སྨན་རྩིས་དྲ་བ། - དྲ་བརྙན།

སྨན་རྒྱུའི་ལས་སྣོན་བྱེད་ཐབས་དང་སྨན་སྦྱོར་ཆེད་ལས་པའི་འགན་སྲུང༌།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.11.2015
དྲ་བརྙན། >>

 

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་2015 ཟླ་10 ཚེས་26-31བར་ཉིན་དྲུག་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ "བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་" ཅེས་གོ་སྒྲིག་ཞུས་པའི་སྐབས། ནོར་གླིང་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་སྨན་པ་སྤེན་པ་ཚེ་རིང་ལགས་ཀྱིས་ "སྨན་རྒྱུའི་ལས་སྣོན་བྱེད་ཐབས་དང་། སྨན་སྦྱོར་ཆེད་ལས་པའི་དམིགས་བསལ་འགན་སྲུང་།" གི་བརྗོད་གཞིའི་ཐོག་ལ་གསུང་བཤད་ཅིག་གནང་ཡོད།

 

འདིར་ནོན་ནས་གསུང་བཤད་དེ་གསན།

 

 

 


བརྗོད་གཞི་སྙིང་བསྡུས།

 

སྨན་རྒྱུའི་ལས་སྣོན་བྱེད་ཐབས་དང་སྨན་སྦྱོར་ཆེད་ལས་པའི་འགན་སྲུང༌།

- སྨན་རམས་པ་སྤེན་པ་ཚེ་རིང་།

 


དང་པོ། སྨན་རྒྱུའི་ལས་སྣོན་བྱེད་ཐབས་སམ་འདུལ་སྦྱོང་བྱེད་ཐབས་ཀྱི་དགོས་དམིགས་ནི།

དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཀུན་གསལ་སྣང་མཛོད་ལས། "མ་བཏུལ་སྨན་རྒོད་རང་རང་དུག་དང་ལྡན། །དུག་ཅེས་སྲོག་འཕྲོག་ནུས་པ་མ་ཡིན་ཀྱང༌། །ཟུངས་ངན་སྨན་རྩུབ་དཔྱད་ལོག་སྲོག་འདོར་བྱེད། །ཕན་ལས་གནོད་ཆེ་རྩུབ་པས་ཟུག་གཟེར་ལྡང༌། །ཕོ་བའི་མེ་གསོད་མིག་འགྲིབ་རྩ་སྒོ་འགག །རྣོ་བའི་ནུས་བཏུལ་ནད་སློང་ཡི་ག་འགག །བཤལ་སྐྱུག་གོ་ཟློག་ལ་སོགས་ཉེས་མང་སྐྱེད། །དུག་ཕྲལ་བཏུལ་བས་རྣོ་འཇམ་ནུས་པ་ལྡན། །རོ་ནུས་ཞུ་རྗེས་སྦྱོར་བ་ཚད་དུ་སྨིན། །དེ་ཕྱིར་འདུལ་བའི་ལས་ལ་བརྩོན་པར་རིགས།།" ཞེས་གསུངས་པ་ལྟར་གྱི་རྒྱུ་མཚན་ལ་བརྟེན། སྨན་གྱི་རྒྱུ་ཆའི་རིགས་རྣམས་གཙང་མ་བཟོས་ཏེ་སྨན་གྱི་ཁོངས་སུ་མ་གཏོགས་པ་རྣམས་དོར་བ་དང༌། སྨན་གྱི་ཕན་ནུས་ཆེ་རུ་གཏོང་བ། སྨན་གྱི་ནུས་པར་འགྱུར་ལྡོག་གཏོང་བ། ཕོག་ཐུག་གི་རང་བཞིན་མེད་པ་བཟོ་བ་དང༌། ཡང་ན་ཆུང་དུ་གཏོང་བ། ནུས་ཡོད་ཀྱི་སྒྲུབ་ཆ་ཚུར་ལེན་པའི་སྒོ་ནས་སྨན་སྦྱོར་བྱེད་པའི་བརྒྱུད་རིམ་ལ་བརྟེན་ནས་སྨན་གྱི་སྤུས་ཚད་དང་ནུས་པ་ཚད་ལྡན་ཡོང་བ་བྱེད་ཀྱི་ཡོད། དེ་ལྟ་བུའི་དགོས་དམིགས་སྒྲུབ་ཐབས་སླད་ཐོག་མར་སྨན་རྒྱུ་འཐུ་སྒྲུབ་ནས་སྒོ་བརྩམ་སྟེ་མཇུག་ནད་གཞི་སོ་སོར་མཁོ་བའི་སྨན་རིགས་ཁག་བཟོ་བསྐྲུན་མ་ཟིན་བར་དོ་སྣང་ཆེན་པོའི་ངང་ནས་ལས་ཐབས་རྣམས་ཞིབ་ཚགས་དང་གཞུང་དང་མཐུན་པ་ཚད་ལྡན་བྱ་དགོས་པ་ནི་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད། དེ་ལ་ཡང་སྔོ་སྨན་རྣམས་འཐུ་སྒྲུབ་སྐབས་གཞུང་ནས་གསུངས་པའི་གཅེས་པའི་ཡན་ལག་བདུན་ལྡན་དང༌། བོད་སྨན་འདུལ་སྦྱོང་བྱེད་ཐབས་སྣ་ཚོགས་གསུངས་ཡོད་པ་རྣམས་མཐོང་བརྒྱུད་ཀྱི་ལག་ལེན་ཚད་ལྡན་དང་ལོ་མང་སྦྱོང་བརྡར་བྱེད་པའི་ཉམས་མྱོང་ལ་བརྟེན་དགོས་པ་ཞིག་ཡིན།

 

གཉིས་པ། སྔོ་སྨན་སྐབས་གཅེས་པའི་ཡན་ལག་བདུན་ལྡན་ནི།

རྒྱུད་ལས། "སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང༌། །སྐམ་གསེད་ལེགས་དང་སོ་མ་རྙིང་པ་དང༌། །དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ།།" ཞེས་གསུངས།

དང་པོ་སྐྱེ་སར་སྐྱེས་ཞེས་པ་ནི། གཞུང་ལས། "སྐྱེ་ས་ས་གཙང་ཉམས་དགའ་བུདྡྷས་བཅགས། །བཀྲ་ཤིས་ཡོན་ཏན་ལྡན་ཞིང་ས་གཞི་གཤིན། །གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས། །ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེས་ཞེས་བྱ།།" ཞེས་གསུངས་པ་ལྟར། སྔོ་སྨན་སྐྱེ་སའི་ཁོར་ཡུག་ཤིན་ཏུ་ནས་གཙང་ཞིང་གཞན་གྱི་དྲིས་མ་འགོས་པའི་ས་སྟེ་གད་སྙིགས་གཡུག་ས་དང༌། དེ་བཞིན་རྫས་འགྱུར་རིགས་སྦྱོར་བཟོ་བྱེད་ས། བརྒྱ་ལམ་དང་བཤང་གཅིན་གཏོང་ཡུལ་གྱི་ཉེ་འགྲམ་སོགས་མ་ཡིན་པར་ས་ཕྱོགས་གཙང་ཞིང་ཉམས་དགའ་བ་དང༌། སྔོན་བྱོན་སྐྱེས་ཆེན་དམ་པ་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པ་སོགས་བཀྲ་ཤིས་པའི་ཡོན་ཏན་དང་ལྡན་པ་མ་ཟད། སྐྱེས་ཡུལ་གྱི་ས་གཞི་དེ་ཉིད་གཤིན་པ་ཞེས་བ་ཚྭ་དང་བྱེ་རྡོ་སོགས་དང་ལྡན་པ་མ་ཡིན་པའི་ས་གཞི་འབོལ་བ་སྟེ་གཤིན་པར་སྔོ་སྨན་རྣམས་འཚར་སྐྱེས་བཟང་བ་དང༌། དེ་བཞིན་གངས་ཅན་ཞེས་རི་བོ་ཁ་བྱང་བལྟའི་ངོས་སུ་བསིལ་སྨན་དང༌། འབིགས་བྱེད་ཅེས་རི་བོ་ཁ་ལྷོ་ལྟའི་ངོས་སུ་དྲོད་སྨན་རྣམས་སྐྱེས་པ་ནི་བསིལ་དྲོད་ཀྱི་གནས་མི་འཆོལ་བར་རང་རང་སོ་སོའི་གནས་སུ་སྐྱེས་པ་དེ་ནི་ཉི་ཟླ་གཉིས་པོའི་འོད་ཟེར་ཕོག་ཆེ་ཆུང་དབང་གིས་བསིལ་དྲོད་ཀྱི་སྟོབས་ཕུལ་དུ་བྱུང་བ་ཡིན་པས་དེ་ལ་སྐྱེ་སར་སྐྱེས་ཞེས་བྱ་བ་ཡིན།


གཉིས་པ་དུས་སུ་བཏུ་བ་ནི། རྒྱུད་ལས། "བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ། །སྡོང་པོའི་རིགས་ཡིན་ཤ་རུས་རྩ་ནད་སེལ། །སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས། །ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ། །ལོ་མའི་རིགས་ཡིན་སྣོད་རྐང་ལྷ་ནད་སེལ། །འདབ་རྒྱས་ཆར་གྱི་དུས་དུ་བཏུ་བར་བསྔགས། །མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ། །འབྲས་བུའི་རིགས་ཡིན་མིག་དོན་མགོ་ནད་སེལ། །སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས། །སྐོགས་པ་བར་ཤུན་ཚི་བ་རྣམ་པ་གསུམ། །ཤུན་པའི་རིགས་ཡིན་ལྤགས་རྒྱུས་ཡན་ལག་སེལ། །ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས། །བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོའི་དུས། །སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ། །ཁྱད་པར་ཟླ་བ་ཡར་ངོའི་དུས་བཟང་ལ། །གཙང་མའི་བྱིས་པ་ཁྲུས་བྱས་མཛེས་པར་བརྒྱན། །གཟུངས་སྔགས་རྟེན་འབྲེལ་སྙིང་པོ་བཟླ་ཞིང་བཏུ།།" ཞེས་པ་ལྟར་རོ།།


གསུམ་པ་དུག་འདོན་པ་ནི། རྒྱུད་ལས། "དུག་དང་ཕྲལ་བ་རྩ་སྡོང་ལྤགས་རྐང་དུག །ཡལ་གའི་ཚིགས་དུག་ངར་པ་ལོ་མའི་དུག །མེ་ཏོག་གོས་དུག་རུས་པ་འབྲས་བུའི་དུག །ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ། །དྲེག་པ་ལྤགས་དུག་ཤ་གདན་བར་ཤུན་དུག །དུག་ཕྲལ་སྨན་ནི་འཇམ་ཞིང་འཇུ་བ་སླ།།" ཞེས་གསུངས་པ་ལྟར། སྔོ་སྨན་རྣམས་གང་བྱུང་བཏུ་བ་ཙམ་མ་ཡིན་པར་རྩ་སྡོང་ཡལ་འདབ་སོགས་ལ་རང་རང་གི་དུག་རེ་ཡོད་པས་དུག་དེ་དག་འཕྲལ་དགོས་པ་གལ་ཆེ་ཞིང༌། དུག་དེ་རྣམས་ལེགས་པར་འཕྲལ་བའི་སྔོ་སྨན་ནི་འཇམ་པས་རླུང་མི་འཁྲུགས་པ་དང༌། ལུས་ཟུངས་ལ་མི་གནོད་པ། ཁྱད་པར་དུ་ཕོ་བའི་མེ་དྲོད་ལ་མི་གནོད་ཅིང་འཇུ་སླ་བའི་ཡོན་ཏན་དང་ལྡན་པ་ཡིན། སྐབས་འདིར་བཤད་པའི་དུག་ཅེས་པ་འདིས་སྲོག་འཕྲོག་པ་མ་ཡིན་ཀྱང་སྨན་རྫས་དེ་རྣམས་ཀྱི་ནུས་པ་རྩུབ་ཅིང་འཇུ་དཀའ་བའི་སྐྱོན་དང་ལྡན་པས་དེ་ལྟར་བཏགས་པ་ཞིག་ཡིན་ནོ།།


བཞི་པ་སྐམ་གསེད་བྱེད་ཚུལ་ནི། རྒྱུད་ལས། "སྐམ་གསེད་གང་ཡང་བཏུ་དུས་རྨ་ཕབ་ལ། །བསིལ་སྨན་གྲིབ་ལྷགས་དྲོད་སྨན་མེ་ཉིས་སྐེམ། །བསེར་གྱིས་མ་གཞིགས་མེ་ཉིས་མ་གདུངས་པ། །དུ་བ་མ་ཕོག་གཞན་གྱི་དྲི་མ་གོས། །རང་གི་ནུས་ལྡན་ཡོན་ཏན་དཔག་ཏུ་མེད།།" ཞེས་གསུངས་པ་ལྟར་རོ།།


ལྔ་པ་སོ་མ་རྙིང་པ་ཞེས་པ་ནི། རྒྱུད་ལས། "སོ་མ་རྙིང་པ་ལོ་དུས་མ་ལོན་པ། །དུས་འདས་ནུས་པ་འཆོར་ཕྱིར་ལོ་དུས་སྤོ།།" ཞེས་གསུངས་པ་ལྟར་རོ།།


དྲུག་པ་འཇམ་བཙལ་བ་ནི། རྒྱུད་ལས། "འཇམ་བཙལ་གསུམ་སྟེ་སྦྱོར་བས་འཇམ་པ་དང༌། །ཁ་འཛིན་འཇམ་དང་གཉེན་པོས་འཇམ་པའོ།།" ཞེས་གསུངས་པ་ལྟར། འཇམ་བཙལ་བ་ཞེས་སྨན་སྦྱོར་གྱི་ནུས་པ་འཇམ་དུ་བཏང་ནས་ཕོག་ཐུག་གི་རང་བཞིན་ཆུང་དུ་གཏོང་བ་ཞིག་ཡིན། དེ་ཡང་སྦྱོར་བའི་སྒོ་ནས་འཇམ་བཙལ་བ་ནི། རྒྱུད་ལས། "སྦྱོར་བས་འཇམ་པ་རིགས་མཐུན་མང་སྣ་སྤྲད།།" ཅེས་ཚ་བའི་ནད་རྣམས་ལ་ཚ་སེལ་གྱི་སྔོ་སྨན་གང་རིགས་རོ་ནུས་མཐུན་པ་རྣམས་དང༌། གྲང་བའི་ནད་རྣམས་ལ་གྲང་སེལ་གྱི་སྔོ་སྨན་གང་རིགས་རོ་ནུས་མཐུན་པ་སོགས་ནད་རིགས་སོ་སོ་ལ་ཕན་པའི་སྔོ་སྨན་རིགས་མཐུན་མང་པོ་སྣ་སྤྲད་དེ་གཏོང་དགོས་པ་ཡིན། དེའི་རྒྱུ་མཚན་ཡང་བཤད་རྒྱུད་ལས། "རོ་སོགས་མ་བཅོས་གང་ཡང་སྟོབས་ཅན་ཡིན། །རོ་མཉམ་ནུས་པ་སོ་སོ་རྟེན་སྟོབས་དང༌། །གྱུར་པ་སྦྱར་བའི་དབང་ལས་འབྱུང་འགྱུར་ཏེ། །མི་མཐུན་འོག་མས་གོང་མ་ཟིལ་གྱིས་གནོན། །ཐམས་ཅད་མཐུན་ན་རོ་ཡིས་ལས་བྱེད་ལ། །རོ་བཞིན་མི་གནོད་ཞུ་རྗེས་ལས་བྱེད་དེ། །རོ་ལས་གོ་ལྡོག་ནུས་པས་ལས་བྱེད་པས། །རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར།།" ཞེས་གསུངས་པ་བཞིན་ནོ། ཁ་འཛིན་གྱིས་འཇམ་བཙལ་བ་ནི། རྒྱུད་ལས། "ཁ་འཛིན་འཇམ་པ་ཕོ་བ་དོན་སྣོད་རྣམས། །གང་ལ་བབས་པའི་ཁ་འཛིན་བཅས་ཏེ་བསྟེན།།" ཞེས་ཕོ་བ་དང་དོན་སྣོད་གང་དང་གང་ལ་ནད་བབས་ཡོད་ན་ཡང་དེ་དང་དེའི་གཉེནཔོའི་ཁ་འཛིན་བསྟེན་དགོས་པ་ནི། བཤད་རྒྱུད་ལས། "གནས་དང་ནད་གཞི་སོ་སོའི་ཁ་འཛིན་ནི། །སྙིང་ལ་ཛཱ་ཏི་གློ་ལ་ཅུ་གང་སྟེ། །མཆིན་པར་གུར་གུམ་སྲོག་རྩར་ལི་ཤི་བཏང༌། །མཁལ་མར་སུག་སྨེལ་མཆེར་པར་ཀ་ཀོ་ལ། །ཕོ་བའི་ཁ་འཛིན་སེ་འབྲུ་པི་པི་ལིང༌། །མཁྲིས་པའི་ཁ་འཛིན་ཏིག་ཏ་གསེར་མེ་ཏོག །རླུང་ལ་ཛཱ་ཏི་སླེ་ཏྲེས་རུས་བཅུད་གསུམ། །བད་ཀན་མ་ནུ་འུ་སུ་བསེ་ཡབ་བཏང༌། །ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་ཏེ། །ཆུ་སེར་སྤོས་དཀར་ཐལ་རྡོར་སོ་མ་ར། །གཉན་དང་གདོན་ལ་གླ་རྩི་གུ་གུལ་ནག །དེ་དག་གང་དང་གང་དགོས་རྟགས་དང་སྦྱར།།" ཞེས་གསུངས་པ་ལྟར་རོ། །གཉེན་པོས་འཇམ་བཙལ་བའི་ཐབས་ནི། རྒྱུད་ལས། "གཉེན་པོས་འཇམ་བཙལ་སྔོ་རྣམས་ཐམས་ཅད་ཀུན། །རླུང་འབུད་ཕོ་བའི་མེ་གསོད་ལུས་ཟུངས་སྐེམ། །དེ་ཕྱིར་རླུང་གནོན་ཤ་ཆེན་བུ་རམ་སྟེ། །ཕོ་བའི་མེ་གསོ་སེ་འབྲུ་པི་པི་ལིང༌། །ལུས་ཟུངས་རྒྱས་པར་བྱེད་ལ་ཨ་རུ་ར། །དེ་རྣམས་མ་འཛོམས་ཁཎྜ་ཤིས་པ་ཡིན།།" ཞེས་གསུངས་པ་ལྟར་རླུང་ནད་ལ་སོགས་པར་རང་རང་གི་གཉེན་པོ་རྣམས་བསྟེན་དགོས་པ་ཡིན་ནོ།།


བདུན་པ་འཕྲོད་པར་སྦྱར་བ་ནི། རྒྱུད་ལས། "འཕྲོད་པར་སྦྱར་བ་གནད་གསུམ་ཤེས་པ་ཡིས། །བསིལ་དྲོད་མ་འདྲེས་མཐུན་བསྡེབས་སྦྱར་བྱས་ཏེ། །ཚ་སེལ་གྲང་སེལ་གཉིས་སུ་ཤེས་པར་བྱ།།" ཞེས་སྨན་རྫས་གང་ཞིག་རོའི་ནུས་པས་ལས་བྱེད་པ་དང༌། སྨན་རྫས་གང་ཞིག་ཞུ་རྗེས་ཀྱི་ནུས་པས་ལས་བྱེད་པ། སྨན་རྫས་གང་ཞིག་ངོ་བོའི་ནུས་པས་ལས་བྱེད་པ་བཅས་ཀྱི་གནད་འགག་གསུམ་པོ་ཤེས་པའི་སྒོ་ནས་དེ་དག་རྣམས་བསིལ་དྲོད་མ་འདྲེས་པར་ཕན་ཚུན་མཐུན་པར་བསྡེབས་ཤེས་པ་བྱེད་དགོས་སོ།།


 

གསུམ་པ། བོད་སྨན་འདུལ་སྦྱོང་ངམ་ལས་སྣོན་བྱེད་ཐབས་སྣ་ཚོགས་ཡོད་པ་ལས་གལ་ཆེ་ཤོས་གཉིས་ནི།

སྔོ་སྨན་འཐུ་སྒྲུབ་སྐབས་དང་སྨན་རྫས་འདུལ་སྦྱོང་ངམ་ལས་སྣོན་གཉིས་ཡིན། སྔོ་སྨན་འཐུ་སྒྲུབ་སྐབས་ཇི་ལྟར་བྱེད་དགོས་གོང་དུ་ཞུས་ཟིན་པ་དང༌། འདིར་བོད་སྨན་འདུལ་སྦྱོང་སྐབས་རྒྱུན་ལྡན་གྱི་ཐབས་ཤེས་སམ་ལས་སྣོན་ཁག་ནི། གདམ་ཉར་བྱེད་པ། ཚགས་རྒྱག་པ། བྲད་བྲད་གཏོང་བ། ནང་རུས་འདོན་པ། དྲེག་པ་འཁྲུ་བ། ཆུ་བསིངས་རྒྱག་པ། གཤགས་པ། བརྡུང་བ། ཞིབ་དབུར་བྱེད་པ། རྐྱང་པར་བརྔོ་བ། བྱེ་མར་བརྔོ་བ། སྦུབ་སྲེག་གཏོང་བ། ཧར་སྲེག་བྱེད་པ། ཁཎྜ་བཟོ་བ། བཙོ་བཀྲུ་བྱེད་པ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་དེ་སྨན་གྱི་སྤུས་ཚད་དང་ནུས་པ་ཚད་ལྡན་ཡོང་བ་བྱེད་དགོས།།

༡། གདམ་ཉར་བྱེད་པ་ཞེས་པ་ནི། དངོས་སུ་བེད་སྤྱོད་བྱེད་རྒྱུའི་སྨན་ནང་མི་འགྲོ་བའི་རིགས་དང༌། གད་སྙིགས་རྣམས་ཕྱིར་དོར་ཏེ་དགོས་ངེས་ཀྱི་སྨན་དེ་ཉིད་འདེམས་ནས་ཉར་ཚགས་བྱེད་པ་ལ་ཟེར་བ་ཡིན།

༢། ཚགས་རྒྱག་པ་ཞེས་པ་ནི། སྨན་རྫས་དེ་ཉིད་ཚགས་ཞིབ་རག་འདྲ་མིན་སྣ་ཚོགས་བེད་སྤྱད་དེ་བྱེ་མ་དང་ཐལ་རྡུལ་སོགས་མེད་པ་བཟོ་དགོས། ཐབས་ལམ་འདི་ཉིད་སྨན་རྫས་འདུལ་སྦྱོང་སྐབས་ལས་ཆོད་ཆེ་ལ་སྤྱོད་སྒོ་མང་བའི་གྲས་ཤིག་ཡིན། དཔེར་ན། སྨན་ཕྱེ་ལ་སྨན་ཕྱགས་སོགས་ཀྱི་སྤུ་ཐུང་ཤོར་ནས་འདོར་ལེན་བྱེད་དཀའ་བའི་རིགས་འབྱེད་དགོས་བྱུང་ན་ཚགས་རྒྱག་དགོས་པ་ལྟ་བུ་རེད།

༣། བྲད་བྲད་གཏོང་བ་ཞེས་པ་ནི། གྲི་ཆུང་ལྟ་བུའི་ཆ་བྱད་ལ་བརྟེན་ནས་སྨན་ནང་མི་འགྲོ་བའི་སྨན་རྫས་ཀྱི་ཕྱི་ལྤགས་རྩུབ་མོ་དང་སྤུ་ཚེར་རྣམས་བྲད་བྲད་བཏང་ནས་མེད་པ་བཟོ་བའི་ཐབས་ཤེས་ཤིག་ཡིན། དཔེར་ན། སྐྱེར་ཤུན་དང་སླེ་ཏྲེས་སོགས་ཀྱི་ཕྱི་པགས་བྲད་བྲད་གཏོང་བ་དང༌། ཀོ་བྱི་ལའི་སྤུ་བྲད་བྲད་གཏོང་བ་ལྟ་བུ་རེད།

༤། ནང་རུས་འདོན་པ་ཞེས་པ་ནི། འབྲས་བུའི་རིགས་ཀྱི་སྨན་རྫས་ཁ་ཤས་ཀྱི་ཤ་ཁོ་ན་ལས་ནང་རུས་བེད་སྤྱོད་མི་རུང་བའི་སྐབས་ནང་གི་རུས་པ་དོར་ནས་ཤ་ཁོ་ན་སྨན་སྦྱོར་བྱེད་པ་དེའི་རིགས་ཡིན། དཔེར་ན། ཨ་རུ་བ་རུ་སྐྱུ་རུ་བཅས་འབྲས་བུ་གསུམ་གྱི་ནང་རུས་དོར་བ་ལྟ་བུ་ཡིན།

༥། དྲེག་པ་འཁྲུ་བ་ཞེས་པ་ནི། སྨན་དུ་སྤྱོད་པའི་རྫས་དེ་སྟེང་མི་གཙང་བ་དང་སྣུམ་དྲེག་སོགས་ཡོད་པ་ཆུ་བསིལ་དྲོད་གང་རུང་གིས་འཁྲུ་དགོས་པ་དེ་རིགས་ཡིན།  དཔེར་ན། ཅོང་ཞི་བཙཽས་རྗེས་འཁྲུ་དགོས་པ་ལྟ་བུ་ཡིན།

༦། ཆུ་བསིངས་རྒྱག་པ་ཞེས་པ་ནི། སྨན་རྫས་རྣམས་རྒྱུགས་ཆུའི་ནང་འཁྲུ་བ་དང༌། ཡང་ན་ཆུ་མང་ཙམ་བླུགས་ཏེ་ཆུ་བསིངས་ཡང་ཡང་བྱས་པ་ལ་བརྟེན་ནས་སྙིགས་རོ་དང་དུག་ཤས་ཀྱི་རང་བཞིན་མེད་པ་བཟོ་བ་དེ་ཡིན། དཔེར་ན། མུ་ཟི་སེར་པོ་དང་གངས་ཐིགས་ཀྱི་ལས་སྣོན་ལྟ་བུ་ཡིན།

༧། བཤགས་པ་ཞེས་པ་ནི། གྲི་དང་སྟ་རེ་སོགས་ཀྱིས་སྨན་རྫས་ཆེན་པོའི་རིགས་རྣམས་བཤགས་བཏུབ་ཀྱིས་ཆུང་ཆུང་བཟོས་ནས་མི་རུལ་མི་སུངས་པར་སྐེམ་པར་བྱེད་པ་དེ་ཡིན། དཔེར་ན། ཨ་གར་གྱི་རིགས་དང༌། སྒ་སྐྱ། ལ་ཕུག སྒོག་པ་ལྟ་བུ་ཡིན།

༨། བརྡུང་བ་ཞེས་པ་ནི། ངོ་བོ་མཁྲེགས་ཤིང་སྲ་བའི་རིགས་ཀྱི་རྡོ་སྨན་དང༌། ཡང་ཕྱི་སྐོགས་སྲ་བའི་སྨན་རྫས་རིགས་ཟུར་དུ་བརྡུང་དགོས་པ་ཡིན།་དཔེར་ན། མུ་མེན་དང༌། མུ་ཏིག མརྒད། འཇམ་འབྲས། མཁལ་ཞོ་ལྟ་བུ་ཡིན།

༩། ཞིབ་དབུར་བྱེད་པ་ཞེས་པ་ནི། སྨན་བཅོས་ཀྱི་དགོས་མཁོར་གཞིགས་ནས་སྨན་རྫས་ཁ་ཤས་འཇམ་དབུར་བྱེད་པའི་ཐབས་ཤེས་ཀྱིས་ཕྱེ་མ་ཙམ་དུ་མི་འཇོག་པར་རྩི་ལྟར་ཞིབ་པར་བཏགས་ནས་སྨན་དུ་སྦྱོར་བ་དེ་ལ་ཟེར། འདི་ལ་སྐམ་དབུར་དང་རློན་དབུར་གཉིས་ཡོད། སྐམ་དབུར་ནི་དཔེར་ན། མུ་ཏིག་སོགས་རིན་ཆེན་གྱི་རིགས་དང༌། རིལ་རྩིའི་ཆེད་ཅོག་ལ་དང༌། ལྕགས་རྩི། ཅོང་ཞི་ལྟ་བུ་ཡིན། རློན་དབུར་ནི།  དཔེར་ན། བསེ་རུ་ཆུ་བཏུལ་དང༌། བཙོ་ཐལ་ལྟ་བུ་ཡིན།

༡༠། རྐྱང་པར་བརྔོ་བ་ཞེས་པ་ནི། སྨན་རྫས་ཁག་གཅིག་ལྕགས་སླང་ནང་རྐྱང་པར་བརྔོ་བ་དེ་ཡིན། དཔེར་ན། ཟེ་ཚྭ་དང༌། ཅོང་ཞི། གོ་བྲུན་ལྟ་བུ་ཡིན།

༡༡། བྱེ་མས་བརྔོ་བ་ཞེས་པ་ནི། ཆུ་འགྲམ་གྱི་བྱེ་མ་རྩིང་ཞིབ་སྙོམས་པ་དང་ས་རྡུལ་མེད་པ་དེ་ཉིད་སླ་ངའི་ནང་བླུགས་རྗེས་མེ་ཤུགས་ཆེན་པོས་བྱེ་མ་སོབ་སོབ་མ་གྱུར་བར་དུ་འཇོག དེ་རྗེས་སྨན་རྫས་འོས་འཚམ་རེ་བླུག་ལ་རྒྱུན་ཆད་མེད་པར་དཀྲུགས་པས་སེར་པོར་གྱུར་བ་སོགས་རང་རང་གི་ཚད་བཞིན་ཡོས་བརྔོ་ཐབས་ཀྱི་ལག་ལེན་ལྟར་བྱེད་དགོས་པ་ཡིན། དཔེར་ན། འཇམ་འབྲས་དང༌། མཁལ་ཞོ། གཟེ་མ། རྒྱ་རུ། བསེ་རུ་ལྟ་བུ་ཡིན།

༡༢། སྦུབ་སྲེག་གཏོང་བ་ཞེས་པ་ནི། ཤིང་སྔོ་བྲུན་ལ་སོགས་པའི་སྨན་རྫས་གང་ཡིན་པ་དེ་མེ་ཐབ་ཀྱི་སྲེག་རྫ་དང་ཡང་ན་ལྕགས་སླང་ཁེབས་གཅོད་ཡོད་པ་སོགས་ཀྱི་ནང་བཅུག་སྟེ་མཐོང་བརྒྱུད་ལག་ལེན་བཞིན་འདམ་གྱིས་ཁ་དམ་པར་བཅད་རྗེས་མེ་ཤུགས་རན་པོས་སྨན་རྫས་སོ་སོའི་དགོས་ངེས་ཀྱི་དུས་ཚོད་ལྟར་བསྲེགས་པའི་ལག་ལེན་དེ་ལ་ཟེར། དཔེར་ན། གར་ནག་དང༌། ཕུར་ནག འགྲོན་བུ། ལྕགས་རིགས་སོགས་ཡིན།

༡༣། ཧར་སྲེག་གཏོང་བ་ཞེས་པ་ནི། སྨན་རྫས་ཁག་གཅིག་གི་ལྕི་སྣུམ་དང་རླན་བཤེར་གྱི་ཆ་མེད་པ་བཟོ་ཕྱིར་སྨན་རྫས་དེ་ཉིད་སོལ་མེའི་དབུས་སུ་བཅུག་ནས་རང་མདོག་དཀར་པོར་མ་གྱུར་བར་དུ་མེར་ཐད་ཀར་བསྲེག་དགོས་པ་དང༌། གྲང་ནས་སྨན་རྫས་རྣམས་ཚུར་ལེན་དགོས། མ་འཚིག་པར་ནག་པོ་ཐོན་ཚེ་རྗེས་སུ་སླར་ཡང་བསྲེག་ཆོག་པ་ཡིན། འོན་ཀྱང་མ་འཚིག་པར་ནག་པོ་ལུས་པ་དེ་ཉིད་སྨན་ནང་གཏོང་མི་ཆོག དཔེར་ན། ཤ་རུ་དང་འགྲོན་བུ་ལྟ་བུ་ཡིན།

༡༤། ཁཎྜ་རྒྱག་པ་ཞེས་པ་ནི། ཤིང་སྔོ་སོགས་ཀྱི་སྙིགས་མ་དོར་ནས་དེའི་དྭངས་མ་ཁོ་ན་སྨན་དུ་སྤྱོད་ཕྱིར་སྨན་རྫས་དེའི་ནང་ཆུ་འོས་འཚམས་ཤིག་བླུགས་ནས་བཙོས་རྗེས་ལག་ལེན་བཞིན་ཁུ་བ་དེ་རས་ཚགས་བརྒྱབས་ཏེ་སྣོད་གཞན་ཞིག་ཏུ་ཁཎྜ་མ་ཆགས་བར་དུ་བསྐོལ་ནས་བེད་སྤྱོད་བྱེད་པ་དེ་ཡིན། དེའི་ལག་ལེན་ཡང་རྒྱུད་ལས། "དེ་སོགས་ཁཎྜའི་སྡེ་ཚན་སྦྱར་བའི་ཐབས། །ས་བཤལ་ཁྲམ་ཁྲུམ་བརྡུང་བཙོས་ཁུ་བ་བཏོན། །རྔ་མས་ལེགས་བཙགས་གཙང་མའི་རྫ་ནང་གདུ། །མ་འདྲེགས་དཀྲུག་ཅིང་སྐྱོ་མ་ལྦུ་ནག་ཅན། །དེ་དུས་ཕོག་ལ་ཐིགས་གཅིག་རྡོ་སྟེང་བླུག །དེ་གྲང་འདྲིལ་དུ་བཏུབ་ན་འཚོས་ཚད་ཡིན། །མཐའ་ཡི་འདྲེགས་པ་མི་བཏང་དྲོད་བུར་བཙའ།།" ཞེས་གསུངས་པ་ལྟར་རོ།།

༡༥། བཙོ་བཀྲུ་བྱེད་པ་ཞེས་པ་ནི། སྨན་རྫས་དེ་ཆུར་བཙོ་བའི་དྲོད་སྟོབས་ཀྱིས་སྨན་རྫས་དེ་ལ་གནས་པའི་དྲི་མ་དང་དུག་ཕྱིར་ཐོན་པར་བྱེད་པ་དང༌། སྐབས་འགར་སྨན་རྫས་གཞན་བླུགས་པའི་སྨན་ཁུའི་ནང་བཙོ་བཀྲུ་བྱེད་དགོས་སོགས་སྨན་རྒྱུ་འདུལ་བཟོ་བྱེད་པའི་ལག་ལེན་ཞིག་ཡིན། དཔེར་ན། ལྕགས་རིགས་དང་རྡོ་སྨན་གྲས་དུག་འདོན་བྱེད་ཚུལ་ལྟ་བུ་རེད། གཞན་ཡང་སྨན་རྫས་འདུལ་སྦྱོང་གི་ཐབས་ཤེས་སྣ་ཚོགས་ཡོད་ངེས་པ་ཡིན།

 

བཞི་པ། སྨན་སྦྱོར་ཆེད་ལས་ཀྱི་འགན་སྲུང༌།

སྨན་སྦྱོར་ཆེད་ལས་པ་ཚོས་འགན་སྲུང་བྱེད་དགོས་དོན་ནི། བོད་ལུགས་སྨན་སྦྱོར་རིག་པ་འདི་ཉིད་མི་ཉམས་གོང་འཕེལ་ཡོང་ཐབས་དང་ནད་བཅོས་ཀྱི་བརྒྱུད་རིམ་ནང་ཕན་འབྲས་ཐོན་པ་དང༌། རྙོག་གླེང་མི་འབྱུང་བའི་སླད་གཟབ་ནན་བྱ་དགོས་པ་ཞིག་ཡིན། དེ་ལྟར་ཡོང་ཐབས་སླད་སྨན་སྦྱོར་སྨན་པ་རྣམས་ལ་དགོས་ངེས་ཀྱི་ཆ་རྐྱེན་འཛོམས་པའི་ཐོག་ནས་སྨན་བཟོ་བསྐྲུན་གྱི་ལས་རིགས་དངོས་ཀྱི་ནང་འགན་འཁུར་དང་དོ་སྣང་བྱ་རྒྱུའི་གནད་དོན་ཁག་གཅིག་མདོ་ཙམ་བརྗོད་པར་བྱ་བ་ནི།

དང་པོ། སྨན་སྦྱོར་སྨན་པ་རྣམས་ལ་མཐོང་བརྒྱུད་ཀྱི་ཉམས་མྱོང་ཚད་ལྡན་དགོས་པ།

གཉིས་པ། སྨན་ངོས་འཛིན་གྱི་ཤེས་བྱ་གང་ལེགས་ལྡན་དགོས་པ།

གསུམ་པ། སྨན་རྒྱུ་འཐུ་སྒྲུབ་བྱ་རྒྱུར་རྒྱུན་དུ་ཤུགས་སྣོན་རྒྱག་དགོས་པ།

བཞི་པ། ཁྲོམ་ནས་སྨན་རྒྱུ་ཉོས་རིགས་ལ་སྤུས་ཚད་ལེགས་ཉེས་དང༌། རུལ་སྐྱོན་དང་ཧམ་སྤུ་ཡོད་མེད་སོགས་ཀྱི་ཐད་སྨན་སྦྱོར་སྨན་པས་རྒྱུན་དུ་ནས་འགན་འཁུར་རྐང་ལེན་གྱིས་བརྟག་ཞིབ་བྱ་དགོས་པ།

ལྔ་པ། དེ་ལྟར་སྨན་རྒྱུ་རྣམས་ཉོ་སྒྲུབ་ཟིན་རྗེས་རེ་རེ་ནས་བརྟག་ཞིབ་ཀྱིས་ཐལ་རྡུལ་དང༌། གད་སྙིགས། ལྤགས་པ་བཤུ་དགོས་སོགས་གད་གཙང་བྱ་དགོས་རིགས་ལ་རྒྱུན་དུ་དོ་སྣང་སྤྲོད་དགོས་པ།

དྲུག་པ། ཡུལ་གྱི་གནམ་གཤིས་བཞའ་རློན་ཆེ་ཆུང་སོགས་ལ་དཔག་སྟེ་སྨན་རྒྱུ་རྣམས་མཛོད་ཁང་ནང་བདག་ཉར་བྱ་རྒྱུར་རྒྱུན་དུ་དོ་སྣང་བྱ་དགོས་པ།

བདུན་པ། སྨན་རྫས་ཀྱི་དུག་འདོན་བྱ་དགོས་སླ་བཅོས་ལྷོད་གཡེང་དུ་མ་སོང་བར་གཟབ་ནན་བྱ་དགོས་པ།

བརྒྱད་པ། སྨན་སྦྱོར་བསྡེབས་ཀྱི་ལས་དོན་ཐད་སྨན་སྦྱོར་སྨན་པ་རང་ཉིད་ནས་འགན་འཁུར་རྐང་ལེན་བྱ་དགོས་པ།

དགུ་པ། སྨན་བཟོ་བསྐྲུན་ལ་མཁོ་བའི་འཕྲུལ་ཆས་ཁག་ལ་རྒྱུན་དུ་དོ་སྣང་དང་བསམ་ཞིབ་བྱ་དགོས་པ།

བཅུ་པ། སྨན་ནུས་ཞིབ་ལས་བྱུང་བས་རྩི་བཞིན་བཏགས། །ཞེས་གསུངས་ཡོད་པས་སྨན་རྣམས་ཕྱེ་མར་འཐག་སྐབས་ཞིབ་པོ་ཡོང་ཐབས་ལ་འབད་རྩོལ་ཞིབ་ནན་དང་རྒྱུན་དུ་དོ་སྣང་བྱ་དགོས་པ།

བཅུ་གཅིག དེ་བཞིན་རིལ་བུ་སྒྲིལ་བའི་གནས་སྐབས་སུ་སྨན་རྒྱུ་མཉམ་བསྲེས་བྱ་དགོས་རིགས་དང༌། སྨན་ཁུ་བླུག་དགོས་པ་ཁག རིལ་བུ་སྒྲིལ་བའི་ལས་དོན་སོགས་ལ་འགོ་ནས་མཇུག་བར་གཙང་སྦྲ་དང་ལས་ཀ་ཞིབ་ཚགས་པོའི་སྒོ་ནས་བྱ་རྒྱུར་ལས་བྱེད་རྣམས་ལ་རྒྱུན་དུ་བལྟ་རྟོགས་དང་ལམ་སྟོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

བཅུ་གཉིས། དེ་ལྟར་བཟོ་བསྐྲུན་ལེགས་པར་གྲུབ་ཀྱང་རིལ་བུ་རྣམས་ལ་ཡུལ་གྱི་གནམ་གཤིས་དང་བསྟུན་པའི་བདག་གཅེས་ལེགས་པོ་མ་འབྱུང་ཚེ་ཉེས་སྐྱོན་ཆེན་པོ་ཡོད་པས་སྨན་གྱི་མཛོད་ཁང་ནང་རིལ་བུ་མ་འཇུག་གོང་རིལ་བུ་རྣམས་ལ་བཞའ་རློན་ཡོད་མེད་རྟོགས་ཞིབ་གཟབ་ནན་དགོས་པ་དང༌། རིལ་བུའི་མཛོད་ཁང་དེ་ཉིད་ཀྱང་བཞའ་རློན་མེད་པ། རླུང་འགྲོ་ལེགས་པ། གཙང་སྦྲ་དང་ལྡན་པ་ཡོད་པའི་ཐོག་གནམ་གཤིས་དང་བསྟུན་པའི་བཞའ་རློན་འཐེན་བྱེད་ཀྱི་ཡོ་བྱད་བེད་སྤྱོད་བྱ་རྒྱུ་དང༌། གཞན་ཡང་བཞའ་རློན་འགོག་ཐབས་སླད་འགྱིག་ཤོག་བེད་སྤྱོད་བྱེད་པ་སོགས་ལ་བརྟེན་ནས་རིལ་བུར་ཧམ་སྤུ་དང་འབུ་སྐྱོན་མི་འབྱུང་བ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་ནི་གལ་གནད་ཅན་ཞིག་ཆགས་ཡོད། འདི་དག་ནི་བོད་སྨན་གྱི་སྤུས་ཀ་ཚད་ལྡན་ཡོང་ཐབས་ཀྱི་སྨན་སྦྱོར་ཆེད་ལས་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་འགན་སྲུང་ངམ་འགན་འཁྲི་ཞིག་ཡིན་པ་དང༌། གཞན་ཡང་ཁོར་ཡུག་དང་ཡུལ་ཁྲིམས་སོགས་སྨན་སྦྱོར་ཆེད་ལས་པ་དང་འབྲེལ་བའི་འགན་སྲུང་མང་པོ་ཞིག་ཀྱང་ཡོད་པར་སྣང་ངོ༌།

            གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནས་སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༦ ནས་ ༣༡ བར་བཞུགས་སྒར་དྷ་རམ་ས་ལ་བོད་ཀྱི་སྨན་རྩིས་ཁང་ཚོགས་ཁང་དུ་གོ་སྒྲིག་བསྐྱངས་པའི་གསོ་བ་རིག་པའི་ཟབ་སྦྱོང་སྐབས་དྷ་རམ་ས་ལ་ནོར་གླིང་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་སྨན་པ་སྤེན་པ་ཚེ་རིང་གིས་ཟིན་བྲིས་སུ་བགྱིས་པའོ།། །།

    

མཐའ་མའི་འདོན་ཐེངས་།: 23.11.2015 ཉིན། 4:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།