སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྨན་རམས་པ་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.02.2018
གསོ་རིག་མཁས་དབང་རིམ་བྱོན། >>

 
སྨན་རམས་པ་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ།


 

- བྱམས་པ་འཕྲིན་ལས།

སྨན་རམས་པ་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ་ནི།   བོད་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་སྤྱི་ལོ་ 1912  ལོའི་ཧོར་ཟླ་གསུམ་པའི་ཚེས་ལྔ་ལ།  ས་ལ་དགེ་བཅུའི་དཔལ་གྱིས་ཕྱུག་པའི་ཙོང་ཁའི་སྐྱེས་རིའི་ཉེ་འགྲམ།  བ་ཡན་ཧོར་གཙང་སྡེ་བར་(ད་ལྟའི་ཧྭ་ལོང་རྫོང་གི་ཁོངས་) ཡབ་བཀྲ་ཤིས་དང་།  ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཆུང་དུས་ནས་སྐུའི་གཅེན་པོ་དགེ་སློང་བློ་བཟང་མཆོག་ལྡན་གྱི་མདུན་ནས། ཡི་གེ་འབྲི་ཀློག་དང་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་བློ་འཛིན་བྱས།  དགུང་ལོ་བརྒྱད་ཙམ་ནས་རྒྱ་རྒྱའི་དགོན་དུ་སློབ་གཉེར་ལ་ཕེབས་ཏེ་བཤེས་གཉེན་ར་རྫའི་ཕུན་ཚོགས་རིན་པོ་ཆེའི་མདུན་ནས་སྨན་བླ་དང་སྒྲོལ་མ་ཉེར་གཅིག་སོགས་ལྷག་ལྷ་དུ་མའི་དབང་རྗེས་གནང་མང་པོ་གསན་པ་དང་ཁྱད་པར་བོད་ཀྱི་སྐར་རྩིས་རིག་པ་དང་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས།   དེའི་ཕྱིས་སུ།  རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པན་དུ་བཀུར་བ་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་ལ་ཞྭ་དམར་པཎྜའི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གི་གདན་ས་སྡི་ཚ་དགོན་བཀྲ་ཤིས་ཆོས་སྡིངས་གླིང་དུ་སློབ་གཉེར་ལ་ཕེབས་ཏེ་མཁས་གྲུབ་བྱེ་བའི་གཙུག་ནོར་རྗེ་བཙུན་ཆེན་པོ་གྲགས་པ་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་གཙུག་གི་རྒྱན་ཏུ་བསྟེན་ཏེ་དབང་ལུང་རྗེས་གསུམ་སོགས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་སྨན་དཔྱད་ཐད་སློབ་སྦྱོང་གཤིས་ཕྱིན་པ་གནང་།  དེའི་རྗེས་སུ་ངང་རུང་དགོན་པར་སློབ་གཉེར་ལ་ཕེབས་སྟེ་ངང་རུང་མཁན་སྤྲུལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་མདུན་ནས་གསོ་དཔྱད་ཡན་ལག་བརྒྱད་པ་རྩ་འགྲེལ་དང་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ།  མན་ངག་ལྷན་ཐབས་ལྡེ་མིག་དང་བཅས་པ།  དྲི་མེད་ཤེལ་ཕྲེང་སོགས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ནད་ཐོག་ལག་ལེན།  སྨན་རྫས་ངོས་འཛིན་སོགས་ལ་མིང་ཙམ་མ་ཡིན་པའི་སྦྱངས་པ་མཐར་ཕྱིན་པ་གནང་སྐབས་དེར་ཟླ་མེད་རིགས་པའི་དབང་ཕྱུག་རྒྱ་རྒྱའི་ཤེས་རབ་དང་།  ལུང་རིགས་སྨྲ་བ་རི་མ་བློ་བཟང་།  མཁས་པའི་དབང་པོ་ཤེས་བཞིན་བསམ་གཏན་དང་སྣང་རའི་ཆོས་རྗེ་སོགས་ཀྱང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་སློབ་གཉེར་ལ་ཕེབས།  ད་དུང་ཡང་།  ཨུ་རུ་སུའི་སྨན་པ་གཤགས་ལས་རིག་པའམ་དྲག་དཔྱད་ལ་ཧ་ཅང་མཁས་པ་ཞིག་བ་ཡན་ཕྱོགས་སུ་འགྲོ་དོན་ལ་ཕེབས་པའི་མདུན་ནས་ཕྱི་ལུགས་ཀྱི་གཤགས་བཅོས་རིག་པ་དང་།  རོ་བཀྲ།  སྨན་ཁབ།  འགོག་སྨན་སོགས་ལ་གསན་སྦྱོང་གནང་བར་མ་ཟད་ལག་ལེན་ཀྱང་བྱང་ཆུབ་པར་གྱུར་ཏེ་བོད་ལུགས་གསོ་དཔྱད་དང་ཕྱི་ལུགས་གསོ་དཔྱད་ཟུང་འབྲེལ་གྱི་སྒོ་ནས་ཉམ་ཐག་འགྲོ་བའི་དོན་དུ་བརྩོན་པ་ལྷུར་ལེན་མཛད་པར་བརྟེན་ལྗོངས་འདིའི་དམངས་ཡོངས་ཀྱི་ངག་ན་སྡི་ཚའི་སྨན་པ་ཚུལ་ཁྲིམས་ཞེས་གྲགས་པ་ལགས་སོ།།

དེ་ནས་མཚོ་སྔོན་ཞིང་ཆེན་ཀྲུང་དབྱི་སྨན་ཁང་དུ་ཕྱག་ལས་གནང་པར་ཕེབས་ཏེ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གསར་འཛུགས་གནང་སྟེ་བོད་ཀྱི་སྨན་བཅོས་མི་སྣ་སྐོར་གཅིག་གསོ་སྐྱོང་གནང་ཡང་ཡུན་རིང་མ་འགོར་བར་རིག་གསར་སོགས་རྐྱེན་ངན་མང་་པོ་དང་འཕྲད་ནས་འཐོར་ཞིག་ཏུ་བཏང་།  སྐབས་དེའི་གསུང་རྩོམ་རྣམས་ཀྱང་མེ་ལྷའི་ཞལ་དུ་མཆོད་པར་ཕུལ་བ་ནི་རྗེས་འཇུག་རྣམས་ཀྱི་གྱོང་གུད་ཡིན་ནོ།།

སྔ་རྗེས་སུ་བོད་སྨན་ཆེད་སྦྱོང་འཛིན་གྲྭ་ཐེངས་དགུ་བསྒྲུབས་པ་དང་།  སློབ་གཞིའི་ཐད་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་སློབ་ཁྲིད་བྱས་པ་དང་།   ཀྲུང་དབྱིའི་སྤྲ་ལྡན་གསེར་ཁབ་དང་སྐམ་ཁབ་སོགས་ཀྱི་ལག་ལེན་དང་ཕྱི་གླིང་ལུགས་ཀྱི་མྱུར་སྐྱོབས་སྨན་བཅོས་སོགས་སློབ་ཁྲིད་མཛད་སྟེ་བོད་སྨན་པ་ཉིས་བརྒྱ་ཙམ་གསོ་སྐྱོངས་བྱས་ཏེ་དེང་སྐབས་མཚོ་སྔོན་གྱི་རོང་འབྲོག་གྲོང་གསུམ་ན་བོད་སྨན་ཁང་ཆེ་ཆུང་མི་ཉུང་བ་ཞིག་གསར་དུ་གཞིས་ཆགས་ཏེ་འགྲོ་དོན་རྒྱ་ཆེར་མཛད་བཞིན་པ་འདི་ལྷ་རྗེ་ཁོང་གི་བཀའ་དྲིན་ལས་མ་འདས་སོ།  སྤྱི་ལོ་ 1981 ལོར་རྒྱ་ཡེ་ནས་སྐུ་ཚེའི་འདུ་བྱེད་སྟོངས།  བརྒྱུད་འཛིན་གྱི་སློབ་མ་མང་དག་བྱུང་བའི་ནང་ནས།  གཙོ་བོ་རབ་འབྱམས་གཙུག་ལག་རྒྱ་མཚོའི་མངའ་བདག་སྨན་རམས་པ་ངག་དབང་བསྟན་འཛིན་རིན་པོ་ཆེ་དང་།  འཚོ་བྱེད་གྲུབ་པའི་དབང་ཕྱུག་བཀའ་དྲིན་མཚུངས་ཟླ་བྲལ་བ་སྨན་རམས་པ་རྒྱ་ཡེ་བློ་བཟང་ཉི་མ་སོགས་བྱུང་སྟེ་ལྗོངས་འདིར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་མི་ཉམས་དབྱར་མཚོ་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པ་འདི་ལགས་སོ།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།



 

མཐའ་མའི་འདོན་ཐེངས་།: 23.02.2018 ཉིན། 11:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།