སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

སྨན་བླ་བཻཌྰུརྱ་འོད་ཀྱི་སྨོན་ལམ་རྒྱས་པའི་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.08.2014
བཀའ་འགྱུར་གསོ་རིག >>
 


༄༅། །རྒྱ་གར་སྐད་དུ། ཨཱརྱ་བྷགབཱན་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷསྱ་པཱུརྦྦ་པྲཎིདྷཱན་བིཤེཥ་བིསྟར་ནཱམ་མཧཱཡཱན་སཱུཏྲ།

བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་རྒྱུ་བ་རྒྱུ་ཞིང་ཡངས་པ་ཅན་དུ་བྱོན་ཏེ། ཡངས་པ་ཅན་ན་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་ཡང་ཐབས་ཅིག་ཏུ་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་རྒྱལ་བུ་འཇམ་དཔལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཐོས་བས་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སླད་མའི་ཚེ་སླད་མའི་དུས་སུ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་དེ་དག་རྗེས་སུ་གཟུང་བའི་སླད་དུ་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་སྙིང་རྗེ་དཔག་ཏུ་མེད་པ་བསྐྱེད་ནས་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ་རྣམས་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་གསོལ་བ་འདེབས་པ་ནི་ལེགས་སོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་(བཟུང་)ཤིག་དང་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བཻཌཱུརྱར་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཅེས་བྱ་བ་བཞུགས་སོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཅུ་གཉིས་པོ་འདི་དག་བཏབ་བོ། །བཅུ་གཉིས་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་གི་ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པར་ན། ལུས་ནོར་བུ་རིན་པོ་ཆེ་བྷཻཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་མེད་ལ་འོད་གསལ་བ་དང་། ཁོ་ལ་གཡངས་ཤིང་ཆེ་བ་དང་། དཔལ་དང་གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱིད་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་ན་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དུ་སྐྱེས་པ་དག་དང་། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་བར་གྱུར་ཅིག །ལས་རྣམས་ཀྱང་བྱེད་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། བདག་གི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་མི་ཟད་པ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དེ་དག་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱའོ། །ཉན་ཐོས་ཀྱི་ལམ་དུ་ཞུགས་པ་དང་། རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་གཟུད་པར་བྱའོ་ཞེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅནགང་དག་བདག་གི་གནན་ཚངས་པར་སྤྱད་པ་སྤྱོད་པ་དང་། དེ་བཞིན་དུ་སེམས་ཅན་གཞན་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དེ་དག་ཐམས་ཅད་ཀྱང་བདག་གི་མིང་ཐོས་ནས། བདག་གི་མཐུས་སྡོམ་པ་གསུམ་གྱིས་བསྡམས་པ་དང་། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ། ངན་འགྲོར་འགྲོ་བར་མ་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དྲུག་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་། མདོག་མི་སྡུག་པ་དང་། བེམས་པོ་དང་། ཡན་ལག་སྐྱོན་ཅན་དང་། སྒུར་པོ་དང་། ཤ་བཀྲ་ཅན་དང་། ཞར་བ་དང་། ལོང་པ་དང་། འོན་པ་དང་། སྨྱོན་པར་གྱུར་པ་དང་། གཞན་ཡང་གང་སུ་དག་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་གིས་བདག་གི་མིང་ཐོས་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་ནད་སྣ་ཚོགས་ཀྱིས་གཟིར་བ། སྐྱབས་མེད་པ། མགོན་མེད་པ། འཚོག་ཆས་དང་། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་གང་དག་གི་རྣ་ལམ་དུ་བདག་གི་མིང་གྲག་པ་དེ་དག་ནི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པར་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། བུད་མེད་གང་ལ་ལ་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པ་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་སྨོད་པ། བུད་མེད་ཀྱི་སྐྱེ་གནས་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་སྐྱེས་པའི་དབང་པོ་བྱུང་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དགུ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་རྣམས་ལས་ཡོངས་སུ་ཐར་བར་བྱའོ། །ལྟ་བ་ཐ་དད་པ་མི་མཐུན་པ་ཟང་ཟིང་བས་མི་མཐུན་པར་གྱུར་པ་དག་ཡང་དག་པའི་ལྟ་བ་ལ་དགོད་པར་བྱའོ། །མཐར་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པར་བྱའོ་ཞེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཅུ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། གསད་པར་འོས་པ། སྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ་ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཅུ་གཅིག་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་བཀྲེས་པ་དང་། སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་ཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་། དྲི་དང་། རོར་ལྡན་པའི་ཁ་ཟས་ཀྱིས་ལུས་ཚིམ་པར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་དགོད་པར་བྱའོ་ཞེས་བཏབ་བོ། །དེ་བཞིན་གཤེགས་པ་དེའི་སྨོན་ལམ་ཆེན་པོ་བཅུ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། སེམས་ཅན་གང་སུ་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ། སྡུག་བསྔལ་བ། གྲང་བ་དང་། ཚ་བ་དང་། སྦྲང་བུ་དང་། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དག་ལ་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ་ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་སྦྱིན་པར་བྱའོ། །ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། སྦུད་པ་དང། ཕྲེང་བ་དང་། སྦོས་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཏབ་བོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཅུ་གཉིས་པོ་དེ་དག་བཏབ་པར་གྱུར་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་སྨོན་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་ནི་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ཟད་པར་བྱར་མི་ནུས་སོ། །སངས་རྒྱས་ཀྱི་ཞིང་དེ་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ། འདོད་པའི་སྐྱོན་མེད་པ། ངན་སོང་དང་སྡུག་བསྔལ་གྱི་སྒྲ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ས་དང་། རྩིག་པ་དང་། ར་བ་དང་། རྟ་བབས་དང་། སྐར་ཁུང་གི་དྲ་བ་དང་། བ་གམ་ནི་བཻཌཱུརྱའི་རང་བཞིན་ཅན། པུ་ཤུ་ནི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཅི་འདྲ་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་བཻཌཱུརྱར་སྣང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་དེ་དང་འདྲའོ། །འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དེ་དག་གི་ནང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙོ་བོ་གཉིས་ཡོད་དེ། གཅིག་གི་མིང་ནི་ཉི་མ་ལྟར་རྣམ་པར་སྣང་བྱེད་ཅེས་བྱ། གཉིས་པའི་མིང་ནི་ཟླ་བ་ལྟར་རྣམ་པར་སྣང་བྱེད་ཅེས་བྱ་སྟེ། དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་དམ་པའི་ཆོས་ཀྱི་མཛོད་འཛིན་པའོ། །འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་ཐོབ་ཅིག །ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སེམས་ཅན་སོ་སོའི་སྐྱེ་བོ་གང་དག་དགེ་བ་དང་མི་དགེ་བ་མི་ཤེས་པ་དག་ཡོད་དེ། དེ་དག་ནི་ཆགས་པའི་ཟིལ་གྱིས་ནོན་པ། སྦྱིན་པ་དང་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་མི་ཤེས་པའོ། །དེ་དག་ནི་བྱིས་པ། གླེན་པ། དད་པའི་དབང་པོ་དང་བྲལ་བ། ནོར་སོག་ཅིང་། སྲུང་བ་ལ་མངོན་པར་བརྩོན་གྱི། སྦྱིན་པ་ཡང་དག་པར་འགྱེད་པ་ལ་དེ་དག་གི་སེམས་མི་འགྲོ་བ་སྟེ། སྦྱིན་པའི་དུས་ཉེ་བར་གནས་པ་ན་རང་གི་ལུས་ཀྱི་ཤ་ལས་བཅད་པ་བཞིན་དུ་ཡིད་མི་དགའ་བར་འགྱུར་རོ། །སེམས་ཅན་དེ་དག་ནི་བདག་ཉིད་ཀྱང་དུ་མ་ཡོངས་སུ་མི་སྤྱོད་ན་ཕ་མ་དང་། ཆུང་མ་དང་། བུ་དང་། བུ་མོ་ལ་མི་སྟེར་བ་ལྟ་སྨོས་ཀྱང་ཅི་དགོས། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། གཞན་སློང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་དེ་ལྟ་བུ་དེ་དག་ནི་འདི་ནས་ཤི་འཕོས་ནས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། ཡང་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །དེ་ལ་གང་དག་སྔོན་མིར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་ནི་གཤིན་རྗེའི་འཇིག་རྟེན་ན་གནས་ཀྱང་རུང་། དུད་འགྲོའི་སྐྱེ་གནས་ན་གནས་ཀྱང་རུང་སྟེ། དེར་དེ་བཞིན་གཤེགས་པ་དེའི་མཚན་མངོན་དུ་འགྱུར་ཞིང་དྲན་མ་ཐག་པ་ཙམ་གྱིས་དེ་ནས་ཤི་འཕོས་ནས་ཡང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཚེ་རབས་དྲན་པར་འགྱུར་རོ། །ངན་འགྲོའི་འཇིགས་པས་སྐྲག་ནས་ཡང་འདོད་པའི་ཡོན་ཏན་དག་དོན་དུ་མི་གཉེར་བ་དང་། སྦྱིན་པ་ལ་མངོན་པར་དགའ་བ་དང་། སྦྱིན་པའི་བསྔགས་པ་བརྗོད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཏེ། རིམ་གྱིས་རང་གི་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་ཀྱང་སློང་པ་རྣམས་ལ་རབ་ཏུ་སྦྱིན་པར་འགྱུར་ན། ནོར་གྱི་ཕུང་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། འཇམ་དཔལ་གཞན་ལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་རྣམས་ཀྱི་བསླབ་པའི་གནས་འཇིག་པ་དག་ཡོད་དེ། དེ་དག་ཚུལ་ཁྲིམས་ལོག་པར་ཞུགས་ཤིང་ལྟ་བ་ལོག་པར་ཞུགས་ནས། གང་དག་ཚུལ་ཁྲིམས་དང་ལྡན་པ་དེ་དག་ནི་ཚུལ་ཁྲིམས་སྲུང་གི་མང་དུ་ཐོས་པ་ཡོངས་སུ་མི་ཚོལ་ཏེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཀྱི་དོན་ཟབ་མོ་མི་ཤེས། གང་དག་མང་དུ་ཐོས་པ་དེ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཏེ། ང་རྒྱལ་གྱིས་ནོན་པས་གཞན་དག་ལ་ཕྲག་དོག་བྱེད་ཅིང་དམ་པའི་ཆོས་ལ་དབང་ཟ་བར་འགྱུར། སྤོང་བར་འགྱུར་རོ། །མི་བླུན་པོ་དེ་ལྟ་བུ་དེ་དག་ནི་བདུད་ཀྱི་ཕྱོགས་པ་སྟེ། བདག་ཀྱང་ལམ་ངན་པར་ཞུགས་ལ་སེམས་ཅན་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་ཀྱང་གཡང་ས་ཆེན་པོར་ལྷུང་བར་བྱེད་པའོ། །སེམས་ཅན་དེ་ལྟ་བུ་དེ་དག་ནི་སེམས་ཅན་དམྱལ་བ་མི་བཟད་པར་འགྲོ་བར་འགྱུར་རོ། །གང་དག་སྔོན་མིར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་ནི་སེམས་ཅན་དམྱལ་བ་ན་གནས་ཀྱང་དེར་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དེའི་མཚན་མངོན་དུ་འགྱུར་ཏེ། དེ་དག་དེ་ནས་ཤི་འཕོས་ནས་ཡང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར། ཡང་དག་པའི་ལྟ་བ་ཅན་དང་། བརྩོན་འགྲུས་དང་ལྡན་པ་དང་། དགེ་བའི་བསམ་པ་ཅན་དུ་འགྱུར་རོ། །དེ་དག་ཁྱིམ་སྤངས་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་མཐར་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་བདག་གི་བསྔགས་པ་བརྗོད་ཅིང་ཕྲག་དོག་གིས་གཞན་དག་ལ་མི་སྙན་པར་རྗོད་པ་ཡོད་དེ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་སེམས་ཅན་དེ་དག་ངན་སོང་གསུམ་པོ་དག་ཏུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་དག་ལོ་སྟོང་ཕྲག་དུ་མ་འདས་ནས་དེ་ནས་ཤི་འཕོས་ནས་ཤི་འཕོས་ནས་བ་ལང་དང་། རྟ་དང་། རྔ་མོ་དང་། བོང་བུ་ལ་སོགས་པ་དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར། ལྕུག་ལྕག་དང་། དབྱུག་ལྕག་རྣམས་ཀྱིས་བརྡེག་པ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཉེན་པ་དང་། ཁལ་ཆེན་པོ་བཀལ་ཏེ་ལམ་དུ་འགྲོ་བར་འགྱུར་རོ། །གལ་ཏེ་བརྒྱ་ལ་མིའི་སྐྱེ་བ་རྙེད་ན་ཡང་རྟག་ཏུ་རིགས་དམའ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བྲན་དུ་འགྱུར་ཞིང་གཞན་གྱི་དབང་དུ་འགྱུར་རོ། །གང་དག་སྔོན་མིར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ། དེ་དག་ནི་དགེ་བའི་རྩ་བ་དེས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། དབང་པོ་རྣོ་བར་འགྱུར། མཁས་པ་དང་། གསལ་བ་དང་། ཡིད་གཞུངས་པ་དང་། དགེ་བ་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་འགྲོགས་པ་རྙེད་པར་འགྱུར། བདུད་ཀྱི་ཞགས་པ་གཅོད་པ་དང་། མ་རིག་པའི་སྒོ་ངའི་སྦུབས་གཅོག་པ་དང་། ཉོན་མོངས་པའི་ཆུ་ཀླུང་སྐེམས་པར་འགྱུར། སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་ཕྲ་མ་ལ་མངོན་པར་དགའ་ཞིང་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། རྩོད་པ་དང་། འགྱེད་པར་བྱེད་དུ་འཇུག་པ་དག་ཡོད་དེ། སེམས་ཅན་དེ་དག་རྣམ་པར་རྩོད་པའི་སེམས་སུ་གྱུར་པས་ལུས་དང་ངག་དང་། ཡིད་ཀྱིས་མི་དགེ་བ་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་དོ། །གཅིག་ལ་གཅིག་ཕན་པ་མ་ཡིན་པ་འདོད་ཅིང་རྟག་ཏུ་ཕན་ཚུན་གནོད་པར་བྱ་བའི་ཕྱིར་བརྩོན་ཏེ། དེ་དག་ནགས་ཚལ་གྱི་ལྷ་དང་། ཤིང་གི་ལྷ་དང་། རིའི་ལྷ་འགུགས་པར་བྱེད། དུར་ཁྲོད་རྣམས་སུ་འབྱུང་པོ་ཐ་དད་པ་དག་འགུགས་པར་བྱེད། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་ཅིང་ཤ་དང་ཁྲག་ཟ་བའི་གནོད་སྦྱིན་དང་། སྲིན་པོ་རྣམས་མཆོད་པར་བྱེད་དེ། དགྲ་བོ་དེའི་མིང་ནས་བརྗོད་པའམ། གཟུགས་བྱས་ནས་དེར་རིག་སྔགས་དྲག་པོ་སྒྲུབ་ཅིང་། བྱད་སྟེམས་དང་། རོ་ལངས་ཀྱི་སྦྱོར་བས་སྲོག་གི་བར་ཆད་བྱ་བ་དང་། ལུས་རྣམ་པར་གཞིག་པར་འདོད་པ་ལ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་པར་གྱུར་པ་དེ་དག་ལ་གང་གིས་ཀྱང་བར་ཆད་བྱ་བར་མི་ནུས་ཏེ། དེ་དག་ཕན་ཚུན་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གནོད་པའི་སེམས་མེད་པའི་སེམས་སུ་གནས་པར་འགྱུར། རང་རང་གི་བདོག་པས་ཆོག་ཤེས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། གཞན་ཡང་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ། ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན་ཅིང་གང་དག་གིས་བསམ་པས་བདག་གི་དགེ་བའི་རྩ་བ་འདིས་ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པ་དག་ལས། གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་དེར་པདྨ་ཚོན་ཁ་དོག་སྣ་ཚོགས་རྣམས་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །གང་ལ་ལ་དག་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་དག་ནི་དེར་སྐྱེས་ནས་སྔོན་གྱི་དགེ་བའི་རྩ་བ་དེ་ཟད་པར་མི་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་འགྱུར་རོ། །གཞན་དུ་ན་ཡང་རྒྱལ་རིགས་ཤིང་སཱལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ཁྱིམ་བདག་ཤིང་སཱལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་འབྱོར་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། གཡོག་ཕུན་སུམ་ཚོགས་པ་དང་། དཔའ་བ་དང་། རྟུལ་ཕོད་པ་དང། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་མདོ་འདི་འཆང་བ་དང། ཀློག་པ་དང་། འཆད་པ་དང། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང། ཡི་གེར་འདྲི་བ་དང་། ཡིག་གེར་འདྲིར་སྩོལ་བ་དང། གླེགས་བམ་ལ་བྲིས་ཏེ་མེ་ཏོག་དང་། བདུག་པ་དང་། སྦོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་རྣམས་ཀྱིས་བཀུར་སྟི་བགྱིད་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བགྱིའོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲག་པར་བགྱིའོ། །ཚོན་སྣ་ལྔ་པའི་གོས་རྣམས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན། གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆི་བར་འགྱུར་རོ། །གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་འདི་འཛིན་པ་དེ་དག་དུས་མ་ལགས་པར་འགུམ་པར་མི་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ། ཕྲོགས་ན་ཡང་སླར་འཕྲོག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །འཇམ་དཔལ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་དེ་བཞིན་གཤེགསཔ་དེ་ལ་མཆོད་པ་བྱེད་པ་དེ་དག་གིས་དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་བྱ། ཉིན་ཞག་བདུན་དུ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཁ་ཟས་གཙང་མ་བཟའ་ཞིང་ལུས་ལེགས་པར་བཀྲུས་ཏེ། གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་ཕྱོགས་གཙང་མར་མེ་ཏོག་སྣ་ཚོགས་སིལ་མ་བཀྲམ་པ། སྦོས་སྣ་ཚོགས་ཀྱིས་བདུགས་པ། རས་དང་། གདུགས་དང་། རྒྱལ་མཚན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་ས་ཕྱོགས་སུ་དྲི་མ་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། གནོད་སེམས་མེད་པའི་སེམས་དང་། བྱམས་པའི་སེམས་དང་། བཏང་སྙོསམ་ཀྱི་སེམས་དང་། མཉམ་པའི་སེམས་སུ་བྱ། རོལ་མོའི་སྒྲ་དང་། སིལ་སྙན་དང་། གླུ་དབྱངས་བླང་ཞིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལ་བསྐོར་བ་བྱས་ཏེ། དེའི་སྔོན་གྱི་སྨོན་ལམ་ཡང་ཡིད་ལ་བྱ་ཞིང་མདོ་སྡེ་འདི་ཡང་བསྟན་ན་གང་བསམས་པ་དང་། གང་སྨོན་པའི་བསམ་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། གལ་ཏེ་ཚེ་རིང་བར་སྨོན་ན་ནི་ཚེ་རིང་པོར་འགྱུར་རོ། །གལ་ཏེ་ལོངས་སྤྱོད་དང་ལྡན་པར་སྨོན་ན་ནི་ལོངས་སྤྱོད་འབྱོར་པར་འགྱུར་རོ། །གལ་ཏེ་དབང་ཕྱུག་དང་ལྡན་པར་སྨོན་ན་ནི་ཚེགས་ཆུང་དུས་རྙེད་པར་འགྱུར་རོ། །གལ་ཏེ་བུ་འདོད་ན་ན་ནི་བུ་རྙིད་(རྙེད་)པར་འགྱུར་རོ། །གང་དག་སྡིག་པ་ཅན་གྱི་རྨི་ལམ་རྨིས་སམ། གང་དུ་བྱ་ཁྭ་ཏ་དང་། ལྟས་ངན་པ་མཐོང་ངམ། གནས་གང་དུ་བཀྲ་མི་ཤིས་པ་བརྒྱ་དག་གནས་པར་གྱུར་པ་ལ། གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་བཀུར་སྟི་བྱེད་ན་རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་མཐོང་བར་མི་འགྱུར་རོ། །གང་དག་མེས་འཇིགས་པ་དང་། ཆུས་འཇིགས་པ་དང་། མཚོན་གྱིས་འཇིགས་པ་དང་། དུག་གིས་འཇིགས་པ་དང་། གཡང་སས་འཇིགས་པ་དང་། གླང་པོ་ཆེ་གཏུམ་པོས་འཇིགས་པ་དང་། སེང་གེས་འཇིགས་པ་དང་། སྟག་གིས་འཇིགས་པ་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པས་འཇིགས་པ་དང་། སྦྲུལ་དང་། སྡིག་པ་དང་། རྐང་ལག་བརྒྱ་པས་འཇིགས་པ་དེ་དག་གིས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས་ན་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་དག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། རྐུན་པོས་འཇིགས་པ་དང་། ཆོམ་པོས་འཇིགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱའོ། །འཇམ་དཔལ་གཞན་ཡང་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་ཅིང་། ལྷ་གཞན་མི་འཛིན་པ་དང་། གང་དག་ཡང་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང་། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང་། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང་། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང་། གང་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པ་དེ་དག་གི་ནང་ནས་བསླབ་པའི་གཞི་གང་ཡང་རུང་བ་ཞིག་ལས་ཉམས་པར་གྱུར་ཏེ། ངན་འགྲོ་ངན་སོང་གིས་འཇིགས་སྐྲག་པ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །བུད་མེད་གང་ལ་ལ་བུ་བཙའ་བའི་དུས་ན་སྡུག་བསྔལ་མ་རུངས་པ་དྲག་པོ་མི་བཟད་པ་མྱོང་བ་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་མཆོད་ན། དེ་མྱུར་དུ་ཡོངས་སུ་ཐར་བར་འགྱུར། བུ་ཡང་ཡན་ལག་ཡོངས་སུ་ཚང་བར་བཙའ་ཞིང་གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། ནད་མེད་ཅིང་གནོད་པ་ཉུང་བར་འགྱུར་རོ། །དེ་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ། ཀུན་དགའ་བོ་གང་གི་ཕྱིར་ང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་ཡོན་ཏན་བརྗོད་པར་ཁྱོད་དད་དམ་ཡིད་ཆེས་སམ། ཡང་ན་ཁྱོད་སངས་རྒྱསཀྱི་སྤྱོད་ཡུལ་ཟབ་མོ་འདི་ལ་ཡིད་གཉིས་སམ། སོམ་ཉི་འམ། ཐེ་ཚོམ་ཟ་བ་མེད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ། སོམ་ཉིའམ། ཐེ་ཚོམ་འཚལ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་། གསུང་དང་། ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བའི་སླད་དུའོ། བཅོམ་ལྡན་འདས་གདུགས་དང་དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་བ་འདི་གཉིས་ནི་དོག་ས་ལ་ལྟུང་ཡང་གདའ། རིའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གདའི། སངསརྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ནས། དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དེའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་། ཕན་ཡོན་དུ་འགྱུར་སྙམ་ནས་དེ་དག་མི་དད་ཅིང་ཡིད་མི་ཆེས་ཏེ། སྤོང་བས་ཡུན་རིང་པོར་གནོད་པ་དང་། མི་སྨན་པ་དང་། མི་བདེ་བ་དང་། ལོག་པར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲག་པར་གྱུར་པ་དེ་ངན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་བ་ནི་གནས་མེད་དེ་གོ་སྐབས་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ། །ཀུན་དགའ་བོ་ཁྱོད་དད་ཅིང་ཡིད་ཆེས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་པར་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ། །ཀུན་དགའ་བོ་མིར་འགྱུར་བ་རྙེད་པ་ནི་རྙེད་པར་དཀའོ། །དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་ཡང་རྙེད་པར་དཀའོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཡང་རྙེད་པར་ཤིན་ཏུ་དཀའོ། །ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཚད་མེད་དོ། །ཐབས་མཁས་པ་ཡང་ཚད་མེད་དོ། །སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཚད་མེད་དོ། །ང་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་རྒྱ་ཆེར་ཡང་དག་པར་བཤད་པར་འདོད་ཀྱང་བསྐལ་པ་ཟད་པར་འགྱུར་གྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མཐའ་རྟོགས་པར་ནི་མི་འགྱུར་རོ། །ཡང་དེའི་ཚེ་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱབས་གྲོལ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ། སླད་མའི་དུས་ན། སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིརཏེ། ཡུན་རིང་པོའི་བྲོ་ནད་ཀྱིས་ལུས་ཀྱི་ཤ་བས་ཤིང་། བཀྲེས་པ་དང་སྐོམ་པས་གྲེ་བ་དང་། མཆུ་ནི་སྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་། མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་ནི་དེས་དགེ་བ་དང་། མི་དགེ་བ་བགྱིས་པ་དེ་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ། མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལས། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ། དེ་དགེ་བ་དང་། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་འགྱུར་ཏེ་སྲོག་གི་སླད་དུ་ཡང་། སྡིག་པའི་ལས་མི་བགྱིད་དོ། །དེ་ལྟ་ལགས་པས་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ། ཇི་ལྟར་མཆོད་པར་བྱ། བྱང་ཆུབ་སེམས་དཔར་སྐྱབས་གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ། ཉིན་བདུན་མཚན་བདུནདུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱའོ། །དགེ་སློང་གི་དགེ་འདུན་ལ་ཟས་དང་། སྐོམ་རྣམས་དང་། ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་། རིམ་གྲོ་བྱའོ། །ཉིན་ལན་གསུམ་མཚན་ལན་གསུམ་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཡིད་ལ་བྱའོ། །མདོ་འདི་ལན་བཞི་བཅུ་རྩ་དགུ་གདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་ཡང་མར་མེ་བདུན་བདུན་གཞག་གོ། །མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ། ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ། ནད་ཀྱི་གནོད་པའམ། རང་གི་དམག་ཆོགས་སམ། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ། རྒྱུ་སྐར་གྱི་གནོད་པའམ། གཟའ་ཟླ་བའི་གནོད་པའམ། གཟའ་ཉི་མའི་གནོད་པའམ། དུས་མ་ཡིན་པའི་རླུང་དང་ཆར་གྱི་གནོད་པའམ། ཐན་པའི་གནོད་པ་ཡང་རུང་སྟེ། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་དེ་ལྟ་བུར་མཆོད་པ་བྱས་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་དགེ་བའི་རྩ་བ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་། ལོ་ལེགས་པར་འགྱུར། རླུང་དང་ཆར་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་། བདེ་བ་དང་། མཆོག་ཏུ་དགའ་བ་མང་བར་འགྱུར་རོ། །ཡུལ་དེར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ་གཙེ་བར་མི་འགྱུར་རོ། །ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་ཚེ་དང་། མདོག་དང་། སྟོབས་དང་། ནད་མེད་པ་དང་། དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཇི་ལྟར་ན་ཚེ་ཡོངས་སུ་ཟད་ནས་ཡང་མངོན་པར་སྐྱེ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་དུས་མ་ཡིན་པར་འཆི་བ་དགུ་ཡོད་པར། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལས་མ་ཐོས་སམ། དེའི་ཕྱིར། སྔགས་དང་སྨན་གྱི་སྦྱོར་བ་རྣམས་བསྟན་ཏོ། །སེམས་ཅན་ནད་ཀྱིས་བཏབ་ལ། དེ་ནད་ཚབས་མི་ཆེས་ཀྱང་སྨན་དང་རིམ་གྲོ་བྱེད་པ་དང་མི་ལྡན་ནམ། ཡང་ན་སྨན་པ་སྨན་མ་ཡིན་པ་བྱེད་པ་ཡང་ཡོད་དེ། འདི་ནི་དུས་མ་ཡིན་པར་འཆི་བ་དང་པོའོ། །དུས་མ་ཡིན་པར་འཆི་བ་གཉིས་པ་ནི། གང་དག་རྒྱལ་པོའི་ཆད་པས་འཆི་བའི་དུས་བྱེད་པའོ། །དུས་མ་ཡིན་པར་འཆི་བ་གསུམ་པ་ནི། གང་དག་ཧ་ཅང་བག་མེད་དེ་བག་མེད་པར་གནས་པ་དེ་དག་ལ་མི་མ་ཡིན་པ་དག་གིས་མདངས་འཕྲོག་པའོ། །དུས་མ་ཡིན་པར་འཆི་བ་བཞི་པ་ནི། གང་དག་མེས་ཚིག་སྟེ། འཆི་བའི་དུས་བྱེད་པའོ། །དུས་མ་ཡིན་པར་འཆི་བ་ལྔ་པ་ནི། གང་དག་ཆུས་འཆི་བའོ། །དུས་མ་ཡིན་པར་འཆི་བ་དྲུག་པ་ནི། གང་དག་སེང་གེ་དང་། སྟག་དང་། ཝ་དང་། སྦྲུལ་དང། གཅན་གཟན་ཁྲོ་བོའི་ནང་དུ་ཆུད་དེ་འཆི་བའོ། །དུས་མ་ཡིན་པར་འཆི་བ་བདུན་པ་ནི། གང་དག་རི་ཁ་ནས་གཡང་དུ་ལྷུང་བའོ། །དུས་མ་ཡིན་པར་འཆི་བ་བརྒྱད་པ་ནི། གང་དག་དུག་དང་། བྱད་དང་། རོ་ལངས་ཀྱི་སྦྱོར་བས་གསོད་པའོ། །དུས་མ་ཡིན་པར་འཆི་བ་དགུ་པ་ནི། གང་དག་ཟས་དང་སྐོམ་མ་རྙེད་ནས་བཀྲེས་པ་དང། སྐོམ་པས་ཉེན་ཏེ་འཆི་བའི་དུས་བྱེད་པའོ། །མདོར་ན་འདི་དག་ནི། དེ་བཞིན་གཤེགས་པས་དུས་མ་ཡིན་པར་འཆི་བ་ཆེན་པོར་བསྟན་པ་སྟེ། གཞན་ཡང་དུས་མ་ཡིན་པར་འཆི་བ་ནི་གྲངས་མེད་དཔག་ཏུ་མེད་དོ། །དེ་ནས་འཁོར་དེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འདུས་པར་གྱུར་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་དེ་དག་གོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རེ་རེ་ལ་ཡང་། གཡོག་གནོད་སྦྱིན་བདུན་འབུམ་བདུན་འབུམ་ཡོད་པ་སྟེ། དེ་དག་གིས་ཚིག་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱི་མཐུས་བདག་ཅག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་མཆི་(འཆི་)བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་སྤོ་བར་བགྱིའོ། །བྱེ་བྲག་ཏུ་ནི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འདོ་དེའི་མཚན་འཆང་བ་དང་། མཆོད་པ་དང་། རིམ་གྲོ་བགྱིད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ། ལེགས་སོ་ཞེས་བྱ་བ་བྱིན་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་གང་གི་ཕྱིར་ཁྱེད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་དེའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཤིག །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་། རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བར་ཡང་ཟུང་ཤིག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱིས་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་ཛིན་མིཏྲ་དང་། དཱན་ཤཱིལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།


- མདོ་སྡེ་འདི་ནི་བཀའ་འགྱུར་སྡེ་དགེ་པར་ཕུད་ཀྱི་རྒྱུད་འབུམ་ ''ད་'' པ། པོད་༨༧ ནང་དུ་བཞུགས་ཡོད་པ་དེ་ནས་གདན་དྲངས་པ་ལགས་སོ།།

མཐའ་མའི་འདོན་ཐེངས་།: 11.09.2015 ཉིན། 11:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།