སྨན་རྩིས་དྲ་བ། - མདུན་ངོས།

སྨན་བླའི་བཀའ་དབང་དང་མཛད་རྣམ་སྙིང་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.04.2013
མདུན་ངོས། >>
         གནམ་ཆོས་ལུགས་ཀྱི་སྨན་བླའི་བཀའ་དབང་དང་།  ྋསྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས།

 

༄༅། །སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་ཕུ་རི་ཚེ་རིང་བཀྲ་ཤིས་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་རིག་གཞུང་དང་བཅས་པའི་སྐོར་ལ་དབང་ལུང་མན་ངག་གི་བརྒྱུད་པ་ཟམ་མི་ཆད་པའི་སླད་དུ་གཏེར་སྟོན་ཆེན་པོ་སྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་དགོས་པའི་བཀའ་ཕེབས་བཞིན། འདི་ག་དབུས་སྨན་རྩིས་ཁང་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་འགན་འཁུར་བླངས་ཐོག་ཆེད་དུ་རྒྱ་གར་བྱང་ཤར་ཨརུནྰཅལ་མངའ་སྡེའི་ཁོངས་ཏི་ཇུ་དར་རྒྱས་གླིང་དུ་སྨན་རྩིས་དང་འབྲེལ་བའི་དཔེ་རྙིང་འཚོལ་ཞིབ་དང་། མཁོ་སྒྲུབ།  དེ་བཞིན་ཁུལ་དེར་སྐུ་བཞུགས་གནང་བཞིན་པའི་རིན་པོ་ཆེའི་དྲུང་དུ་སྨན་རྩིས་ཁང་གི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྩིས་རམས་པ་ལྷ་དབང་ཚེ་རིང་དང་། སྨན་རམས་པ་འཇམ་དབྱངས་རྒྱ་མཚོ།  སྨན་རམས་པ་སྟོན་པ་སྐྱབས་བཅས་མི་གསུམ་ངོ་བཅར་ཞུས་ཏེ་ཇི་ལྟར་གསོལ་བ་བཏབ་འབྲས་སུ་ཞལ་བཞེས་བཀའ་ཡི་གནང་བ་ཐོབ།

 

སྤྱི་ལོ་ ༢༠༡༣། ཟླ་ ༤། ཚེས་ ༥ ཉིན་བཞུགས་སྒར་རྡ་ས་དབུས་སྨན་རྩིས་ཁང་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་ྋསྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཐུན་མོང་མ་ཡིན་པའི་གནམ་ཆོས་ལུགས་ཀྱི་སངས་རྒྱས་སྨན་བླའི་བཀའ་དབང་ཟབ་མོ་བསྩལ་གནང་བ་རེད། དེ་ཡང་འདི་ག་སྨན་རྩིས་ཁང་ནས་མཛད་འཆར་འདིའི་གོ་སྒྲིག་ཚོགས་ཆུང་གིས་ཐུགས་འགན་རྐང་བཞེས་འོག   སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དེ་ཉིན་མཚོ་པདྨར་བཞུགས་པའི་བླ་མ་དབོན་སྤྲུལ་རིན་པོ་ཆེ་མཆོག་དང་།  ལྷ་འབྲང་རིན་པོ་ཆེའི་མ་འདས་སྤྲུལ་སྐུ་མཆོག་གི་ཡང་སྲིད་པདྨ་འཕྲིན་ལས་འགྲོ་འདུལ་རིན་པོ་ཆེ་མཆོག  སྨན་རྩིས་ཁང་གི་ཆེས་མཐོའི་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་དང་སྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་གྱི་གཙོས་པའི་བླ་ཞབས་རྣམ་པ། ྋསྐུའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྐུ་ཚབ་དང་ཕྱག་དཔེ་པར་སྐྲུན་གྱི་སྦྱིན་བདག སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་རྣམས་དང་རིག་གཞུང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྨན་པ་དང་རྩིས་པ།  སྨན་རྩིས་ལས་བྱེད་རྣམ་པ་དང་།  དད་ལྡན་མི་མང་སོགས་ཁྱོན་མི་གྲངས་བཞི་བརྒྱ་ལྷག་ཙམ་འདུ་འཛོམས་བྱུང་སྟེ་སྔ་དྲོ་ཆུ་ཚོད་དགུ་པ་ནས་དབུ་འཛུགས་གནང་སྟེ་ཉིན་གུང་ཆུ་ཚོད་དང་པོའི་བར་ཐུགས་དགྱེས་མཉེས་ཆེན་པོས་སངས་རྒྱས་སྨན་བླའི་བཀའ་དབང་ཟབ་མོ་བསྩལ་གནང་མཛད་ཡོད། 

སྐབས་དེར་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་གནམ་ཆོས་ལུགས་ཀྱི་བཀའ་དབང་འདི་ནི་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ་ནས་ཚད་ལྡན་བླ་མ་དུ་མའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་བརྒྱུད་པ་རྩ་ཆེན་ཞིག་ཆགས་ཡོད་པ་ཙམ་མ་ཟད་ལྷག་པར་སངས་རྒྱས་སྨན་བླ་དང་།  མགོན་པོ་ཀླུ་སྒྲུབ། ཟླ་བ་མངོན་དགའ།  བིམལ་མིཏྲ། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས།  མཁན་ཆེན་ཞི་བ་འཚོ།  ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།  གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།  གཏེར་སྟོན་གྲྭ་པ་མངོན་ཤེས།  ལྷག་པར་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་སྔ་ཕྱིར་རྒྱ་དཀར་ནག་སོགས་སུ་ལན་གྲངས་དུ་མ་ཞབས་ཀྱིས་བཅགས་ཏེ་རྒྱ་གར་དུ་བྱོན་ནས་ཌྰ་ཀིའི་གཙོ་མོ་མཁའ་འགྲོ་དཔལ་ལྡན་འཕྲེང་བས་དངོས་སུ་ཟབ་ཆོས་འདི་དང་འབྲེལ་བའི་བརྒྱུད་པ་དྲི་མ་མེད་པའི་དབང་ལུང་མན་ངག་བསྩལ་ཏེ་ཕྱིར་བོད་དུ་བྱོན་ནས་སྨན་གྱི་འགྲོ་དོན་བསྐྱངས་པ་ནས་བཟུང་རྗེ་ཟུར་མཁར་བ་ཆོས་རྗེ་གོང་འོག་ནས་རིམ་པར་གདམས་ངག་གི་དྲོད་མ་ཡལ་བར་མཁས་དང་གྲུབ་པའི་གོ་འཕང་ལ་མངའ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་རྒྱུན་མ་ཆད་པ་ལས་སྐབས་འདིར་ང་ལ་མཚོན་ན་ང་ལོ་ན་བརྒྱད་ལ་སོན་པའི་སྐབས་གནམ་ཆོས་ལུགས་ཀྱི་དབང་འདི་རྫོགས་ཆེན་དགོན་དུ་ཐོབ་པ་དང་།  ཕྱིས་སུ་ལྷ་འབྲང་རིན་པོ་ཆེའི་དྲུང་ནས་ཀྱང་ཐོབ་པ་སོགས་དབང་ལུང་མན་ངག་གི་བརྒྱུད་པ་རྩ་ཆེ་དེ་འདྲ་ཞིག་ཡིན་ཞེས་སོགས་ཀྱི་བཀའ་སློབ་བསྩལ་གནང་མཛད་པ་རེད།   

 

སྨན་བླའི་བཀའ་དབང་དབུ་འཛུགས་སྐབས་སུ་ྋསྐུའི་བླ་ཞབས་ཚེ་དབང་རྟ་མགྲིན་མཆོག་གིས་གཙོས་པའི་སྨན་རྩིས་ཁང་གི་བླ་ཞབས་བསྟན་འཛིན་མཐའ་ཡས་དང་། བླ་ཞབས་བསྟན་འཛིན་ལྷ་སྒྲོན། དེ་བཞིན་བླ་ཞབས་སྤེན་པ་ཚེ་རིང་།  ཐེངས་འདིའི་གསུང་ཆོས་བཀའ་དབང་སྐབས་སུ་ཕྱག་དཔེའི་སྦྱིན་བདག་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་གྱི་སྐུ་ཚབ་སྨན་པ་བློ་བཟང་བསྟན་འཛིན་ལགས། སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་བསྟན་པ་ཆོས་འཕེལ་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

 

མཇུག་ཏུ་བཀའ་དབང་གྲོལ་མཚམས་སུ་ྋསྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ལ་དབུས་སྨན་རྩིས་ཁང་གིས་གཞུང་འབྲེལ་གྱི་ངོ་བོར་བཀའ་དྲིན་གཏང་རག་གི་ཆེད་དུ་ྋསྐུའི་བླ་ཞབས་བཞི་ནས་རྟེན་གསུམ་མཎྜལ་དང་བཅས་འདེགས་འབུལ་ཞུས།  མཐར་དད་ལྡན་མི་ཚོགས་ཡོངས་ལ་རིན་པོ་མཆོག་གི་ཞལ་མཇལ་དང་ཕུར་བའི་ཕྱག་དབང་དང་སྲུང་མདུད་བྱིན་ཆེན་བཅས་བསྩལ་གནང་མཛད་དེ་མཛད་སྒོ་ལེགས་པར་གྲུབ་ཡོད་པ་རེད།   ཟླ་འདི་ཚེས་ ༦ ནས་ཁྱོན་ཟླ་བ་གཅིག་ལྷག་ཙམ་རིང་ད་དུང་རིན་པོ་ཆེ་མཆོག་བཞུགས་སྒར་དབུས་སྨན་རྩིས་ཁང་དུ་སྐུ་བཞུགས་མཛད་དེ་སྨན་གཞུང་དཔལ་ལྡན་རྒྱུད་བཞིའི་ལྗགས་ལུང་དང་།  མན་ངག་ལྷན་ཐབས།  རྩིས་གཞུང་བེེ་དཀར་གྱི་ལྗགས་ལུང་།  ས་བདག་འཁྲུགས་བཅོས་ཀྱི་ཆོ་ག་དང་དེའི་བཀའ་འཁྲིད།  བདུད་རྩིས་སྨན་སྒྲུབ་སོགས་ཀྱི་མཛད་འཕྲིན་མུ་འཐུད་བསྐྱང་རྒྱུ་རེད། །

 

 

 

                ྋསྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས།

  གཏེར་སྟོན་ར་རྟག་དཔལ་བཟང་ངམ་མཚན་དངོས་ཀརྨ་ལེགས་བཤད་སྒྲ་དབྱངས་གང་གི་རྨད་བྱུང་སྐྱེ་རབས་ཀྱི་ཕྲེང་བ་བཅུ་བཞི་པ་ཐུབ་བསྟན་ཆོས་ཀྱི་ཉི་མའམ་ྋསྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ནི། བོད་ཤར་ཕྱོགས་མདོ་ཁམས་དཔལ་སྤུངས་སུ་གསང་སྔགས་རྙིང་མའི་མཁས་གྲུབ་ཆེན་པོ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་གདུང་རིགས་གཅིག་པའི་རྒྱུད་དུ་འཁྲུངས་པའི་ཡབ་བསོད་ནམས་དོན་གྲུབ་དང་། འབྲི་གུང་སྐྱུ་རུའི་གདུང་ལས་མཆེད་པའི་ཡུམ་རིན་ཆེན་ཆོས་སྒྲོན་ཏེ། ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་སྤྱི་ལོ་ ༡༩༤༢ ཟླ་ ༩ ཚེས་ ༨ ཉིན་ངོ་མཚར་བའི་བལྟས་དུ་མ་བཅས་མཚན་དཔེའི་པདྨོ་གསར་དུ་བཞད།   ཚེ་རབས་ལས་ཀྱི་བླ་མ་གསང་སྔགས་རྙིང་མའི་རྣལ་འབྱོར་བ་ཆེན་པོ་མི་འགྱུར་ནམ་མཁའི་རྡོ་རྗེ་མཆོག་དང་།  རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་འཛིན་པ་སྡེ་དགེ་ལྷ་འབྲང་རིན་པོ་ཆེ་མཆོག་གི་གཙོས་རིས་མེད་ཀྱི་བཤེས་གཉེན་དུ་མའི་ཞབས་པད་མཉེས་པ་གསུམ་གྱི་སྒོ་ནས་བསྟེན།

 སྤྱི་ལོ་ ༡༩༦༠ ལོར་བླ་མ་ལྷ་འབྲང་རིན་པོ་མཆོག་དང་ལྷན་དུ་སྦས་ཡུལ་པདྨ་བཀོད་བརྒྱུད་འཕགས་ཡུལ་དུ་བྱོན་པ་ནས་རྒྱ་གར་བྱང་ཤར་ཨརུནྰཅལ་ཏི་ཛུ་དར་རྒྱས་གླིང་དུ་གནས་བཞུགས་མཛད། དེ་ནས་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་ྋརྒྱལ་བ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་གཏེར་སྟོན་ར་རྟག་དཔལ་བཟང་གི་སྐུ་སྐྱེས་སུ་ངོས་འཛིན་མཛད། དེ་ནས་བཟུང་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་།  སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ།  ཀརྨ་པ་རིན་པོ་ཆེ། མཁྱེན་བརྩེ་རིན་པོ་ཆེ། ལྷ་འབྲང་རིན་པོ་ཆེ། ཀ་ལུ་རིན་པོ་ཆེ་སོགས་ཚད་ལྡན་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་སྨན་རྩིས་རིག་གནས་དང་བཅས་པའི་གནས་མཐའ་དག་ལ་མཁྱེན་རབ་ཀྱི་རྩལ་རྫོགས་པར་གྱུར།

ལྷག་པར་ངེས་པ་དོན་གྱི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་ས་ལམ་གྱི་ཉམས་རྟོགས་མཐོན་པོར་གཤེགས་པའི་ྋསྐྱབས་རྗེ་ལྷ་འབྲང་རིན་པོ་ཆེ་ཆེ་མཆོག་གི་ཞབས་པད་ཡུན་རིང་སྤྱི་བོའི་གཙུག་ཏུ་བསྟེན་ཏེ་དཀའ་སྤྱད་དང་སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས་ཏེ་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་ནས་མ་དག་པའི་ཐ་མལ་གྱི་སྣང་ཞེན་འགོག་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པས་ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མང་པོའི་ཞལ་དངོས་སུ་གཟིགས། མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་མཐར་ཕྱིན་པས་བདེ་སྟོང་ཡེ་ཤེས་ཕྱོགས་བརྒྱར་འབར།  འོད་གསལ་རྫོགས་པ་ཆེན་པོ་རང་སྣང་དྲི་མེད་ཀྱི་དགོངས་པ་ལ་མངའ་དབང་འབྱོར་བས་གཟུང་འཛིན་གྱི་མཚན་མ་རང་སར་གྲོལ་ཞིང་མཉམ་རྗེས་དབྱེར་མེད་འོད་གསལ་འཁོར་ཡུག་གི་ཏིང་འཛིན་ལ་མངའ་དབང་འབྱོར་ཏེ་གཞན་དོན་འཕྲིན་ལས་ལ་ཁྱབ་བརྡལ་དུ་འཇུག  ཆགས་ཐོགས་མེད་པའི་མངོན་མཁྱེན་གྱིས་མ་འོངས་ལུང་བསྟན་དང་། དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་སྨན་རཀ་རྣམས་འཁོལ་ཞིང་ལུད་པ།   གཏོར་མ་ལས་བདུད་རྩིའི་རྒྱུན་བབས་པ།  ཆོས་སྐྱོང་རྣམས་བྲན་དུ་བཀོལ་བ།  ད་དུང་དབུས་གྱུར་མ་གྷ་དྷར་གནས་གཟིགས་སུ་བྱོན་པའི་སྐབས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཟབ་ཆོས་སྐུ་གསུམ་སྒྲུབ་ཐབས་དང་།  དྲག་སྔགས་ཕུར་པའི་སྐོར་སོགས་དག་སྣང་དགོངས་གཏེར་གྱི་ཚུལ་དུ་ཕབས། རྟེན་གསུམ་རིང་བསྲེལ་སོགས་རྫས་གཏེར་ཅི་རིགས་བཞེས་ཤིང་ྋགོང་ས་སྐྱབས་མགོན་ཆེན་པོའི་ཕྱག་ཏུ་ཡང་ཡང་ཕུལ་བས་བླ་སློབ་ཐུགས་གཤིན་གཅིག་འདྲེས་ཀྱི་ནང་མའི་འབྲེལ་བ་རྒྱུན་པར་མཛད། ལྷག་པར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་གེགས་མཚན་མ་ཞི་བ་དང་། བོད་བསྟན་སྲིད་སྤྱི་དང་། བོད་འབངས་བདེ་སྐྱིད་ཀྱི་སྣང་བ་རྒྱས་པའི་སླད་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྒོ་ནས་ཕུར་པའི་ཆོ་ག་དང་ཉམས་བཞེས་མཐར་ཕྱིར་མཛད་པའི་སྟབས་ཀྱིས་མཚན་གཞན་དུ་ཕུར་པ་བླ་མ་ཞེས་ཀྱང་འབོད་བཞིན་མཆིས།

གཞན་ཡང་མི་མིན་ལྷ་ཀླུ་གཞི་བདག་སོགས་ཕན་ཚུན་མི་དང་མི་ཕྲད་པ་བཞིན་གསུང་བགྲོས་མཛད་པའི་ཉམས་སྣང་རྒྱུན་དུ་ཤར།  མངོན་སྤྱོད་དྲག་པོའི་ལས་ཀྱིས་ལྷ་འདྲེ་གདོན་གེགས་ཐམས་ཅད་དབང་དུ་སྡུད་པར་མཛད།  ཀུན་གྱི་མཐོང་ཆོས་གྱུར་པའི་རྡོ་ལ་ཞབས་རྗེས་དང་ཕྱག་རྗེས་འཇོག་གནང་མཛད་པ།  གྲི་དང་ཁབ་མདུད་པ་བསྐྱོན་པ།  བསམ་བརྗོད་ལས་འདས་པའི་དགོངས་གཏེར་སོགས་གཏེར་རིགས་མི་འདྲ་བ་ཁག་བཅོ་ལྔ་ལྷག་ཙམ་བཞེས་གནང་མཛད།   ལྷག་པར་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་སོགས་དུ་མར་ཕེབས་ནས་གདུལ་བྱའི་རེ་བ་བསྐོང་ཕྱིར་གཞན་དོན་འཕྲིན་ལས་ཀྱི་མཛད་བཟང་བསྐྱངས་དང་སྐྱོང་བཞིན་མཆིས་ཏེ་དབང་ལུང་མན་ངག་དང་།  རྟེན་རྫས་བུམ་ཆུ་དང་། དམ་རྫས། བཀའ་བསྒོ། བགེགས་སྐྲོད། སྲུང་འཁོར། སྨན་དཔྱད། རིམ་གྲོ་སོགས་ཅི་རིགས་སྒོ་ནས་མཆོག་དམན་དུ་མར་ཉེ་རིང་མེད་པར་སྐྱེ་འགྲོ་སེམས་ཅན་ཡོངས་ལ་ཕན་ཕྱིར་འབྲེལ་མཛད་དོན་ལྡན་གྱི་མཛད་འཕྲིེན་བསམ་གྱི་མི་ཁྱབ་པར་སྐུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ་ཞབས་པད་རྡོ་རྗེ་ཆོས་བདུན་གྱི་རང་བཞིན་དུ་བརྟན་ཅིང་གཡོ་བ་མེད་པར་བཞུགས་བཞིན་པ་ལགས།།

(རིན་པོ་ཆེའི་མཛད་རྣམ་འདི་ནི་མཁན་པོ་སྐལ་ལྡན་ཐར་པས་བྲིས་པ་དེ་ནས་ཟུར་འདོན་ཞུས།)

དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་སྤྱི་ལོ་ ༢༠༡༣། ཟླ་ ༤། ཚེས་ ༩ ཉིན་སྤེལ།

མཐའ་མའི་འདོན་ཐེངས་།: 19.08.2013 ཉིན། 4:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།