སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

སྨན་བླའི་ཆོ་ག་དང་འབྲེལ་བའི་ཚོགས་མཆོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>



 

༄༅།། དགོངས་གཏེར་སྨན་བླའི་ཆོ་ག་དང་འབྲེལ་བའི་ཚོགས་མཆོད་བཞུགས་སོ།།

ནམོ་གུརུ་བྷཻཥཛྱེ། འདིར་དགོངས་གཏེར་སྨན་བླའི་ཆོ་ག་དང་འབྲེལ་བའི་ཚོགས་མཆོད་བྱ་བ་ནི། དེའང་བྱ་རྒྱུད་ལྟར་ན་ཚོགས་མཆོད་མི་འོས་ནའང། འདི་ནི་བླ་མེད་ལུགས་སུ་ཡིན་པས་ཚོགས་མཆོད་ཕུལ་ན་གནས་སྐབས་ནད་གདོན་སེལ་ཞིང་མཐར་ཐུག་ཚོགས་གཉིས་རྫོགས་ཏེ་སངས་རྒྱས་པའི་ཐབས་རྨད་དུ་བྱུང་བ་ཡིན་པས་ཉ་སྟོང་ཚེས་བརྒྱད་སོགས་དུས་ཁྱད་པར་ཅན་ལ། སྨན་བླའི་ཞལ་ཐང་བཀྲམ་པའི་མདུན་སྟེགས་བུ་བཟང་གོས་ཀྱིས་བཀླུབས་པར་མཎྜལ་གྱི་སྟེང་ཚོམ་བུ་ལྷ་གྲངས་བཀོད་པ་དང་། དེའི་མདུན་དུ་ལྷ་བཤོས་བརྒྱད། མར་མེ་བརྒྱད། ཡོན་ཆབ་དང་ཉེར་སྤྱོད་སྣ་བདུན་བཤམས། ཚོགས་གཏོར་བརྗིད་ལྡན་དཀར་བྱུག་ཅན་ཉི་ཟླ་ནོར་བུས་བརྒྱན་པ། གཡས་སུ་ཤིང་ཏོག་ཟླ་ཕྲུམ་མར་ཤ་ལ་སོགས་པའི་བཟའ་བ་གང་འཛོམས། གཡོན་དུ་རྒྱ་ཇ་འོ་ཕུད་ཟླ་རྒྱས་ཆང་ལ་སོགས་པའི་བཏུང་བ་གང་འཛོམས་བཤམས། དེ་རྣམས་བསང་ཆུས་བྲན། ཐོག་མར་སྨན་བླའི་ཆོ་ག་བསྙེན་པ་བཅས་གྲུབ་མཚམས་རོལ་མོ་དབྱངས་དང་བཅས།

ཧྲཱིཿ བདག་ཉིད་མ་བཅོས་ཡེ་ནས་ལྷ་ཡི་སྐུར།། གསལ་བའི་ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས།། ཚོགས་ཀྱི་དངོས་འཛིན་རྣམ་རྟོག་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུཾ་གིས་ཟག་མེད་བདུད་རྩིར་གྱུར། ཨོྃ་ཨཱཿཧཱུཾ། ལན་གསུམ། གནས་ཞིང་ཁམས་རབ་འབྱམས་ཐམས་ཅད་དང་།། ཤར་བཻཌཱུརྱ་སྣང་ཞིང་ཁམས་ནས།། ལྷ་བཅོམ་ལྡན་བདེ་གཤེགས་སྨན་གྱི་བླ།། སྐུ་མཚན་དཔེས་རབ་བརྒྱན་རྒྱལ་བའི་སྐུ།། གསུང་མི་འགག་ཟབ་རྒྱས་ཆོས་འཁོར་བསྐོར།། ཐུགས་སྒྲིབ་མེད་འགྲོ་ལ་རྟག་ཏུ་དགོངས།། ཁྱེད་སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།། ཡུལ་གནས་མཆོག་འདི་ལ་བྱིན་ཆེན་ཕོབས།། ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབས།། ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར།། ནད་བཞི་བརྒྱ་རྩ་བཞི་ཞི་བ་དང་།། ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། དབུས་ལྟ་ན་སྡུག་གི་ཕྱོགས་མཚམས་ཀྱི།། ཞིང་སོ་སོའི་གནས་ནས་གང་འདུལ་སྐུ།། མཚན་ལེགས་དང་རིན་ཆེན་མྱ་ངན་མེད།། གསེར་བཟང་དང་ཆོས་བསྒྲགས་རྒྱ་མཚོའི་དབྱངས།། ཆོས་བློ་དང་མངོན་མཁྱེན་ཤཱཀྱ་ཐུབ།། དམ་ཆོས་དང་སེམས་དཔའ་བཅུ་དྲུག་སོགས།། ཁྱེད་སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།། ཡུལ་གནས་མཆོག་འདི་ལ་བྱིན་ཆེན་ཕོབས།། ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབས།། ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར།། ནད་བཞི་བརྒྱ་རྩ་བཞི་ཞི་བ་དང་།། ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། རྗེ་པད་འབྱུང་གཡུ་ཐོག་ཡོན་ཏན་མགོན།། ནད་ཀུན་སེལ་བདུད་རྩི་སྨན་གྱི་བདག། དཔལ་གསོ་རིག་གྲུབ་བརྙེས་བརྒྱུད་འཛིན་ཚོགས།། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ལ།། མ་འགྲོ་དྲུག་ནད་གདོན་སེལ་བའི་ཕྱིར།། ཁྱེད་སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།། ཡུལ་གནས་མཆོག་འདི་ལ་བྱིན་ཆེན་ཕོབས།། ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབས།། ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར།། ནད་བཞི་བརྒྱ་རྩ་བཞི་ཞི་བ་དང་།། ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། འཁོར་བཅས་ཀྱི་རྩི་སྨན་མ་ལུས་པའི།། དྭངས་བཅུད་ཀུན་བདུད་རྩིར་བསྒྱུར་མཛད་ཀུན།། འཆི་གསོས་ཀྱི་རྫུ་འཕྲུལ་མངའ་བརྙེས་པའི།། མཆོག་སྨན་གྱི་དྲང་སྲོང་རིག་འཛིན་བརྒྱད།། རྣོ་མཐོང་སོགས་སྨན་གྱི་ལྷ་མོ་བཞི།། དཔལ་དྲང་སྲོང་འབུམ་ཕྲག་དྲུག་ཅུ་རྣམས།། ཁྱེད་སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།། ཡུལ་གནས་མཆོག་འདི་ལ་བྱིན་ཆེན་ཕོབས།། ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབས།། ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར།། ནད་བཞི་བརྒྱ་རྩ་བཞི་ཞི་བ་དང་།། ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། ལྷ་སྟོན་པ་སྨན་པའི་རྒྱལ་པོ་ཆེའི།། མཚན་ཐོས་རྣམས་སྐྱོང་བར་ཞལ་བཞེས་པའི།། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་དང་།། ཡེ་ཤེས་ཀྱི་ཌཱཀི་དཔལ་འཕྲེང་མ།། དངོས་གྲུབ་ཀྱི་གཏེར་བདག་ཛམ་ལ་དཀར།། བཀའ་སྲུང་ཆེ་ཞང་བློན་སྡེ་དགུ་སོགས།། ཁྱེད་སྔོན་གྱི་ཐུགས་དམ་རྗེས་དགོངས་ལ།། གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།། ཡུལ་གནས་མཆོག་འདི་ལ་བྱིན་ཆེན་ཕོབས།། ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབས།། ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར།། ནད་བཞི་བརྒྱ་རྩ་བཞི་ཞི་བ་དང་།། ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། ཁྱེད་མི་མངོན་དབྱིངས་ནས་གཤེགས་པའི་ཚེ།། སྐུ་མཚན་དང་དཔེ་བྱད་གཟི་བརྗིད་འབར།། གསུང་མི་འགག་ཚངས་དབྱངས་འུ་རུ་རུ།། ཐུགས་བརྩེ་བའི་དགོངས་པ་ཤ་ར་ར།། འཇའ་འོད་ཟེར་དྲ་བ་ལམ་སེ་ལམ།། སྨན་བདུད་རྩིའི་ངད་པ་ཆི་ལི་ལི།། ནད་གདོན་དང་བར་ཆད་སང་སེ་སང་།། བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི།། ངེད་བུ་སློབ་ཚོགས་ཀྱི་མཆོད་པ་བཞེས།། ཉམས་ཆག་དང་སྡིག་ལྟུང་ཀུན་དག་ནས།། ཕྱི་ལུས་ཀྱི་ནད་གདོན་ཞི་བ་དང་།། ནང་དུག་ལྔའི་རྣམ་རྟོག་དབྱིངས་སུ་བཟློག། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ།། གུརུ་བྷཻཥཛྱེ་གཎ་ཙཀྲ་པཱུཛ་ཁཱཧི། ཅེས་ཚོགས་ཕུད་ཕུལ། དེ་ནས་བསྐང་བ་ནི། ཧཱུཾ། འཁོར་བཅས་རྒྱལ་བའི་དཀྱིལ་འཁོར་ཞིང་རབ་འབྱམས།། སྟོང་གསུམ་གླིང་བཞི་འཇིག་རྟེན་མཐའ་ཡས་ཀྱི།། ལྷ་མིའི་ལོངས་སྤྱོད་རྩི་སྨན་དྭངས་བཅུད་ཚོགས།། ཞིང་འདིར་བདག་པོས་བཟུང་དང་མ་བཟུང་བའི།། དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་ཚོགས།། དབང་ཆེན་འབྱུང་ལྔ་གསེར་རི་རོལ་མཚོ་བདུན།། གླིང་བཞི་གླིང་ཕྲན་ཁོར་ཡུག་མུ་ཁྱུད་ལྡན།། རིན་ཆེན་ལྷུན་པོ་དཔག་བསམ་ལྗོན་པའི་ཤིང་།། འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚལ།། འཁོར་ལོ་ལ་སོགས་རྒྱལ་སྲིད་རིན་ཆེན་བདུན།། གཏེར་ཆེན་བུམ་པ་སྒེག་སོགས་ལྷ་མོ་བརྒྱད།། སྣང་བྱེད་འོད་སྟོང་གསལ་བྱེད་འོད་དཀར་ཅན།། སྲིད་པའི་ཚ་གདུང་སྐྱོབ་བྱེད་རིན་ཆེན་གདུགས།། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ།། ཡུངས་ཀར་དུར་ཝ་གི་ཝཾ་ལི་ཁྲི་ཞོ།། མེ་ལོང་དུང་དཀར་བིལ་བ་རྫས་མཆོག་བརྒྱད།། བཀྲ་ཤིས་མཆོག་ཏུ་བཀྲ་བའི་རྟགས་བརྒྱད་སོགས།། སྨན་མཆོག་རྣམ་རྒྱལ་བདུད་རྩི་སྨན་གྱི་ཚོགས།། ཚེ་ཡི་བུམ་པ་ལ་སོགས་མཆོད་པའི་སྤྲིན།། རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཀུན་འགེངས་བས།། འཆི་མེད་ནད་སེལ་བཅོམ་ལྡན་སྨན་གྱི་བླ།། བཻཌཱུར་འོད་ཀྱི་རྒྱལ་པོའི་ཐུགས་དམ་བསྐངས།། མཚན་ལེགས་རིན་ཆེན་ཟླ་བ་མྱ་ངན་མེད།། གསེར་བཟང་ཆོས་བསྒྲགས་ཆོས་བློ་ཤཱཀྱ་ཐུབ།། དམ་པའི་ཆོས་དང་སེམས་དཔའ་བཅུ་དྲུག་སོགས།། དཀོན་མཆོག་རིན་ཆེན་གསུམ་གྱི་ཐུགས་དམ་བསྐངས།། འཇམ་དཔལ་སྐྱབས་གྲོལ་གསང་བདག་རྡོ་རྗེ་འཛིན།། ཉི་ལྟར་གསལ་བྱེད་ཟླ་བ་ལྟར་སྣང་མཛད།། རིག་པའི་ཡེ་ཤེས་ཡིད་ལས་སྐྱེས་ལ་སོགས།། ས་བཅུའི་སེམས་དཔའ་རྣམས་ཀྱི་ཐུགས་དམ་བསྐངས།། ཀུན་དགའ་བོ་དང་འཚོ་མཛད་གཞོན་ནུ་དང་།། ཀླུ་སྒྲུབ་དཔའ་བོ་ཟླ་བ་མངོན་པར་དགའ།། བཻ་རོ་ཙ་ན་ཆོས་རྒྱལ་ཁྲི་སྲོང་བཙན།། མཁས་གྲུབ་ལོ་པཎ་རྣམས་ཀྱི་ཐུགས་དམ་བསྐངས།། གཏེར་སྟོན་གྲྭ་པ་མངོན་ཤེས་དར་མ་གྲགས།། གཙང་སྟོད་དཀོན་སྐྱབས་རྒྱལ་བ་གཡུ་ཐོག་མགོན།། ཨ་བོ་ཆོས་རྗེ་མཉམ་ཉིད་རྡོ་རྗེ་སོགས།། གསོ་རིག་བརྒྱུད་པ་རྣམས་ཀྱི་ཐུགས་དམ་བསྐངས།། སྨན་གྱི་རིག་འཛིན་དྲང་སྲོང་བཞི་པོ་དང་།། རྣོ་མཐོང་སྟོན་མཛད་སྨན་གྱི་ལྷ་མོ་བཞི།། སྨན་གྱི་དྲང་སྲོང་འབུམ་ཕྲག་དྲུག་ཅུ་སོགས།། བདུད་རྩི་སྨན་གྱི་ལྷ་ཚོགས་ཐུགས་དམ་བསྐངས།། ཌཱ་ཀི་སྨན་གྱི་ལྷ་མོ་དཔལ་འཕྲེང་མ།། གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས།། དངོས་གྲུབ་གཏེར་མངའ་ཛམ་ལ་དཀར་པོ་དང་།། སྨན་གྱི་བཀའ་སྲུང་ཞང་བློན་སྡེ་དགུ་སོགས།། ཆོས་སྲུང་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐངས།། དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས།། བདག་སོགས་རྣམས་ཀྱི་ཚེ་རབས་ཐོག་མེད་ནས།། བསགས་པའི་སྡིག་སྒྲིབ་མ་ལུས་ཀུན་བྱང་ནས།། ནད་གདོན་མ་ལུས་ཞི་བར་བྱིན་གྱིས་རློབས།། བདག་ཉིད་མཐོང་ཐོས་དྲན་རེག་སེམས་ཅན་རྣམས།། ནད་རིགས་ཀུན་ཞི་ཚེ་བསོད་ཡེ་ཤེས་རྒྱས།། བདེ་གཤེགས་སྨན་བླ་བརྒྱད་པོས་རྗེས་བཟུང་ནས།། ངན་སོང་འཁོར་བའི་སྐྱེ་སྒོ་ཀུན་བཀག་ནས།། བདེ་ཆེན་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས།། ཞེས་ཡིག་བརྒྱ་བརྗོད། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་འཚལ་བ་དང་བཅས་ཚོགས་ཕུད་ཕུལ་ལ། ལེན་པ་པོས། སརྦ་སིདྔྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་རོལ། དེ་ནས་ལྷག་མ་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲིཿ ཧཱུཾ་བཅོམ་ལྡན་སྨན་བླའི་བཀའ་ཉན་པ།། སྡེ་དཔོན་བཅུ་གཉིས་བཀའ་འཁོར་དུ།། ཕུད་ལ་མི་དབང་འབྱུང་པོའི་རིགས།། ལྷག་མ་འདི་བཞེས་འཕྲིན་ལས་སྒྲུབས།། ཨུཙྩིཥྛ་བ་ལིངྟ་ཁཱ་ཧི། ཅེས་ལྷག་མ་ཕུལ། དེ་ནས་ཆད་མདོ་ལ་དམར་གཏོར་གཅིག་བཤམ། ཨོྃ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས། ཧཱུཾ་སྔོན་ཚེ་བདེ་གཤེགས་སྤྱན་སྔ་རུ།། སྨན་གྱི་བསྟན་སྲུང་ཞལ་བཞེས་པའི།། གནོད་སྦྱིན་སྡེ་དཔོན་བཅུ་གཉིས་དང་།། ཞང་བློན་མཆེད་སྡེ་དགུ་པོ་སོགས།། འཁོར་བཅས་ཐུགས་དམ་མ་གཡེལ་བར།། བརྒྱན་པའི་གཏོར་མ་འདི་བཞེས་ལ།། བདེ་གཤེགས་སྨན་བླའི་བཀའ་བཞིན་དུ།། རྗེས་འཇུག་སྲུང་ཞིང་སྐྱོབ་པ་དང་།། སྐྱེ་འགྲོ་མཐོང་ཐོས་དྲན་རེག་རྣམས།། ནད་གདོན་ཞི་བའི་འཕྲིན་ལས་མཛོད།། ཅེས་གཏོར་མ་ཕུལ། དེ་ནས་བཤལ་ཆུ་ནི། ཧཱུཾ་འཇིག་རྟེན་རྩི་སྨན་དྭངས་བཅུད་བདག། སྨན་གྱི་ལྷ་མོ་དཔལ་འཕྲེང་མ།། འཛམ་གླིང་སྨན་ལྗོངས་མཚོ་གླིང་རྣམས།། སྐྱོང་མཛད་བསྟན་མའི་ཚོགས་རྣམས་ཀུན།། འདིར་གཤེགས་གཏོར་མའི་བཤལ་ཆུ་བཞེས།། ནད་རིམས་དལ་ཁ་བསྒྱུར་བ་དང་།། སྨན་བརྒྱུད་སྙིང་ཐིག་རྒྱས་པ་ཡི།། བཅོལ་བའི་འཕྲིན་ལས་མ་གཡེལ་ཅིག། ཅེས་ནམ་མཁར་མཆོད། དེ་ནས་མཆོད་པ་ཁ་གསོས་ལ། ཨརྒྷཾ་སོགས། ཤཔྟ་པྲ་ཏྲི་ཙྪ་སྭཱ་ཧཱ། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།། བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་བསྟོད།། མ་འབྱོར་པ་དང་ཉམས་པ་དང་།། གང་ཡང་བདག་རྨོངས་བློ་ཡིས་ནི། བགྱིས་པ་དང་ནི་བགྱིད་བསྩལ་གང་།། དེ་ཡང་བཟོད་པར་མཛད་དུ་གསོལ།། སྡིག་ལྟུང་ཀུན་བཤགས་དགེ་བ་བྱང་ཆུབ་བསྔོ།། ནད་གདོན་སྡུག་བསྔལ་བྲལ་

༄༅།། བའི་བཀྲ་ཤིས་ཤོག། འཇིག་རྟེན་པ་རྣམས་རང་གནས་བཛྲ་མུ།། ཡེ་ཤེས་དམ་ཚིག་ལྷ་རྣམས་བདག་ལ་ཐིམ།  །ཀ་དག་ཀུན་བཟང་ཀློང་དུ་ཨེ་མ་ཧོ།། སོགས་གཞུང་གིས་རྗེས་ཆོག་བྱ། དགེ་བ་འདི་ཡིས་མྱུར་དུ་བདག། སངས་རྒྱས་སྨན་བླ་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག། སོགས་བསྔོ་སྨོན་རིམ་པས་མཐའ་རྒྱས་པར་བྱ། ཞེས་པ་འདི་ཡང་ཚ་བ་སྒང་དཔལ་བླ་མ་ཀརྨ་བསྟན་འཛིན་ཆོས་རྒྱལ་གྱིས་སྐུལ་ངོར། ཆགས་སྤྲུལ་ལྔ་པ་ཀརྨ་ཚེ་དབང་ཀུན་དགའ་རྒྱལ་མཚན་རབ་བརྟན་དཔལ་བཟང་པོས་བྲིས་པས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག།



 


མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།