་དགོས་པའི་ཕྱིར་ན་དེའི་ཐབས་ཀྱི་རིམ་པ་དེར་སྦྱོར་བ་སྨན་ནམ། སྨན་ཀུན་བཅུད་དུ་སྒྲུབ་པའི་ལས་ཆོག་གམ། སྨན་གྱི་ཆོ་ག བྷཡཥཇཡཻཀལྤན། ཞེས་བྱ་ཞིང་། དེ་ལྟར་འཕྲོད་པར་སྦྱར་བའི་རྫས་དེའི་མཐུ་ནུས་རྣམས་སྔགས་དང་ཏིང་ངེ་འཛིན་གྱི་སྒོ་ནས་ལྷག་པར་བསྐྱེད་པའི་ཐབས་ལ་སྨན་སྒྲུབ་ཅེས་བྱ་བའི་ཕྱིར་སྨན་བྱིན་གྱིས་བརླབས་པའི་ཆོ་ག་རྣམས་ནི་སྦྱོར་བ་སྨན་གྱི་ཡ་གྱལ་ལས་གཞན་དུ་མ་ཡིན་ནོ།།

            དེས་ན་སྦྱར་རྒྱུའི་སྨན་རྣམས་སྐྱེ་སར་སྐྱེ་བ་དང་། དུས་སུ་བཏུ་བ་དང་། སོ་མ་རྙིང་བ་སོགས་ཀྱི་ཡོན་ཏན་དུ་མ་ལྡན་པ་དང་། དུག་འདོན་པ། གཡའ་ཕྱི་བ། གཡའ་ཁུ་འདོར་བ། བཙོ་བ་དང་། བཀྲུ་བ། གདུ་བ། བསྲེ་བ། བསྣུན་པ་སོགས་ཀྱི་ཆོ་ག་དུ་མ་དང་ལྡན་པ་དང་། དེའང་གནས་དང་རིགས་ཀྱི་ནད་གཞི་འཕྲལ་དུ་ཞི་བའི་ཁ་འཛིན་སོགས་མ་ཚང་བ་མེད་པ་ལྡན་པའི་ཕུན་སུམ་ཚོགས་པ་དང་། དེའང་ལུས་ཟུངས་དང་དབང་པོ་དོན་སྣོད་རྣམས་ལ་མི་གནོད་ཅིང་། དེ་དག་གི་ཉམས་སྟོབས་དང་ཡོན་ཏན་རྒྱས་པར་བྱེད་པ་སོགས་འཕྲོད་པར་སྦྱར་བའི་རྫས་ཞིག་ལ་ (Dravya) སྨན་ཞེས་བྱ་ཞིང་། དེ་འདྲ་སྦྱར་བའི་ཆོ་གའི་ལག་ལེན་མན་ངག་ལ་བྱང་བ་ལ་སྨན་པའམ་སྨན་སྦྱོར་བ་དང་། དེ་འདྲའི་ཐབས་སྟོན་པ་ལ་སྨན་གྱི་ཆོ་ག་ཞེས་བྱ་བ་ཡིན་ཏེ། ཕྱི་མ་རྒྱུད་ལས། སྐྱེ་སར་སྐྱེ་དང་དུས་སུ་བཏུ་བ་དང་། སྐམ་གསེད་ལེགས་དང་སོ་མ་རྙིང་པའོ། །ཞེས་དང་། བཤད་རྒྱུད་ལས། སྨན་ནི་ཆོ་ག་ཡོན་ཏན་དུ་མ་ལྡན། །ཕུན་སུམ་ཚོགས་ཤིང་འཕྲོད་པར་སྦྱར་བའོ། །ཞེས་གསུངས་པའི་ཕྱིར་རོ།།

སྨན་ལ་བྱིན་རླབས་བྱ་ཚུལ།

            དེ་ལྟར་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཆོ་ག་མ་འཁྲུལ་ཞིང་ཚང་བར་སྦྱར་བའི་ (GMP) སྨན་དེའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་སོགས་དགོས་པ་དུ་མའི་ཆེད་དུ་སྔགས་དང་ཏིང་འཛིན་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ཡིན།

སྨན་སྒྲུབ་ཀྱི་ཁུངས།

            དེ་ལྟ་བུའི་བདུད་རྩི་སྨན་གྱི་སྒྲུབ་ཐབས་ནི་ཟེར་སྲོལ་དང་རང་བཟོ་མ་ཡིན་པར། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་རྡོ་རྗེ་བདུད་རྩིའི་རྩ་བཤད་ཀྱི་རྒྱུད་དུ་མ་ཞིག་བཀའ་བསྩལ་བ་རྣམས་ཀྱི་དགོངས་པ་གྲུབ་ཆེན་ཨབྷཡ་སོགས་ཀྱིས་ལེགས་པར་བཀྲལ་ཏེ་རྡོ་རྗེ་བདུད་རྩི་ལྷ་སོ་ལྔ་པ་དང་། བདུད་རྩི་འཁྱིལ་བ་ལྷ་བཅུ་དགུ་བ་དང་། བཅུ་གསུམ་མ་སོགས་ཀྱི་སྒྲུབ་ཐབས་ལས་ཆོག་དང་བཅས་པ་མཛད་པ་རྣམས་རིམ་པར་བརྒྱུད་པ་བོད་ཡུལ་དུ་དར་རྒྱས་སུ་གྱུར། ལྷག་པར་གནམ་སའི་དབང་ཕྱུག་མི་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་ནས་བོད་ཡུལ་དུ་ཐུབ་བསྟན་ཡོངས་རྫོགས་དརརྒྱས་སུ་མཛད་པའི་སྐབས་སུའང་རྡོ་རྗེ་བདུད་རྩིའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བཏུས་པ་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ་བསྒྱུར་བ་ད་ལྟའང་རྒྱུད་འབུམ་དུ་བཞུགས། དེའི་སྒྲུབ་ཐབས་མན་ངག་རྣམས་ལས་ཅན་ཆོས་ཀྱི་རྒྱལ་པོ་སོགས་སྐལ་ལྡན་གྱི་གདུལ་བྱ་ཡང་རབ་རྣམས་སྨིན་གྲོལ་དུས་མཉམ་དུ་མཛད་ཅིང་སྩོལ། ལྷག་པར་གཉགས་ཛྙཱན་ཀུམཱརར་ཆོས་འདིའི་བཀའ་བབ། སྒྲུབ་ཐབས་ལས་ཆོག་དང་། དམ་རྫས་རྣམས་ཡར་ཀླུང་པད་མ་ཤེལ་ཕུག་ཏུ་སྦས་པ་ཕྱིས་གཏེར་སྟོན་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོས་གདན་དྲངས་པ་ཡང་གཏེར་གྱི་ཚུལ་དུ་པད་མ་འོད་གསལ་མདོ་སྔགས་གླིང་པར་སྔགས་སྲུང་མས་གདམས་པ་འདིའི་གཏེར་དཔེ་རྣམས་ཕུལ་ནས་གཏན་ལ་ཕབ་པ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ནས་བརྒྱུད་པ་སོགས་བཀའ་གཏེར་གྱི་རྒྱུད་པ་རྣམས་ནི་གཞུང་འདིའི་ཁུངས་ཡིན།

            གཞན་ཡང་ཨོ་རྒྱན་ཆེན་པོས་བསྟན་ཞབས་གཏེར་གྱིས་བསྐྱང་བའི་བཀའ་དྲིན་ལས་དུས་ཕྱིས་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རྣམས་ནས་རང་གི་ཆོས་སྐལ་བཞེས་ཏེ་སྣོད་ལྡན་གྱི་སློབ་མ་རྣམས་ལ་ཉེ་བརྒྱུད་དུ་སྤེལ་བ་རྣམས་ཀྱི་ལས་ཚོགས་སུ་བདུད་རྩི་སྨན་སྒྲུབ་ཀྱི་ལག་ལེན་རྒྱས་བསྡུས་སྣ་ཚོགས་ཡོད་པ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་འགའ་ཞིག་ད་ལྟའང་བཞུགས་ཡོད། གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དང་། ཕྱག་རྡོལ་འབྱུང་འདུལ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་དུ་མ་ཞིག་ལས་རང་རང་གི་ལས་ཚོགས་སུའང་བདུད་རྩི་སྨན་སྒྲུབ་ཀྱི་ཆོ་ག་དང་ལག་ལེན་རྒྱས་བསྡུས་སྣ་ཚོགས་པ་རང་གི་སྒྲུབ་ཐབས་ལས་ཚོགས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པ་དུ་མ་ན་ཡོད་ཅིང་། རྒྱུད་བཞི་ལས་རང་ཉིད་སྨན་བླའི་སྐུར་གསལ་ནས་བཟླས་པ་བྱས་ཏེ་སྨན་རྣམས་ལ་སྨན་བླ་དྲང་སྲོང་རྣམས་ཀྱི་ཤིས་བརྗོད་བྱ་ཚུལ་དངོས་སུ་བསྟན་པ་དང། བྱེ་བྲག་ཏུ་བཅུད་ལེན་གྱི་སྐབས་སུ་རང་ཡི་དམ་དུ་གསལ་བས་མདུན་གྱི་སྨན་རྣམས་རིགས་ལྔ་ཡབ་ཡུམ་དུ་གསལ་བ་ལ་་བཟླས་ནས་བྱིན་གྱིས་རླབས་པར་དངོས་སུ་བསྟན་པ་བཅས་ཤིན་ཏུ་ཁུངས་བཙུན་པ་ཡིན།

སྨན་སྒྲུབ་ཀྱི་ཆོ་གའི་ཆིང་།

            དེའང་སྔར་བཤད་པ་བཞིན་བདུད་རྩི་སྨན་སྒྲུབ་ཀྱི་ཆོ་ག་རྒྱས་བསྡུས་སྣ་ཚོགས་ཡོད་པས་གཅིག་ཁོ་ནར་མ་ངེས་ཀྱང་སྤྱིའི་འགྲོས་ཙམ་ནི། གནས་དུས་སྟོན་འཁོར་ཡོ་བྱད་དེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ཡིན།

རྡོར་སློབ།

            དེ་ལ་བདུད་རྩི་སྨན་སྒྲུབ་ཀྱི་ཆོ་ག་ཉམས་སུ་ལེན་པར། སྒྲུབ་པ་ལ་ཞུགས་པ་སྤྱི་དང་ཁྱད་པར་རྡོ་རྗེ་སློབ་དཔོན་ནི། ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱོང་ཞིང་། ལྷག་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་མ་མཐའང་གོ་བ་ཆགས་པ་ཞིག་གིས་རྡོ་རྗེ་སློབ་དཔོན་མཚན་ཉིད་ལྡན་པ་ལས་དཔལ་རྡོ་རྗེ་བདུད་རྩི་བཀའ་གཏེར་གང་རུང་ངམ། གང་གི་སྒོ་ནས་སྒྲུབ་པར་འདོད་པའི་ལྷག་པའི་ལྷ་དེ་ཉིད་ཀྱི་དབང་དང་གདམས་ངག་ལེགས་པར་ཐོབ་པ་དང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་སྲུང་ཞིང་ལྷག་པའི་ལྷ་དེའི་བསྙེན་གྲངས་ཐིམ་ཞིང་ལས་ཀྱི་བྱ་བར་འཇུག་རུང་དུ་བྱས་པ་དང་། སྨན་སྒྲུབ་ཀྱི་ལག་ལེན་མན་ངག་རྣམས་བརྒྱུད་ལྡན་སློབ་དཔོན་ལས་ལག་ཁྲིད་ལེགས་པར་ཐོབ་པ་སོགས་ལས་ཀྱི་ཆོ་ག་ལ་མཁས་པ་ཞིག་དགོས་པ་ལས་གང་བྱུང་བྱུང་ཞིག་གིས་གཏན་མི་ཆོག་པ་ཡིན།

སྒྲུབ་པའི་སྔོན་འགྲོ།

དེ་ལ་བདུད་རྩི་སྨན་སྒྲུབ་ཀྱི་ལས་ལ་འཇུག་པར་ཐོག་མར་སྔོན་འགྲོའི་རིམ་པ་དུ་མ་ཞིག་ཡོད།

དང་པོ་ས་ཆོག

            ༡ སྨན་སྒྲུབ་གང་དུ་བྱ་བའི་གནས་ཀྱི་ས་གཞི་ཆོ་གས་དག་པར་བྱ་དགོས་པས། དེ་ལ་ས་ཞི་བརྟག་པ་ནི་སྒྲུབ་གནས་རྙིང་པ་སོགས་ལ་ལོགས་སུ་མི་དགོས་ཀྱང་གསར་བའི་རིགས་ལ་ས་གཞི་བརྟག་པ་རྒྱུད་ཀྱི་དགོངས་པ་བཞིན་བྱས་ཏེ་ས་གཞི་མི་རུང་ན་གནས་གཞན་དུ་བྱ། ༢ དེ་ལྟར་རུང་བའི་ས་དེ་མཐོང་བ་ཡུལ་མི་ལས་སློང་བ་དང་། མི་སྣང་བ་སའི་ལྷ་མོ་སོགས་ལྷ་ཀླུ་རྣམས་ལས་སློང་བ་དང་། ༣ སྦྱངས་ཤིང་དབང་བའི་ཆོ་ག་དང་བགེགས་ལ་གཏོར་མ་སྦྱིན་ཞིང་སྲུང་འཁོར་སྒོམ་པ་སོགས་སྤྱི་འགྲོས་ལྟར་བྱ།

གཉིས་པ་མཚམས་གཅོད་པ།

            ༡ མཚམས་གཅོད་པ་ལ་ཕྱི་མཚམས་རྒྱལ་ཆེན་བཞི་ལ་གཏད་པ་དང་། ༢ བར་མཚམས་བགེགས་ལ་ཕུར་བུ་གདབ་ཅིང་མནན་པ་དང་། ༣ ནང་མཚམས་སྒོ་བྱང་གདག་པ་དང་། ༤ གསང་མཚམས་ཁྲོ་བཅུའི་ཕུར་པ་སྒྲུབ་ཅིང་བགེགས་ལ་གདབ་པ་དང་། ༥ གསང་བ་སྣོད་བཅུད་བྱིན་གྱིས་བརླབས་པ་རྣམས་བྱ།།

གསུམ་པ་ལྷག་གནས། (སྟ་གོན།)

            ལྷག་གནས་ལ་ལྷ་དང་བུམ་པ་སློབ་མ་ལྷག་གནས་བཅས་གསུམ་ལས་ཕྱི་མ་གཉིས་དབང་བསྐུར་དང་འབྲེལ་ན་བྱ་ཞིང་སྒྲུབ་པ་ཙམ་ལ་མི་དགོས། དང་པོ་ནི། བདག་བསྐྱེད་བཟླས་པ་དང་བཅས་པའི་རྗེས་ལ་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་སྤྱན་དྲངས་ནས་མཆོད་བསྟོད་བརྟན་བཞུགས་བཅས་ལྷག་གནས་བྱ། སྒྲུབ་ཆེན་དང་འབྲེལ་ན་སྔོན་འགྲོ་འདི་དག་སྒྲུབ་ཆེན་གྱི་སྔོན་འགྲོས་འཐུས་ཤིང་། སྨན་སྒྲུབ་བསྡུས་པ་ཙམ་ལ་ནི་དེ་དག་མི་དགོས་སོ།།

སྨན་སྒྲུབ་དངོས་གཞི།

          གཅིག སྦྱོར་བ་ཉེར་བལྡོག ༡ སྒྲུབ་བྱའི་ཡོ་བྱད་སྟ་གོན་བྱ་བ་ལ། སྒྲུབ་གནས་ཡངས་ཤིང་སྤྱོད་བདེ་བ་ཞིག་ཏུ་ཁྲོལ་སྒྲུབ་ཀྱི་དཀྱིལ་འཁོར་པད་མ་འདབ་བཞི་དབུས་མཐིང་ཕྱོགས་མདོག་བྱས་པ་རྡུལ་ཚོན་གྱིས་བཞེངས་པའམ་རས་བྲིས་སྨན་གྱི་འབོར་དང་བསྟུན་པའི་རྒྱ་ཁྱོན་ཅན་སྟེག་ཡངས་པའི་ཁར་བཀྲམ། སྨན་སྣོད་ཚད་ལྡན་ལྔའི་ནང་དུ་གཏེར་བྱོན་གོང་མའི་ཕབ་རྒྱུན་སེལ་མེད་ཅུང་ཟད་དང་བཅས་པའི་སྒྲུབ་རྒྱུའི་སྨན་རྣམས་བླུགས། དེའང་ཁྲོལ་སྒྲུབ་བྱེད་ན་དབུས་ཀྱི་སྣོད་དུ་ཨ་རུ་དང་བཟང་དྲུག་སོགས་སྤྱི་སྨན་དང་། ཤར་གྱི་སྣོད་དུ་རྩ་བ་ལྔ་སོགས་བསིལ་དྲོད་སྙོམས་པའི་སྨན་དང་། ལྷོར་ཚ་བ་གསུམ་སོགས་དྲོད་སྨན་དང་། ནུབ་ཏུ་སྦྲང་རྩི་ཆང་དང་ཤ་རིགས་དང་། བྱང་དུ་ཅུ་གང་དང་ག་པུར་སོགས་བསིལ་སྨན་གྱི་རིགས་རྣམས་ལག་ལེན་བཞིན་འདུ་བྱ། ཁྲོལ་སྒྲུབ་མི་བྱེད་ན་ཐང་ཕྱེ་རིལ་བུ་སོགས་སྡེ་ཚན་བྱས་ཏེ་སྣོད་སོ་སོར་མ་འདྲེས་པར་འཇོག་ལ་ཤར་སོགས་སོ་སོར་མཚན་མ་བཀོད་དེ་རེ་ཞིག་དཀྱིལ་འཁོར་གྱི་མདུན་དུ་སྟན་གཞན་གྱི་ཁར་བསྒྲིགས། གཞན་ཡང་སྐུ་གསུམ་ཐུགས་རྟེན། རྡོ་དྲིལ་གཏོར་མ་མཆོད་རྫས། ལྡེ་གུའི་སྐབས་སུ་མཁོ་བའི་ཆུ་ཆང་སོགས་ཉེར་མཁོ་རྣམས་ཚང་བར་འདུ་བྱས། སྒྲུབ་པ་པོ་རྣམས་གདན་ལ་འཁོད་དེ་ཡི་དམ་གྱི་བདག་བསྐྱེད་བཟླས་པའི་བར་སྔོན་དུ་འགྲོ་བས་སྔར་ནས་ལོགས་སུ་སྒྲུབ་པའི་བདུག་པས་སྨན་དང་ཡོ་བྱད་རྣམས་ལ་བདུག་ཅིང་ཡུངས་ཐུན་གྱིས་བྲབ་པ་སོགས་སྔགས་དང་ཏིང་ངེ་འཛིན་གྱིས་བགེགས་སྐྲད་ཅིང་སྲུང་འཁོར་སྒོམ། སྒྲུབ་མཆོད་དང་འབྲེལ་ན་བུམ་སྒྲུབ་ལོགས་སུ་མི་དགོས་ཀྱང་དེ་མིན་བུམ་ཆུ་ལོགས་སུ་སྒྲུབ་པས་སྨན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་ཁྲུས་བྱས་ཏེ་སྨན་གྱི་གདོན་བགེགས་མི་མཐུན་པའི་ཚོགས་དང་། མི་གཙང་བའི་གྲིབ་དང་དྲི་མ་སོགས་དག་པར་བྱ། སྤོས་རོལ་ཛབ་དབྱངས་དང་བཅས་དཔོན་སློབ་རྣམས་ཀྱིས་སྨན་སྣོད་རྣམས་དར་གྱི་འོད་ལེས་བཏེགས་ཤིང་སེར་སྦྲེང་གིས་དཀྱིལ་འཁོར་ལ་སྐོར་བ་གསུམ་བྱས་ཏེ་དཀྱིལ་འཁོར་གྱི་དབུས་སོགས་གནས་སོ་སོར་མ་ནོར་བར་བཀོད། དེ་ནས་ཡི་དམ་གྱི་རྣལ་འབྱོར་ལ་གནས་པས་ཁྲི་གོང་མར་སྐུ་གསུང་ཐུགས་རྟེན་དང་། རྒྱབ་ངོས་སུ་གཏོར་ཆེན། དཀྱིལ་འཁོར་གྱི་རྡོ་རའི་སྟེང་ཁྲོ་ཕུར། མཐའ་སྐོར་དུ་མཆོད་ཡོན་སོགས་ཉེར་སྤྱོད། ཕྱོགས་བཞིར་རལ་གྲི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཙུགས་ཤིང་ཚོན་སྐུད་ཀྱི་དྲ་བས་སྦྲེལ། ཟུར་དང་ལོགས་སུ་རྒྱལ་མཚན་དང་ལྡ་ལྡི། བར་མཚམས་སུ་དར་དང་མེ་ཏོག་གི་དྲ་བ་དྲ་ཕྱེད་སོགས་ཕྱག་ལེན་བཞིན་གོ་རིམ་མ་འཁྲུགས་པ་མཛེས་ཤིང་བརྗིད་ཆགས་པ་དང་། སྟེང་དུ་དར་གྱིས་གདུགས་ཕུབས། གཤམ་དུ་སྟག་གཟིགས་ཀྱི་ལྤགས་པའི་སྒབ་དཀྲིས་ཀྱིས་སྐོར། གཞན་ཡང་སྒྲུབ་པ་ལ་ཉེ་བར་མཁོ་བའི་རྫས་དང་ཡོ་བྱད་རྣམས་འདུ་བྱས་ལ་གོ་རིམ་མ་འཆོར་བར་བཀོད།

            ༢ དེ་ནས་མངའ་གསོལ་བ་ལ། ཚོགས་སྒྲུབ་ལ་འཇུག་རུང་གི་སྒྲུབ་པ་པོ་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་སོགས་དང་། དབང་ཐོབ་ཅིང་དམ་སྡོམ་རྣམ་པར་དག་ཅིང་ལས་ཀྱི་ཆོ་ག་ལ་བྱང་བ་སྨན་སྒྲུབ་མཐའ་འཁྱོལ་ངེས་ཀྱི་ལོངས་ཁོམས་ཡོད་པ་རྣམས་རྒྱལ་ཐེབས་པ་དང་། རྡོ་རྗེ་གཟུང་མ་དང་། རྡོ་རྗེ་མཚམས་པ་དང་། རྡོ་རྗེ་སྤྱན་པ་དང་། ཕྱི་ནང་གི་ཕྱག་ཚང་ཆེན་པོ་དང་། རྡོ་རྗེ་བརྒྱན་མ་དང་། གསེར་ཕྲེང་མཆོད་མ། རྡུལ་ཕྱག་པ་སོགས་སུ་སོ་སོར་མངའ་གསོལ་ཞིང་སོ་སོའི་རང་གྲལ་དུ་འཁོད། གཅིག་སྒྲུབ་ལ་དེ་དག་མ་བྱས་ཀྱང་ཆོག

            ༣ བར་ཆད་བསལ་ཞིང་བྱིན་དབབ་པ་ལ། སློབ་དཔོན་དང་རྒྱལ་ཐེབ་པ་སོགས་དཀྱིལ་འཁོར་གྱི་ཤར་དུ་འཁོད། སྒྲུབ་གྲོགས་གཞན་རྣམས་རང་གྲལ་དུ་བཞེངས་ནས་རྡོ་རྗེ་ཧུྃ་མཛད་ཀྱི་ང་རྒྱལ་དང་ལྡན་པས་སློབ་དཔོན་གྱིས་ཕུར་བུ་བསྒྲིལ་ཏེ་དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་པས་བགེགས་སྐྲད། ཡུམ་མ་མ་ཀཱིའི་ང་རྒྱལ་གྱིས་མ་དྰ་ན་འཐོར་བ་དང་བཅས་ལྷ་སྨན་དྲང་སྲོང་རྣམས་སྤྱན་དྲངས་ཤིང་དཀྱིལ་འཁོར་ལ་བསྟིམ།

གཉིས་པ། དངོས་གཞི་བདུད་རྩི་སྒྲུབ་པ། དེ་ལྟར་སྔོན་འགྲོའི་རིམ་པ་རྣམས་ཉིན་དང་པོར་གྲུབ་ནས་བདུད་རྩི་དངོས་གཞི་སྒྲུབ་པ་ལ་བསྙེན་པ་དང་། ཉེར་སྒྲུབ། སྒྲུབ་པ་དང་། གྲུབ་ཆེན་བཞི་ལས།།

༡ བསྙེན་པ་ཁྲོལ་བུར་སྒྲུབ་པ།

            བདུད་རྩི་འཁྱིལ་བ་ལྟ་བུ་ལྷག་པའི་ལྷ་གང་རུང་གི་བརྒྱུད་འདེབས་བདག་བསྐྱེད་བཟླས་པ་བཅས་སྒྲུབ་གཞུང་ལྟར་ཆད་ལྷག་མེད་པ་གྲུབ་རྗེས་དབང་དང་འབྲེལ་ན་བུམ་པ་གཞུང་བཞིན་སྒྲུབ། དེ་ནས་བྱིན་འབེབས་བྱས་ལ་མདུན་གྱི་སྨན་གྱི་དཀྱིལ་འཁོར་བུམ་ཆུ་དང་ལས་སྔགས་ཀྱིས་བསང་། སྟོང་ཉིད་ཀྱི་ལྟ་བས་སྦྱངས་ནས་སྨན་དང་དེ་དག་འགོད་སའི་དཀྱིལ་འཁོར་རྣམས་བདུད་རྩི་འཁྱིལ་བ་གཙོ་འཁོར་སོགས་ལྷག་པའི་[ལྷ་]གང་གིས་སྒྲུབ་པ་དེའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་ཅིང་གསལ་བཏབས། ཡེ་ཤེས་པ་སྤྱན་དྲངས་ཤིང་དབྱེར་མེད་དུ་བསྟིམ་ལ་དབང་བསྐུར་རྒྱས་གདབ། མཆོད་བསྟོད་རྒྱས་བསྡུས་ལོངས་སྐབས་དང་བསྟུན་པར་གཞུང་བཞིན་བྱ། དེ་ནས་སྨན་གྱི་ཕོ་བྲང་སྟེ་དབུས་ཀྱི་སྣོད་ལ་གཟུངས་ཐག་བཏགས་པ་རྡོར་སློབ་ཀྱིས་མཐེབ་སྲིན་གྱིས་བཟུང་ནས་བདག་མདུན་གཉིས་ཀའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་སྔགས་འཁོར་ལ་དམིགས་ནས་བདེ་སྟོང་གིས་ཟིན་པའི་བཟླས་དམིགས་གསལ་བཏབ་ནས་གཙོ་འཁོར་རྣམས་ཀྱི་བཟླས་པ་ཅི་ནུས་དང་། སྨན་གྱི་དངོས་སྒྲུབ་བསྡུ་བའི་སྔགས་ཀྱང་དབྱངས་ཀྱི་རྟ་ལ་སྐྱོན་ནས་གྱེར་བ་དང་། ཐུན་པ་རྣམས་ཀྱི་སྔགས་ཀྱི་རྒྱུན་འཐུད་དེ་སྒྲུབ་པ་མ་གྲོལ་བར་ཉིན་མཚན་བར་མ་ཆད་དུ་བྱའོ། །ཐུན་རེའི་མཐར་ཚོགས་འཁོར་རེ་འབུལ་ཐུབ་ན་ལེགས་པས་འབུལ། དེ་ནས་བགེགས་ལ་ཕུར་གདབ་དང་ཐུན་བྲབ་ཅིང་བྱིན་དབབ་པའི་མཐར་ཛབ་དབྱངས་ལན་གསུམ་བྱས་ནས་ཐུན་དང་པོ་གྲུབ།

            ཐུན་གཉིས་པར་མཆོད་པ་ཞལ་གསོས་ཏེ་བྱིན་གྱིས་བརླབས་ཏེ་བདག་བསྐྱེད་མི་དགོས་པར་མདུན་བསྐྱེད་དང་། བཟླས་དམིགས་ཚོགས་མཆོད། བགེགས་སྐྲད་བྱིན་འབེབས་སོགས་སྔར་བཞིན་བྱ།

            ཐུན་གསུམ་པ་ལ་གཞན་རྣམས་ཐུན་གཉིས་པ་བཞིན་ལ་བཟླས་པའི་མཇུག་ཏུ་བཀའ་གཏེར་སྲུང་མའི་གཏོར་མ་སྤྱི་བྱེ་བྲག་རྣམས་གྲུབ་ནས་ཚོགས་འཁོར་བསྐོར་ཞིང་ཚོགས་ལྷག་བཙོན་བཟུང་དང་ཆད་མདོ་དང་། བརྟན་མ་བསྐྱོང་བ་སོགས་བྱས་ཏེ་ཤིས་བརྗོད་དང་སྨོན་ལམ་བྱ། བདག་མདུན་གཉིས་ཀར་དམིགས་ཏེ་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་བརྟན་བཞུགས། བདག་སྐྱེད་བསྡུ་ལྡང་བྱ། དེ་ལྟར་ཉིན་ཐུན་གསུམ་སོང་ནས་སྲོད་ལྟ་བུར་མཚན་ཐུན་དང་པོར་བདག་བསྐྱེད་བཟླས་པ་དང་བཅས་པ་ཟིན་ནས་མདུན་བསྐྱེད་སྒྲུབ་པ་དང་བཟླས་པ་བྱ་བ་སོགས་ཉིན་ཐུན་དང་པོ་ལྟར་དང་། མཚན་ཐུན་གྱི་གུང་ཐུན་དང་ཐོར་ཐུན་གཉིས་པོ་ཉིན་ཐུན་ཐ་མ་གཉིས་ལྟར་བྱའོ།།

༢ ཉེར་སྒྲུབ་ཕྱེ་མ་སྒྲུབ་པ།

            དེ་ལྟར་ཁྲོལ་སྒྲུབ་ཞག་གསུམ་གྲུབ་པ་ཉིན་བཞི་པའི་སྔ་དྲོར་ལྟ་བུར་ཉིན་ཐུན་སྔ་མ་ལྟར་བདག་བསྐྱེད་བཟླས་པ་ནས་མདུན་བསྐྱེད་ཀྱི་ཚོགས་མཆོད་ཕུར་གདབ་བྱིན་འབེབས་ཀྱི་བར་སྔར་བཞིན་བྱས་ཏེ་མདུན་སྐྱེད་རྣམས་འོད་ཞུ་བྱས་ཤིང་སྨན་དང་དབྱེར་མེད་དུ་གྱུར་པས་དངོས་གྲུབ་འབྱུང་བའི་ནོར་བུར་བསམ་ལ་གཟུངས་ཐག་བསྡུ། སྒྲུབ་པ་པོ་རྣམས་བདུད་རྩི་ཐོགས་ནས་དཀྱིལ་འཁོར་ལ་ཕྱོགས་པར་སྐོར་ཏེ་དབྱངས་དང་ཆེད་བརྗོད་དང་བཅས་དཀྱིལ་འཁོར་བའི་ལྷ་ལ་བདུད་རྩིས་མཆོད།

            དེ་ནས་དཀྱིལ་འཁོར་གྱི་མདུན་དུ་སྨན་སྣོད་རྣམས་བཞུགས་སའི་སྟེགས་བུ་ཡངས་པ་དང་། སྨན་གཏུན་སོགས་ཉེར་མཁོ་རྣམས་ཕྱག་ལེན་བཞིན་འདུ་བྱས་ལ། སློབ་དཔོན་དང་གཟུངས་མར་མངའ་གསོལ་བ་རྣམས་ཆས་སུ་ཞུགས་ཏེ་བདུག་པས་བདུགས་ཤིང་ཛབ་དབྱངས་དང་བཅས་གཟུང་མས་དར་གྱི་ཁྱོག་གིས་སྨན་སྣོད་རྣམས་སྤྱན་དྲངས་ནས་དཀྱིལ་འཁོར་ལ་སྐོར་བ་དང་བཅས་སློབ་དཔོན་གྱི་ཕྱག་ཏུ་བཞག་ལ། དེས་ལྷའི་ང་རྒྱལ་དང་ལྡན་པས་ཚོན་སྐུད་རྣམས་བཀྲོལ། དར་ཁེབ་བསལ་ཏེ་མདུན་གྱི་སྟེགས་ཀྱི་ཁར་བཞུགས་སུ་གསོལ། ས་ཕྱོགས་གཙང་ཞིང་གོ་ཡུལ་ཡངས་པར་སློབ་དཔོན་ཞལ་དཀྱིལ་འཁོར་ལ་ཕྱོགས་པར་བཞུགས། གདན་གཙང་མའི་ཁར་སྨན་གཏུན་བཀོད། གཟུང་མ་སློབ་དཔོན་ལ་ཞལ་ཕྱོགས་ཏེ་གཉིས་ཀའི་ཞབས་གཉིས་རྡོ་གཞོང་གི་འགྲམ་གཡས་གཡོན་དུ་བརྐྱང་ཞིང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་། བཟུང་མ་མ་མཱ་ཀཱིའི་ང་རྒྱལ་དང་ལྡན་པས་དཔོན་སློབ་རྣམས་བདུད་རྩི་འཁྱིལ་བའི་ཛབ་དབྱངས་འཐེན་བཞིན་ཁྲོལ་གྲུབ་བྱས་པའི་སྨན་རྣམས་རྡུང་། ཡུམ་གྱིས་དར་ཚགས་བཟེད་དེ་སློབ་དཔོན་གྱིས་སྨན་ཕྱེ་བླུག་ལ་སྔགས་དམིགས་དང་བཅས་ཚགས་ལས་དྲངས་པའི་ཕྱེ་མ་རྣམས་སྔར་བཞིན་ཚད་ལྡན་གྱི་སྣོད་སོ་སོར་བླུག དར་ཕྱོགས་མདོགས་ཀྱིས་བཀབ་ཏེ་ཚོན་སྐུད་ཀྱིས་རེ་རེ་ནས་རྒྱ་གྲམ་དུ་བཅིང་། སྔར་ཁྲོལ་སྒྲུབ་སྐབས་ལྟར་ལོགས་སུ་སྒྲུབ་པའི་བདུག་པས་བདུགས་ཤིང་སྒྲུབ་པའི་བུམ་ཆུས་ཁྲུས་གསོལ་བ་སོགས་སྤོས་སྣ་དར་ལམ་ཛབ་དབྱངས་སོགས་བསྐུར་སྟི་སྔར་བཞིན་བྱས་ཏེ་དཀྱིལ་འཁོར་དུ་རང་གནས་སུ་མ་ནོར་བར་བཀོད།

            དེ་དག་སྔ་དྲོའི་ཐུན་ལྟ་བུར་གྲུབ་པར་བྱས་ནས། བདག་སྐྱེད་སྔ་དྲོ་དེས་འཐུས་ཤིང་། མདུན་བསྐྱེད་སྔར་བཞིན་བསངས་སྦྱངས་བྱས་ནས་སྨན་གྱི་ཕོ་བྲང་ཡུམ་གྱི་བདེ་ཆེན་རོལ་བའི་གཞལ་ཡས་ཁང་གི་དབུས་སུ་སྨན་རྣམས་རིགས་ལྔ་ཡབ་ཡུམ་སོགས་སྔར་ཁྲོལ་སྒྲུབ་སྐབས་བཞིན་སྐྱེད་དེ་ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ། མཆོད་ཅིང་བསྟོད་དེ་གཟུངས་ཐག་བླངས་ཏེ་ཟླས་དམིགས་དང་བཅས་ཏེ་གཙོ་འཁོར་རྣམས་ཀྱི་བསྙེན་པ་བཟླ། ཐུན་མཐར་ཚོགས་མཆོད་དང་ཕུར་གདབ་བགེགས་བསྐྲད་སོགས་ཁྲོལ་སྒྲུབ་སྐབས་ལྟར་དང་། ལས་རྡོར་གྱིས་མ་དཱ་ན་འཐོར་ཟིང་བྱིན་འབེབས་ཛབ་དབྱངས་བྱའོ། །ཐུན་གཉིས་པ་སྔར་བཞིན་དང་། ཐུན་གསུམ་པར་ཕུར་གདབ་སོགས་ཀྱི་བར་ཐུན་ཐོག་མ་བཞིན་བྱས་ཏེ་ཆོས་སྐྱོང་གི་སྒེར་སྐོང་ཚོགས་མཆོད་བགེགས་སྐྲད་བྱིན་འབེབས་དང་རྗེས་ཆོག་སྤྱི་ལྟར་བྱ། མཚན་ཐུན་གསུམ་གྱི་དང་པོར་བདག་བསྐྱེད་བཟླས་པའི་རྗེས་མདུན་བསྐྱེད་སྒྲུབ་ཅིང་བཟླས་དམིགས་སོགས་ཁྲོལ་སྒྲུབ་སྐབས་བཞིན་བྱ། སྦྱིན་སྲེག་བྱ་ཁོམ་ཡོད་ན་སང་སྔ་ཐུན་དུ་ཚར་རྒྱུའི་དོ་ནུབ་སྲོད་ལ་དྲག་པོའི་སྦྱིན་སྲེག་འབུལ་ཞིང་ཚོམ་བུ་སྤྱན་འདྲེན་པ་སོགས་སྔར་ལྟར་བྱའོ།།

གསུམ་པ། སྒྲུབ་པ་གོང་བུར་སྒྲུབ་པ།

            དེ་ལྟར་ཕྱེ་མ་སྒྲུབ་ཟིན་ནས་གོང་བུར་སྒྲུབ་པ་ནི། ཕྱི་སྒྲུབ་གྲུབ་པའི་ནང་མོར་བདག་མདུན་གྱི་བཟླས་པ་ཚོགས་མཆོད་ཕུར་གདབ་བྱིན་འབེབས་བཅས་གྲུབ་ནས། སླར་ཡང་མཆོད་བསྟོད་དང་དངོས་གྲུབ་སློང་། དཀྱིལ་འཁོར་བ་རྣམས་སྨན་ལ་བསྟིམ། ཛབ་དབྱངས་རོལ་མོ་བཅས་སྨན་སྣོད་སྤྱན་འདྲེན་ཚུལ་རྣམས་ཁྲོལ་སྒྲུབ་ཀྱི་རྗེས་ལྟར་མདུན་སྟེགས་སུ་བཀོད་དེ་སློབ་དཔོན་གྱིས་ཁེབ་བསལ། སྣོད་བཟང་པོར་ཕྱེ་མ་རྣམས་ཕྱོགས་གཅིག་ཏུ་བླུགས་ཤིང་མ་དཱ་ན་ཆང་དང་བསྲེས་པས་སྦོལ་བ་སོགས་ལག་ལེན་མཐོང་བརྒྱུད་ལྟར་བྱ། གཏེར་བྱོན་ཕབ་རྒྱུན་དང་། རིང་བསྲེལ་སོགས་སེལ་མེད་ཀྱི་བྱིན་རྟེན་རྣམས་སྔར་ནས་ཆུ་ཆང་དུ་སྦངས་བ་སྐབས་འདིར་འདྲེ་ངེས་སུ་བསྲེ། རས་དཀར་དྲི་མེད་ཀྱི་ཁུག་མར་བླུག་ལ་དེ་ཉིད་ཟངས་དཀར་ལྟ་བུའི་སྣོད་བཟང་པོར་བ་ལུ་སོགས་བཟང་ཤིང་ཕུར་མ་རླན་ཅན་གྱིས་ལྕིབས་ཏེ་བཞག་པའི་ཁར་ཁེབ་ཀྱིས་བཀབ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་ཞིང་དབུ་རྒྱན་སྒྲོན། གཡས་གཡོན་དུ་རྡོ་དྲིལ་བཅིང་། སྒྲུབ་པའི་བདུག་པས་བདུགས་ཤིང་བགེགས་བསལ། ཁྲུས་ཀྱིས་མི་གཙང་བ་བཀྲུ། སྔར་གྱི་དཀྱིལ་འཁོར་བསྡུ་ཞིང་ཞི་བའི་དཀྱིལ་འཁོར་བཀྲམ། ཛབ་དབྱངས་སྤོས་སྣ་དར་ལམ་དང་བཅས་དཀྱིལ་འཁོར་གྱི་དབུས་སུ་རྐང་གསུམ་ཤིན་ཏུ་བརྟན་པའི་ཁར་བཞུགས། གནས་དུས་གྲངས་ན་འོག་ནས་མར་མེ་སྦར་བ་སོགས་མཐོང་བརྒྱུད་ལྟར་བྱ།

            མཆོད་གཏོར་རྣམས་གསར་དུ་ཤོམས། ཕྱི་དྲོའི་ཐུན་དང་པོར་བདག་བསྐྱེད་སྔོན་དུ་སོང་བ་དེས་འཐུས་པར་བྱས་ནས་མཆོད་རྫས་རྣམས་བྱིན་གྱིས་བརླབས། མདུན་རྟེན་བསངས་སྦྱངས། ཡུམ་གྱི་བདེ་བ་ཆེན་པོའི་ཀློང་དུ་དཀྱིལ་འཁོར་དང་ལྷ་ཚོགས་བསྐྱེད་དེ་སྤྱན་འདྲེན་མཆོད་བསྟོད་དང་། གཟུངས་ཐག་བཟུང་ཞིང་ཐུན་མོང་མིན་པའི་བཟླས་དམིགས་དང་བཅས་ཛབ་དབྱངས་ལན་གསུམ་སྔོན་དུ་འགྲོ་བས་བསྙེན་པ་བཟླ། རྒྱུན་པ་རྣམས་ཀྱང་སྔགས་ཆད་མེད་གྱེར། ཐུན་མཐར་མཆོད་བསྟོད་ཚོགས་མཆོད་ཕུར་གདབ་བྱིན་འབེབས་ཛབ་དབྱངས་བཅས་བྱ། ཐུན་གཉིས་པ་དང་གསུམ་པ་དེ་བཞིན་སྒྲུབ་ཅིང་གསུམ་པའི་བཟླས་པ་དང་མཆོད་བསྟོད་རྗེས་བཀའ་སྲུང་གཏོར་ཆོག་ཚོགས་མཆོད། བགེགས་སྐྲད་བྱིན་འབེབས་རྣམས་བྱ། མཚན་ཐུན་དང་པོར་བདག་བསྐྱེད་སྔོན་དུ་འགྲོ་དགོས་ཤིང་། མཚན་ཐུན་ཕྱི་མ་གཉིས་ཉིན་ཐུན་གཉིས་པ་ལྟར་བྱའོ། །སྒྲུབ་པའི་སྔ་ཉིན་ཀྱི་ཉིན་མཚན་ཐུན་དྲུག་ཀར་བཟླས་པའི་མཐར་གསང་སྒོ་དབྱེ་བ་བདུད་རྩི་འབེབས་པ། དམ་ཡེ་བསྲེ་སྟིམ་གྱིས་དམིགས་པ་དང་བཅས་སྔགས་བཟླ། གོང་བུ་སྒྲུབ་པའི་སྔ་དྲོར་རྒྱས་པའི་སྦྱིན་བསྲེག་བྱ་བ་ཕྱག་ལེན་ཡིན།

བཞི་པ། སྒྲུབ་ཆེན་རིལ་སྒྲུབ།

            དེ་ལྟར་གོང་བུའི་སྒྲུབ་པ་གྲུབ་ནས་རིལ་སྒྲུབ་བྱ་དགོས་པས། དེ་ལ་གོང་བུའི་སྒྲུབ་པ་གྲུབ་པའི་ཞོགས་ཐུན་ལ་བདག་མདུན་བསྐྱེད་བཟླས་སྔ་མ་བཞིན་གྲུབ་རྗེས། མཆོད་བསྟོད་ཕུར་གདབ་བྱིན་འབེབས་བྱས་ཏེ་སླར་ཡང་མཆོད་བསྟོད་དང་། དངོས་གྲུབ་བླངས། སྒྲུབ་པའི་ཡེ་ཤེས་པ་རྣམས་གོང་བུའི་སྨན་ལ་བསྟིམས། རོལ་དབྱངས་དང་བཅས་བྱིན་འབེབས་བྱ། སྤོས་རོལ་དར་སྣ་དང་བཅས་སྨན་གྱི་ཕོ་བྲང་སྤྱན་དྲངས་ལ་སློབ་དཔོན་གྱི་མདུན་གྱི་སྟེགས་སུ་བཀོད་དེ་ཞལ་ཕྱེ། དཀྱིལ་འཁོར་བའི་གཙོ་བོའི་ང་རྒྱལ་དང་ལྡན་པས་རིལ་བུར་དྲིལ་ཞིང་ན་བཟའ་གསོལ། དེ་ཉིད་སྣོད་ཚན་ལྡན་དུ་བླུག་ལ་དར་སྣས་དྲིལ་ཞིང་ཚོན་སྐུད་ཀྱིས་བཅིང་། རིགས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱིས་བརྒྱན་ལ་སྔར་བཞིན་ཁྲུས་གསོལ་བགེགས་སྤྲད་བྱ། ཞི་དཀྱིལ་བསྡུས་ལ་ཁྲོ་དཀྱིལ་བཀྲམ་པའི་དབུས་སུ་རྐང་གསུམ་གྱི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུ་སྣས་བཀང་བའི་སྟེང་དུ་ཛབ་དབྱངས་དང་བཅས་སྤོས་ལམ་དར་སྣས་གདན་དྲངས་ནས་བཞུགས་སུ་གསོལ། བྱིན་འབེབས་བྱ། མཆོད་གཏོར་གསར་དུ་བརྗེས། དེ་ནས་ཕྱི་དྲོའི་ཐུན་དང་པོར་བདག་བསྐྱེད་སྔར་གྱིས་འཐུས་པས་མཆོད་རྫས་བྱིན་རླབས་བྱ། མདུན་བསྐྱེད་ཀྱི་རྟེན་རིལ་བུ་བསངས་སྦྱངས། ལྷར་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་བརྟན་བཞུགས་དང་། དབང་བསྐུར་རྒྱས་གདབ། མཆོད་བསྟོད་ཀྱི་མཐར། གཟུངས་ཐག་བླངས་ལ་བཟླས་དམིགས་གསལ་བཏབ་སྟེ་ཛབ་དབྱངས་སྔོན་དུ་འགྲོ་བས་བཟླས་པ་བྱ། བཟླས་པའི་མཐར་ཕུར་གདབ་བྱིན་འབེབས་རྣམས་ཕྱེ་མ་སྒྲུབ་སྐབས་བཞིན་བྱ། ཐུན་གཉིས་པ་སྔར་ལྟར་ལ། ཐུན་གསུམ་པའི་བཟླས་པའི་མཆོད་བསྟོད་ཀྱི་རྗེས་སུ། ཆོས་སྲུང་གི་སྐོང་བ། ཚོགས་མཆོད་སོགས་རྗེས་ཆོག་སྤྱི་དང་། དགོངས་མོའི་བགེགས་བསྐྲད་བྱིན་འབེབས་བཅས་འགྲུབ་པར་བྱ། མཚན་ཐུན་གསུམ་གྱི་སྲོད་ཐུན་ལ་བདག་བསྐྱེད་སྔོན་དུ་འགྲོ་བ་ལས་གཞན་སྔར་ལྟར་བྱས་ལ། རིལ་སྒྲུབ་འགྲུབ་རྒྱུའི་ཕྱི་དྲོར་དངོས་གྲུབ་དབང་དུ་བྱ་བའི་ཕྱིར་དབང་གི་སྦྱིན་བསྲེག་བྱའོ།།

ལྔ་པ། སྒྲུབ་པའི་ཡུན།

            དེ་ལྟ་བུའི་བདུད་རྩི་སྨན་གྱི་སྒྲུབ་པའི་དུས་ཡུན་ནི། གཞུང་ལས། སྔགས་ཀྱི་གྲངས་དང་མཚན་མ་དང༔ དུས་ཀྱི་ངེས་པ་བསྙེན་པ་དང༔ ཉེར་སྒྲུབ་གཉིས་ལ་ཞག་གསུམ་སྟེ༔ སྒྲུབ་དང་སྒྲུབ་ཆེན་ཞག་གཉིས་གཉིས༔ དབང་པོ་རབ་ཀྱིས་འགྲུབ་པར་འགྱུར༔ འབྲིང་ལ་ཉིས་འགྱུར་ཐ་མས་ཀྱང༔ སུམ་ལྡབ་བརྩོན་པས་ངེས་པར་འགྲུབ༔ ཅེས་གྲུབ་རྟགས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་འབྱུང་བའམ། དུས་ཀྱི་དབང་དུ་བྱས་པའང་བསྙེན་པ་དང་ཉེར་སྒྲུབ་ལ་ཞག་གསམ་རེ།  སྒྲུབ་པ་དང་སྒྲུབ་ཆེན་ལ་ཞག་གཉིས་རེས་གྲུབ་པ་དང་། དབང་འབྲིང་ལ་དེ་ཉིད་ཉིས་འགྱུར། དབང་ཐ་ལ་གསུམ་འགྱུར་དུ་བྱས་ནས་སྒྲུབ་པས་རྟགས་གསུམ་གང་རུང་ཐོན་པ་གཞུང་དོན་དང་། དེང་སང་མོས་སྒྲུབ་ཞག་གྲངས་ཙམ་ལ་ཚད་འཛིན་བྱེད་པའི་དུས་སུ། ཁྲོལ་སྒྲུབ་དང་ཕྱེ་སྒྲུབ་ལ་ཞག་གཉིས་རེ། ལྡེ་གུ་དང་རིལ་སྒྲུབ་གཉིས་ལ་ཞག་གསུམ་རེ། སྔོན་རྗེས་གཉིས་ལ་ཞག་རེ་བཅས་ཞག་བཅུ་གཉིས་སམ། དེ་ཡང་ཁྱོངས་དཀའ་ན། ཁྲོལ་ཕྱེ་གཉིས་ལ་ཞག་རེ་རེ། ལྡེ་གུ་དང་རིལ་བུ་ལ་སྔར་ལྟར་བྱ་བ་ནི་ཤིན་ཏུ་བསྡུས་པ་ཡིན་ནོ། །འདི་དག་ཀུན་མཁྱེན་མཁྱེན་རྩེའི་དགོངས་པ་སྨན་སྒྲུབ་ཚད་ལྡན་བྱེད་པ་དག་གི་ཕྱག་བཞེས་དངོས་ཡིན།

རྗེས་ཀྱི་བྱ་བ།

            དེ་ལྟར་བདུད་རྩི་སྨན་གྱི་སྒྲུབ་པ་དངོས་གཞི་གྲུབ་ནས། དང་པོ་རང་དོན་དངོས་གྲུབ་ལེན་པ་ནི། རིལ་སྒྲུབ་གྲུབ་པའི་ཉིན་ལྔ་པར་དཀྱིལ་འཁོར་གྱི་མདུན་དུ་སྟེགས་ཡངས་པོའི་སྟེང་དུ་གྲོའི་གཡུང་དྲུང་གཡས་འཁྱིལ་བྲིས་པའི་དབུས་ཀྱི་ཁྲིའུའི་སྟེང་དུ་སྣོད་ཚན་ལྡན་ཆང་དང་སྒྲུབ་པའི་མ་དྰ་ནས་བཀང་བ་བཞག མཐའ་སྐོར་དུ་བཟའ་བཅའ་དང་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་བསྐོར། མངར་གསུམ་གྱིས་སྦྲུས་པའི་རིལ་བུ་སོགས་བཤམས་ལ་དར་གྱིས་དགབ། ཐོར་ཐུན་གྱི་བདག་བསྐྱེད་དང་། མདུན་བསྐྱེད་སྒྲུབ་མཆོད། ལས་སྦྱོར་གྱི་བཟླས་པ་རྣམས་ཇི་འོས་བཟླས་མཐར་མཆོད་བསྟོད་ཆོས་སྐྱོང་གི་གཏོར་འབུལ་དང་། ཚོགས་མཆོད་རྒྱས་པར་ཕུལ་ཏེ་སྔ་དྲོར་རྒྱས་པའི་སྦྱིན་བསྲེག་བྱ་ཞིང་སྨན་ཕུད་ཀྱང་སྲེག་རྫས་སུ་ཕུལ། ཕུར་གདབ་དང་བགེགས་བསྐྲད་སྲུང་འཁོར་སྒོམ་ཞིང་ཡིག་བརྒྱ་འདོན། དེ་ནས་ལས་རྡོར་གྱིས་དངོས་གྲུབ་ལེན་པའི་རྫས་ཁེབ་བསལ་ནས་དམ་རྫས་ཡུམ་མ་མཱ་ཀིར་གསལ་བཏབ་སྟེ་ཡེ་ཤེས་པ་སྤྱན་འདྲེན་སྟིམས་བཞུགས་མཆོད་བསྟོད་བྱས་སྟེ་གཟུངས་ཐག་བླངས་ནས་བཟླས་པ་སྟོང་ཚར་བྱ། སྤོས་རོལ་དང་བཅས་རྒྱལ་ཚབ་པས་དཀྱིལ་འཁོར་དང་འདུས་པར་སྐོར་ཞིང་དར་གྱིས་གཡོབ་བཞིན་བྱིན་འབེབས་བྱ། རྡོ་རྗེ་གཟུང་མས་སྤོས་སྣེ་དར་ལམ་བཅས་སྨན་གྱི་ཕོ་བྲང་སློབ་དཔོན་གྱི་ཕྱག་ཏུ་བཞག་ལ་རྒྱ་བཀྲོལ་ཞིང་གསོལ་འདེབས་དང་བཅས་དབང་བླངས། རིལ་བུ་དངོས་སྒྲུབ་ཀྱི་བདུད་རྩིར་བསྲེས་ཏེ་བདུད་རྩིའི་མཆོད་པ་བྱ། རིལ་སྣོད་མགྲིན་པར་བཞག་ལ་བདུད་རྩི་འཐུང་། སྙིང་གར་བཞག་ལ་རིལ་བུ་མྱོང་། སྨན་དབང་བསྐུར་ན་འཚམས་འདིར་བྱ། བསྡུ་ན་རྗོ་རྗེ་རྒྱལ་ཚབ་པས་རིལ་བུ་དང་དམ་རྫས་བཀྱེ། ལས་ཀྱི་རྡོ་རྗེས་ཚོགས་དང་དངོས་གྲུབ་ཀྱི་རྫས་ལྷག་མ་རྣམས་ཀྱང་ཛབ་དབྱངས་དང་བཅས་བཀྲམས་ཤིང་རྡོ་རྗེའི་གླུ་གར་དང་བཀྲ་ཤིས་བྱའོ།།

            གཉིས་པ་གཞན་ལ་དབང་བསྐུར་ན་སྐབས་འདིར་བྱ་ཞིང་དེའི་སྐོར་ནི་གཞན་དུ་ཤེས་པར་བྱའོ།།

            གསུམ་པ་རྗེས་ཀྱི་ལས་རིམ་ནི། ༡ དཀྱིལ་འཁོར་དང་འབྲེལ་བའི་རྗེ་ཆོག་ལ། དངོས་སྒྲུབ་བླང་བ་ཁོ་ནའམ་དབང་བསྐུར་གྲུབ་པའི་རྗེས་སུ་ཚོགས་འཁོར་བསྐོར་ཞིང་ཚོགས་ལྷག་རྣམས་སྔར་བཙོན་དུ་བཟུང་བའི་ཚོགས་ལྷག་དང་བསྲེས་ཏེ་སྒྲུབ་ཁང་གི་ལྷོ་ནུབ་ལྟ་བུར་ཐག་ཅུང་རིང་སར་དོར། ཆོས་སྲུང་གི་གཏོར་འབུལ་སྐབས་དེ་དག་གི་རྒྱུན་འབུལ་གྱི་གཏོར་མ་རྣམས་ཐོག་ཁ་ལྟ་བུར་འབུལ། ཆད་མདོ་དང་བརྟན་མ་རྣམས་ཀྱང་ཕྱིར་བསྐྱལ། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ཏེ་ནོངས་བཤགས་དང་། ཚོགས་ཀྱི་མགྲོན་རྣམས་རས་བྲིས་སོགས་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྡུ་ཞིང་འོད་གསལ་དུ་ལྡང་སྟེ་མི་དམིགས་པའི་ལྟ་བས་རྒྱས་གདབ། ཁྲོ་བཅུའི་ཕུར་བུ་རྣམས་གདབ་རིམ་ལས་ཟློག་སྟེ་ཕྱུང་ལ་ཕུར་ཁུང་དུ་བདུད་རྩི་གཏོར་ལ་བགེགས་རྣམས་རྨས་པ་གསོས་ཏེ་རང་གནས་སུ་གཤེགས་པར་མོས།

            ༢ མཚམས་བཀྲོལ་བ་ནི། རྒྱལ་ཆེན་བཞིའི་ཐོའི་རྩར་སྔར་མཆོད་གཏོར་བཤམས་ཤིང་བྱིན་རླབས་བྱས་ཏེ་གསར་དུ་སྤྱན་འདྲེན་མི་དགོས་པར་སོ་སོར་རང་སྔགས་ཀྱིས་གཏོར་མ་ཕུལ། ཕྲིན་ལས་བཅོལ་ཞིང་གཏང་རགས་བཅས་གཤེགས་སུ་གསོལ་ཏེ་ཐོ་རྣམས་བསྡུ། ནང་སྒོར་ཡང་སྔར་བཞིན་མཆོད་བསྟོད་ཕྲིན་བཅོལ་བྱས་ཏེ་རང་གནས་སུ་གཤེགས།

            དེ་ནས་དཔོན་སློབ་རྣམས་ནང་དུ་འཁོད་ལ་ཡིག་བརྒྱ་སོགས་མཆེད་ལྕམ་ཕན་ཚུན་བཤག་པ་བྱ། སྒྲུབ་མཆོད་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མེ་ཏོག་ཅི་འབྱོར་ཕུལ་ནས་ཕྱག་བཙལ། ཞབས་སྤྱི་བོར་བླངས་ཏེ་བསྟན་པ་རྒྱས་པ་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་ཞིང་རྒྱལ་ཁམས་བདེ་དགེས་ཁྱབ་པའི་སྨོན་ཤིས་ཀྱིས་དགེ་ལེགས་སུ་བྱ། ཞག་གསུམ་བར་སྒྲུབ་གནས་སྲུང་ཞིང་ཚོགས་མཆོད་དགའ་སྟོན་སོགས་བྱས་ན་བསྟན་པ་རྒྱས་པ་སོགས་ཀྱི་རྟེན་འབྲེལ་ཡོད་དོ།།

            ༢ ལས་སྦྱོར་ནི། འབྱུང་ལྔ་སོ་སོའི་ལས་སྦྱོར་བྱ་བ་ལ། དེ་ལ་ལས་སྦྱོར་ཐམས་ཅད་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་སྒོ་ནས་བྱ་དགོས་ཤིང་། རྒྱས་པར་སྤྲོས་ན་ཕྲིན་ལས་ཀྱི་གཞུང་སྲང་བ་སོགས་རང་རང་གི་ལས་ཆོག་བཞིན་བྱ་ལ། མི་འགྲུབ་ན་སེམས་བསྐྱེད་སྔོན་དུ་འགྲོ་བས་སྟོང་ཉིད་ཀྱི་ལྟ་བས་ཟིན་པར་བྱས་ཏེ་རིགས་སོ་སོའི་ལས་སྦྱོར་ལ་འཇུག་དགོས་པ་ཡིན།

            དང་པོ་སྦ་བ་ནི། གཏེར་བུམ་རིན་ཆེན་འབྲུ་སྨན་གྱིས་བཀང་བའི་སྙིང་པོར་སྨན་སྒྲུབ་ཀྱི་བདུད་རྩིས་བྱས་ཏེ་རི་བོར་སྦས། ཆུའི་ལས་ནི། རྒྱུན་འབབ་ཀྱི་ཆུ་ཀླུང་ཆེན་པོར་བཏབ། མེའི་ལས་རྒྱས་པ་ནི་བསྲེག་ཆོག་བཞིན་ཕུལ། རླུང་གི་ལས་ནི་བཟང་ཤིང་གི་དུད་པ་དང་སྦྱར་ནས་རི་རྩེར་ཀུན་ཏུ་ཁྱབ་པར་བྱ། ནམ་མཁའི་ལས་ནི། བདུད་རྩི་རིན་པོ་ཆེའི་གའུར་བཅུག་ནས་མགུལ་ལམ་གཙུག་ཏུ་གདག་གོ། །

            ༤ བདུད་རྩི་བསྟེན་ཚུལ་ནི། དེ་ལྟར་སྒྲུབས་པའི་བདུད་རྩི་བསྟེན་ཚུལ་གཞུང་ལས། ཁྱད་པར་ཉམས་ཆགས་བསྐང་བ་དང༔ རྟོགས་གྲོལ་ཡེ་ཤེས་རྒྱས་པའི་ཕྱིར༔ རབ་ཀྱིས་ཐུན་རྣམས་ཐམས་ཅད་དང༔ འབྲིང་གིས་ཉིན་ཞག་ཕྲུག་རེར་སྟེ༔ ཐ་མས་དུས་བཟང་ཐམས་ཅད་དུ༔ བདུད་རྩི་དམ་ཚིག་ཚུལ་བཞིན་བསྟེནཿ ཞེས་གསུངས་པ་བཞིན་ལག་ལེན་དུ་བྱ་ཞིང་། བྱེ་བྲག་ཏུ་ནད་གཞི་གང་གི་གཉེན་པོར་སྦྱར་ནས་སྒྲུབ་པའི་སྨན་དེ་ཉིད་གཞུང་བཞིན་བསྟེན་པར་བྱ་བ་ཡིན།

            ༥ ཕན་ཡོན་ནི། རྩ་གཞུང་ལས། དེ་ལྟར་སྒྲུབ་དང་ལས་སྦྱོར་གྱི༔ དགོས་ཆེད་ཕན་ཡོན་མཐའ་ཡས་ཀྱང༔ མདོར་བསྡུས་རྒྱུད་ལས་གསུངས་པ་ནི༔ ཁམས་གསུམ་ཉོན་མོངས་དུག་ཆེན་ལ༔ ཡེ་ཤེས་མཆོག་གི་རྩི་སྦྱར་བས༔ ལྕགས་ལ་གསེར་འགྱུར་ཐེབས་པ་ལྟར༔ སྐད་ཅིག་གིས་ནི་རྣམ་པར་གྲོལ༔ ཞེས་ངེས་དོན་གྱི་བདུད་རྩིའི་ཡོན་ཏན་དང་། བདུད་རྩི་སྤྱི་བོར་བཅིང་པ་ཡིས༔ དུས་གསུམ་བདེ་གཤེགས་བསྙེན་བསྐུར་འགྱུར༔ མགུལ་ལམ་དཔུང་པར་བཏགས་པས་ཀྱང༔ ཕྱོགས་བཅུའི་རྒྱལ་བས་སྲས་སུ་དགོངས༔ རིག་འཛིན་མཁའ་འགྲོ་ངང་གིས་འདུ༔ རྩ་ཁམས་རླུང་ལ་བྱིན་ཆེན་འབེབས༔ རྡོ་རྗེའི་སྲུང་བ་ཆེན་པོར་འགྱུར༔ བྱད་ཕུར་རྦོད་གཏོང་གདོན་དང་བགེགས༔ གང་གིས་མི་ཚུགས་ཐུབ་པ་མེད༔ ཅེས་འཆང་བའི་ཕན་ཡོན་དང་།

            དུས་དང་རྒྱུན་དུ་མྱོང་བ་ཡིས༔ ཚེ་དང་སྲུང་དང་ཡིད་དུ་འོང༔ བགེགས་རྣམས་ཞི་བ་ལ་སོགས་དང༔ ནད་དང་བྲལ་ནས་ཅི་འདོད་པའི༔ ཡོན་ཏན་རྩ་བརྒྱད་འདི་ནས་ཐོབ༔ དམ་ཚིག་སྡོམ་པ་ཕུན་སུམ་ཚོགས༔ རང་བྱུང་བདེ་ཆེན་ཡེ་ཤེས་བརྙེསཿ རྒྱུད་ལྔ་དག་ཅིང་དུག་ལྔ་སེལ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ཐོབ༔ བདེ་གཤེགས་ཀུན་མཉེས་འགྲོ་དོན་འགྲུབ༔ འཇིག་རྟེན་སྤྱོད་པས་མི་ཚུགས་སོ༔ ཞེས་མྱོང་བའི་ཕན་ཡོན་དང་།

            བདུད་རྩིའི་ཟེགས་མ་འཐོར་བས་ཀྱང༔ བླ་མར་ཕོགས་ན་བྱིན་རླབས་འབེབཿ ལྷ་ལ་ཕོགས་ན་དགྱེས་པ་སྐོང༔ ཆོས་སྲུང་ལ་ཕོགས་ལས་ལ་མྱུར༔ དཔའ་བོ་མཁའ་འགྲོ་ལ་ཕོགས་ན༔ ཉེ་རྒྱུའི་སྤྱོད་པའི་གྲོགས་ཀྱང་བྱེད༔ མཆེད་ལ་ཕོགས་ན་དབང་དུ་འདུ༔ གནས་དང་ཡོ་བྱད་རང་ལུས་ལ༔ ཕོགས་པས་ཉམས་གྲིབ་མ་དག་སྦྱོངས༔ དག་གཙང་ཡིད་དགའ་ཉམས་རྟོགས་འཕེལ༔ ནད་དང་གདོན་དང་སྡུག་བསྔལ་སྦྱོང༔ བགེགས་དང་བར་དུ་གཅོད་པ་དང༔ དྲག་པོ་གཏུམ་པོ་ལྷན་ནེར་ཆིང༔ ཞེས་རེག་པའི་ཕན་ཡོན་དང་།

            ཟེག་མ་ཁོང་དུ་སོང་བས་ཀྱང༔ དམན་པའི་དུད་འགྲོ་ཡིན་ཀྱང་རུང༔ རྡོ་རྗེའི་རིགས་སུ་བྱིན་བརླབས་པས༔ སྒྲིབ་དག་ཐར་པའི་ས་བོན་ཐོབ༔ ཅེས་ཁོང་དུ་སོང་བའི་ཕན་ཡོན་དང་། མདོར་ན་མཐོང་བས་སྡིག་ལྷུང་དག༔ དྲི་ཚོར་གྲིབ་སེལ་ཉམས་ཆག་སྐོངཿ རེག་པས་བདེ་ཆེན་རྒྱུད་ལ་འཆར༔ མྱོང་བས་མངོན་སུམ་ཡེ་ཤེས་སྐྱེ༔ འཆང་བས་སྲུང་དང་རྒྱས་དབང་འགྱུར༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་ཀྱང༔ རྡོ་རྗེའི་ཞིང་དུ་བྱིན་བརླབས་པ༔ དཀར་ཕྱོགས་ལྷ་ཀླུ་དབུ་འཕང་མཐོ༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས༔ ནག་ཕྱོགས་འདྲེ་གདོན་རིང་དུ་འབྱེར༔ ནད་མུག་འཐབ་རྩོད་མཚོན་འཁྲུགས་ཞི༔ རིག་འཛིན་ཌཱཀཱི་འདུ་བ་ཡིན༔ སྣོད་བཅུད་རྒུད་པ་གསོ་བ་དང༔ ལེགས་ཚོགས་སྤེལ་བའི་ཕུལ་དུ་འགྱུར༔ ཞེས་ཕན་ཡོན་མདོར་བསྟན་དང་། ཨེ་མ་ངོ་མཚར་ཐབས་ཆེན་པོ༔ ཡོན་ཏན་བདུད་རྩི་ཧེ་རུ་ཀའི༔ ཐུགས་རྗེའི་འཕྲིན་ལས་ཤུགས་བྱུང་བ༔ འདི་ཉིད་ཁོ་ནར་ཡིད་རྟོན་ཅིག༔ ཅེས་འབྱུང་ཁུངས་བསྟན་པ་ཡིན་ནོ། །དེ་ལྟར་བསྒྲུབ་པའི་བདུད་རྩི་རྣམས་ཀྱི་དྲོད་འབར་བ་དང་། དྲི་རོ་ཕུན་སུམ་ཚོགས་རུ་འགྲོ་བ་དང་། བུང་འཕེལ་བ་སོགས་གྲུབ་པའི་མཚན་མ་མངོན་སུམ་གྱི་སྤྱོད་ཡུལ་དུ་ཡོད་ཅིང་། འཆང་བ་དང་མྱངས་བས་རིམས་ནད་དང་། ནད་གདོན་ཞི་བ་སོགས་ཀྱི་ཕན་ཡོན་རྣམས་ཀྱང་མངོན་སུམ་དུ་སྣང་བ་ཡིན་ནོ།།

            འདི་སྐབས་རང་ལ་མྱོང་བ་ཅུང་ཟད་བྱུང་བ་ནི། ༡༩༧༦ ལོའི་བོད་ཟླ་བཞི་པའི་ཡར་ངོར་ཉིན་བཅུ་བཞིའི་རིང་ངོས་ཀྱི་སློབ་དཔོན་འཚོ་བྱེད་ཀུན་དགའ་དང་། མཆེད་གྲོགས་དམ་པ་བྱམས་པ་དང་། བསྟན་འཛིན་རྣམ་རྒྱལ་བཅས་དཔོན་སློབ་ཁ་ཤས་ཀྱིས་ངོས་ཀྱི་སྐྱེ་ཡུལ་དཀར་ཤོད་ཀྱི་སའི་ཆར་ཁམས་ཀྱི་བྱ་ཕོ་ཟེ་བའི་ཉེ་འགྲམ་ཐེམ་གཉེར་ཁ་ཞེས་པར་གྲུབ་ཐོབ་ཐུགས་ཐིག་གི་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་སྨན་སྒྲུབ་རྒྱས་པ་ཞིག་ལྐོག་ཏུ་མཛད་པའི་ལས་མཐར་སྨན་སྒྲུབ་འབྱུང་ལྔའི་མཆོད་པ་སོ་སོར་བྱས་པ། བདུད་རྩི་སར་སྦས་པའི་ཤུལ་ལས་ཟླ་བ་ཁ་ཤས་རྗེས་ལོ་མ་སྔོ་ལྗང་ཞིག་སྐྱེས་བར་སྣང་མེད་དུ་བཞག་ཀྱང་། བོད་ཟླ་དགུ་པ་ཙམ་ལ་ཡུལ་སྤྱིར་དབྱར་གྱི་རྩ་ལྡུམ་རྣམས་དྲུལ་ཞིང་ཁ་དོག་འགྱུར་བའི་དུས་ཡིན་ཀྱང་དེར་སྐྱེ་བའི་ལོ་མ་ནི་མདོག་མ་འགྱུར་བར་ཅུང་ངོ་མཚར་ཏུ་གྱུར་ཏེ་སྲོག་ཆགས་ལས་སྐྱོབ་པའི་རྡོ་ར་ཆུང་ངུ་ཞིག་བསྐོར་ནས་བཞག སྤྱིར་ཁོ་བོའི་སྐྱེ་ཡུལ་ནི་འབྲོག་གི་ཁ་ལུང་རྒྱ་མཚོ་ལས་མཐོ་ཚད་(3600 - 4700 MT)བཞི་སྟོང་གི་གཡས་གཡོན་ཡིན་ཅིང་ཤིང་ཐུང་གི་རིགས་ཅུང་ཟད་ལས་མི་སྐྱེ། ཕྱི་ལོའི་དཔྱིད་ཀར་སྔར་བཞིན་ལོ་མ་སྔོ་ལྗང་སྐྱེས་ཤིང་བོད་ཟླ་དྲུག་པ་ཙམ་ལ་ལོ་མ་ལེབ་མོ་དུ་མ་ལྡན་པའི་ལྗོན་ཤིང་ཆུང་ཆུང་ཞིག་ཏུ་སྣང་། མཐར་ ༡༩༨༩ སྟོན་ཀ་བར་ལྗོན་ཤིང་མི་ཚད་ལས་ཅུང་མཐོ་བ་རྒུན་ཁར་ལོ་མ་སྐམ་ཀྱང་དཔྱིད་ཀྱི་དྲོད་ཚད་སླེབ་སྐབས་སླར་ཡང་ལོ་མ་རྣམས་རིམ་བཞིན་ཁ་འབུས་ཏེ་བོད་ཟླ་ ༥ / ༦ པར་མེ་ཏོག་བཀྲ་བའི་མཛེས་སྡུག་ལྡན་པའི་ལྗོན་ཤིང་ཞིག་ཏུ་གྱུར། ཡུལ་དེ་ནས་སྨད་ཀྱི་རོང་དུ་རྐང་ཐང་གི་ཉིན་ལམ་གཉིས་ཙམ་ན་ནགས་ཚལ་སྟུག་པོ་ཡོད་ཀྱང་དེ་འདྲའི་ཤིང་རིགས་མཐོང་ཐོས་མེད་ཅིང་། དེ་ནས་ ༡༩༨༠ ལོ་མགོར་ཁོ་བོ་ཕ་ཡུལ་བཞག་སྟེ་ལྷ་སར་སོང་བར་ ༡༩༨༢ ལོར་ངོས་ཀྱི་སློབ་དཔོན་མཆོག་ལྷ་སར་གནས་གཟིགས་ཕེབས་པ་མཇལ་སྐབས་ ༡༩༨༠ ལོའི་དབྱར་ཁ་ཙམ་ནས་ཤིང་སྡོང་དེ་སྐམས་ཚུལ་གསུངས་པར་སེམས་སྐྱོ་བ་འདྲ་བ་ཞིག་བྱུང་བ་ནི། ངོས་ཀྱང་ལོ་དེ་ནས་ཕ་ཡུལ་དང་གཏན་བྲལ་གྱུར་པ་དང་། ངོས་ཀྱི་སློབ་དཔོན་མཆོག་ཀྱང་ཡུལ་དེ་བསྐྱུར་ནས་མངའ་སྡེ་གཞན་དུ་གཤེགས། མི་རིང་བར་མཆེད་གྲོགས་དང་སློབ་དཔོན་གཉིས་ཀར་ཡིན་པའི་བྱམས་པའི་མཚན་ཅན་ཀྱང་ཞིང་གཞན་དུ་གཤེགས་པ་སོགས་ངེད་དཔོན་སློབ་རྣམས་ཚེ་འདིར་ཕན་ཚུན་ཚོམ་བུ་གཅིག་ཏུ་མཇལ་རྒྱུའི་བསྐལ་པ་མི་འབྱུང་བའི་བརྡར་མངོན། ༡༩༨༨ ལོ་སྟོད་ཁོ་བོ་རྒྱ་གར་དུ་འབྱོར་བའི་ཟླ་ཤས་རྗེས་དྷ་རམ་ས་ལར་ལོ་མ་དང་མེ་ཏོག་དེ་འདྲ་ཅན་གྱི་ལྗོན་ཤིང་ཆེ་ཆུང་འགའ་རེ་མཐོང་བར་སྔར་གྱི་ལྗོན་ཤིང་དེ་དྲན་གསོས་ཤིང་། དེའི་རྐྱེན་གྱིས་བཀའ་དྲིན་གཞལ་ཟླ་བྲལ་བའི་དཔོན་སློབ་རྣམས་དྲན་ནས་གདུང་བས་ནོན། ཡུལ་མི་རྣམས་ལ་ཤིང་སྡོང་དེའི་མིང་དྲིས་པས་ཡུལ་སྐད་དུ་ཀ་ཙི་ནཱར་ཟེར་སྲོལ་འདུག རྗེས་སོར་དྷ་སར་དཔེ་མཛོད་དུ་གཏེར་ཆེན་ར་མོ་ཤག་གི་ཆུ་བཅོས་སོགས་མཇལ་བར་འདོད་དེ་དཔེ་ཀློག་བྱས་པར། ར་ཤག་གཏོར་ཆེན་གྱི་རྣམ་ཐར་མཇལ་བར་ཁོང་གིས་ལྷོ་བྲག་ཏུ་སྨན་སྒྲུབ་མཛད་པའི་བདུད་རྩི་ས་ལ་སྦས་པ་ལས་ལྗོན་ཤིང་འཁྲུངས་ཚུལ་སྣང་བས་དེ་ནི་གདོན་མི་ཟ་བར་བདུད་རྩི་སྨན་སྒྲུབ་འགྲུབ་པའི་བརྡར་གོ་བ་ནི་ཞར་བྱུང་ཙམ་ཡིན།

གསུམ་པ་མཆོད་རྫས་སུ་ཤེས་པར་བྱ་བ་ནི།

            འདུ་ཤེས་གསུམ་པ་མཆོད་རྫས་སུ་ཤེས་པར་བྱ་བ་ནི་གོང་དུ་བདུད་རྩིར་བྱིན་གྱིས་རླབས་པ་དེའི་བོགས་དབྱུང་པའི་རྗེས་ཀྱི་བྱ་བ་ཁྱད་པར་ཅན་ཏེ། རྫས་ཀྱི་ཕུད་རྣམས་བདག་མདུན་གྱི་ལྷ་སོགས་ལ་འབུལ་བ་ཆོ་གའི་ཞར་ལས་འབྱུང་བ་རྣམས་ཀྱིས་འཐུས་ཤིང་། ལྷག་པར་བདུད་རྩི་སྨན་མཆོད་ཅེས་མགྲོན་བཞིར་འབུལ་ཚུལ་ཟུར་དུའང་འབྱུང་བ་བཞིན་ཉམས་སུ་བླངས་པས། དེ་དག་གི་ཚོགས་གཉིས་རླབས་པོ་ཆེའི་མཐུས། འདི་ལ་རོ་ཞིམ་པའང་རོ་མཆོག་སྣང་། ཞེས་རྒྱན་ལས་གསུངས་པ་བཞིན་དངོས་པོ་ལའང་བདུད་རྩིར་འགྱུར་བ་དང་། དེ་ལ་མཆོད་པས་བསོད་ནམས་འཕེལ་ཞིང་ནད་གདོན་སོགས་མི་འདོད་པའི་རྐྱེན་ངན་ཞི་ཞིང་བདེ་སྐྱིད་འབྱུང་བ་ནི། འཇིག་རྟེན་ནི་བདེ་ཞིང་སྐྱིད། །དེ་ཀུན་དཀོན་མཆོག་མཆོད་ལས་འབྱུང་། །ཞེས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་དང་། དེ་བཞིན་དཀོན་མཆོག་ལ་ཕུལ་བའི་ལྷག་མར་བྱས་པ་ན་དེའི་བྱིན་གྱིས་སྡིག་པ་ཚབས་ཆེན་ཡང་མྱུར་དུ་འབྱང་ནུས་ན་ནད་གདོན་ཕྲ་མོ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པའི་ལྷག་པ་ནི། །སྡིག་པ་རྣམས་ནི་ཟད་བྱེད་ཡིན། །ཞེས་རྒྱུད་སྡེ་ནས་གསུངས་པ་ལྟར་ཡིན་པས་ཉམས་ལེན་གྱི་གནད་ཕུལ་དུ་བྱུང་བའོ།།

            འདི་ནི་སྨན་སྒྲུབ་ཀྱི་ལག་ལེན་ཅུང་ཟད་རྒྱས་པ་སྤྲོས་བཅས་ཚོགས་སྒྲུབ་ཀྱི་དབང་དུ་བྱས་པ་ཡིན་ཅིང་། སྤྲོས་མེད་གཅིག་སྒྲུབ་བྱེད་ན་ས་ཆོག་སོགས་སྔོན་འགྲོའི་རིགས་རྒྱས་པ་མི་དགོས་ཤིང་དཀར་གཏོར་དང་བགེགས་སྐྲོད་སྤྱི་འགྲོས་ལྟར་དང་། རྒྱལ་ཆེན་གྱི་ཐོ་ཕྱོགས་བསྡུ་དང་། སྲུང་འཁོར་མཚམས་གཅོད་རྒྱན་བཀོད་སྤྱི་བཞིན་བྱས་ཤིང་། དངོས་གཞིའི་ཐུན་དང་དུས་སོགས་སྔར་བཞིན་ལ་རྗེས་ཀྱི་བྱ་བ་རྣམས་ཅུང་ཟད་བསྡུས་པས་ཀྱང་འགྲུབ་པ་ཡིན་ནོ།།

            གཞན་ཡང་དུས་འཁོར་དང་རྟ་མགྲིན་གྱི་རྒྱུད་སོགས་ཀྱི་མན་ངག་ལས། ཚོགས་རྣམས་ལས་ཁྱུང་ལྔ་དང་། ལོ་གྱོན་རིམས་འཇོམས་དང་། རྟ་ཟི་དམར་པོ་དང་། གཞན་ཡང་བཅུད་ལེན་སྣ་ཚོགས་སོགས་སྨན་གྱི་སྒོས་སྒྲུབ་དུ་མ་འབྱུང་ཞིང་། དེ་དག་གི་ལག་ལེན་ཀྱང་ཕལ་ཆེར་ད་ལྟའང་བཞུགས་པས་བརྩོན་འགྲུས་དང་དོན་གཉེར་གྱིས་ལྕོགས་ན་མན་ངག་གིས་ཕོངས་པ་མེད་དོ།།

 

སྨྲས་པ།

གདོད་ནས་རྣམ་དག་སྣང་སྲིད་དོན་གྱི་བདུད་རྩི་ཉིད།།

གློ་བུར་དུག་ལྔ་ཕུང་པོ་ལྔ་དང་ཁམས་ལྔའི་དྲི།།

ཡེ་ཤེས་ལྔ་དང་ལམ་ལྔའི་རྩི་ཡིས་རྣམ་སྦྱངས་བས།།

སྐུ་དང་ཡེ་ཤེས་དབྱེར་མེད་བདུད་རྩི་གསལ་བར་བྱས།།

འབྱུང་ལྔའི་ངོ་བོ་ས་རྡོ་རྩི་ཤིང་གཟུགས་སྣང་བ།།

རིགས་ལྔའི་རང་བཞིན་གནས་ལུགས་དོན་གྱི་བདུད་རྩིའི་ཁམས།།

ཏིང་འཛིན་སྔགས་ཀྱིས་རང་གི་ཆོས་ཉིད་དེ་ཁོ་ན།།

གསལ་བར་བྱས་འདི་གཤིས་ལུགས་རྫས་བསྒྱུར་རིགས་པ་ཉིད།།

            སྨན་རྣམས་བདུད་རྩིར་བསྒྱུར་བའི་ལས་ཚོགས་ཀྱི་ཁོག་ཙམ་བཤད་པ་འདི་ནི་རྒྱ་གར་དབུས་གཞུང་གི་(AYUSH)ཚེ་རིག་ལྷན་ཚོགས་ནས་ཆེད་འཛུགས་མཛད་པའི་བོད་ཀྱི་གསོ་རིག་འདི་ཉིད་རྒྱ་གར་གྱི་རྩ་ཁྲིམས་ནང་དུ་ངོས་འཛིན་བྱ་འོས་མིན་དཔྱོད་པའི་མཁས་པའི་ཚོགས་ཆུང་གི་སྤྱན་སྔར་བསྟར་ཆེད་དུ་སྨན་སྒྲུབ་ཀྱི་ལག་ལེན་རྣམས་ཀྱི་གོ་རིམ་ཙམ་དུ་རེག་ཟེགས་སུ་མདོ་སྟོད་སའི་ཆར་ལྟེ་མཚལ་འཐོར་བ་འཚོ་བྱེད་ཀྱི་མིང་ཙམ་ལ་རེ་བའི་ཆོས་ནོར་གཉིས་མེད་ཀྱི་འཁྱམས་པོ་སུདྷཱིཿམིང་ཅན་གྱིས་ཝཱར་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་ལོ་ ༢༠༠༧ ཕྱི་ཟླ་ ༠༣ པར་ཟིན་ཐོར་བཏབས་པའི་ཡི་གེ་བ་དང་དབྱིན་སྐད་དུ་བསྒྱུར་བའི་ལོ་ཙཱ་བ་ནི་རང་སློབ་རྣམ་དཔྱོད་ཀྱིས་ཕྱུག་པ་བདེ་ཁང་བཀྲ་ཤིས་ཟླ་བས་བགྱིས་པ་དགེ་ལེགས་འཕེལ།།

མཐའ་མའི་འདོན་ཐེངས་།: 28.07.2014 ཉིན། 11:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།