སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྨན་པ་མཁས་ཆེན་དབྱངས་ཅན་ལྷ་མོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

སྨན་པ་མཁས་ཆེན་དབྱངས་ཅན་ལྷ་མོ།
 

- བྱམས་པ་འཕྲིན་ལས།
 

སྨན་པ་མཁན་ཆེན་དབྱངས་ཅན་ལྷ་མོའི་ཡབ་ནི་ཆབ་མདོ་ས་གནས་རི་བོ་ཆེ་ཡང་དགོན་བླ་བྲང་གི་བླ་མ་རྗེ་དྲུང་བྱམས་པ་འབྱུང་གནས་དང་། ཡུམ་ནི་ཆབ་མདོ་ས་གནས་ངོམ་ས་སྒང་སྡེ་པའི་བུ་མོ་ཚུལ་ཁྲིམས་ཡིན་ཞིང་། (སྤྱི་ལོ་ 1906) ལོར་རྗེ་དྲུང་བྱམས་པ་འབྱུང་གནས་འཁོེར་བཅས་པདྨ་བཀོད་དུ་གཏེར་སྒོ་འབྱེད་པར་ཕེབས་ཏེ་པདྨ་བཀོད་དུ་བཞུགས་སྐབས་(སྤྱི་ལོ་1907)བོད་མེ་ལུག་ལོ་ཟླ་དང་པོའི་ཚེས་གཅིག་ཉིན་གནས་པདྨ་བཀོད་དུ་འཁྲུངས། ཡབ་རྗེ་དྲུང་བྱམས་པ་འབྱུང་གནས་ནི་རིག་པའི་གནས་ལྔར་བྱང་དུ་ཆུབ་པའི་གྲགས་པ་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ལྷག་པར་དུ་གསོ་རིག་སྨན་སྦྱོར་གྱི་ཕྱག་བཞེས་ཐད་དེ་བས་གྲགས་པ་ཤིན་ཏུ་ཆེ་བ་ཞིག་ཡིན། རྗེ་དྲུང་བྱམས་པ་འབྱུང་གནས་པདྨ་བཀོད་ནས་རི་བོ་ཆེར་ཕྱིར་ཕེབས་མཛད་རྗེས་དབྱངས་ཅན་ལྷ་མོས་སློབ་སྦྱོང་གནང་འགོ་གཙུགས་ཏེ་ཐོག་མར་བོད་ཡིག་འབྲི་ཀློག་དང་སུམ་རྟགས་སྙན་ངག་སོགས་སློབ་སྦྱོར་གནང་ཞིང་། དེ་ནས་སྨན་གཞུང་སློབ་སྦྱོང་གནང་སྟེ་ཆུ་ཚོད་རེ་གཉིས་ནས་སྨན་གཞུང་ཤོག་ལྷེ་བཅོ་ལྔ་སྐོར་ངག་སྐྱོར་གནང་ཐུབ་པ་སོགས་ཁྱད་འཕགས་ཀྱི་གྲུབ་འབྲས་ཐོབ་ཅིང་།
 

དབྱངས་ཅན་ལྷ་མོ་དགུང་ལོ་བཅུ་གཅིག་སྐབས་དེ་སྔའི་བོད་ས་གནས་སྲི་གཞུང་གིས་རྗེ་དྲུང་བྱམས་པ་འབྱུང་གནས་རྒྱ་དང་ངན་འབྲེལ་བྱས་པའི་ནག་ཉེས་བཀལ་ཏེ་བྱང་སྟག་རིང་དུ་རྒྱང་འབུད་དུ་བཏང་ནས་སྟག་རིང་དགོན་པར་རྩིས་སྤྲད་ཅིང་། སྐབས་དེར་སྟག་ལུང་རྩེ་སྤྲུལ་སྐུ་གོང་མས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པར་རྗེ་དྲུང་བྱམས་པ་འབྱུང་གནས་སྟག་ལུང་དགོན་པར་གདན་འདྲེན་ཞུས་ཆོག་པའི་སྙན་ཞུ་ཕུལ་དོན་ལྟར་ཆོག་མཆན་ཐོབ་སྟེ་སྟག་ལུང་དགོན་པར་གདན་ཞུས་ཀྱིས་སྟག་ལུང་དགོན་པར་བཞུགས་སྐབས་སྨན་རྩིས་ཁང་གིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པར་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱི་ས་ནས་གསོ་རིག་སྨན་སྦྱོར་གྱི་ཁྲིད་ལུང་འགའ་ཞིག་ཞུས་ཆོག་པའི་སྙན་ཕུལ་ཆོག་མཆན་ཐོབ་པ་ལྟར་སྨན་རྩིས་ཁང་ནས་སྨན་པ་གཉིས་སྟག་ལུང་དགོན་དུ་ཆེད་ཕེབས་ཀྱིས་རྗེ་དྲུང་གི་ས་ནས་གསོ་རིག་སྨན་སྦྱོར་གྱི་ཁྲིད་ལུང་འགའ་ཞིག་ཞུ་གནང་མཛད་ཅིང་། སྐབས་དེར་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱིས་སྨན་པ་དེ་གཉིས་ལ་ང་ལ་བུ་མོ་ཞིག་ཡོད་པ་དེ་ལ་སྨན་རྩིས་ཁང་ནས་མིག་འབྱེད་ཀྱི་ལག་རྩལ་བསླབ་རོགས་གནང་ཞེས་རེ་འདུན་ཞུ་གནང་མཛད།
 

དབྱངས་ཅན་ལྷ་མོ་དགུང་ལོ་བཅུ་གསུམ་གྱི་སྐབས་སུ་རང་སྐྱ་འཕེར་བའི་སྒོ་ནས་རྩ་ཆུར་བརྟག་མཁས་པའི་སྨན་པ་བཟང་པོ་ཞིག་བྱུང་སྟེ་སྨན་བཅོས་ཀྱི་ཕྱག་ལས་གནང་ཞིང་། དེ་རྗེས་སྨན་རྩིས་ཁང་དུ་སྨན་ཞུར་ཕེབས་སྐབས་སྨན་ཞུ་བ་སླེབས་པའི་གནས་ཚུལ་ཡོན་ཀྲང་དམ་པ་མཁྱེན་རབ་ནོར་བུ་མཆོག་ལ་སྙན་སེང་ཞུས་པ་དང་། ཡོན་ཀྲང་མཆོག་ནས་སྨན་ཞུ་བ་ག་འདྲ་ཞིག་འདུག་གམ་དེ་སྔོན་ཁམས་པའི་བླ་མ་ཞིག་གིས་མིག་འབྱེད་རྒྱུ་བསླབ་རོགས་ཞེས་མངགས་པ་ཞིག་ཡོད་པ་དེ་མིན་ནམ་ཡར་སྐད་ཐོངས་ཤོག་གསུངས་ཏེ་ཇི་ལྟར་ཡིན་མིན་བཀའ་འདྲི་གནང་ནས་དེ་སྔོན་བཀའ་མངགས་སྐྱབས་འཇུག་ཞུས་པ་དེ་ཡིན་པ་ར་སྤྲོད་བྱུང་སྟེ་དེ་ནས་བཟུང་སྨན་རྩིས་ཁང་དུ་མིག་འབྱེད་ཀྱི་ལག་རྩལ་མཐར་ཕྱིན་པ་བསླབས་རྗེས་ལྷ་ས་དང་། ཆབ་མདོ་ཁུལ་དུ་དབུལ་ཞིང་ཕོངས་པའི་ཉམ་ཐག་ལོང་བ་མང་པོའི་མིག་ཕྱེ་བ་དང་། ལོང་བ་དེ་ཚོའི་ས་ནས་སྨན་བཅོས་བྱས་པའི་གླ་ཆ་ལེན་རྒྱུ་ལྟ་ཞོག་ལོང་བ་ཕལ་ཆེ་བའི་རླུང་བཅོས་ཀྱི་འཚོ་ཟས་ཀྱང་རང་ཉིད་ཀྱིས་མཁོ་སྤྲོད་གནང་བ་དང་། ཕྱོགས་མཐའ་ནས་ལྷ་སར་ཡོང་བའི་ནད་པར་གནས་ཚང་འཚོལ་རོགས་མཛད་པར་མ་ཟད་གནས་གླ་ཡང་རང་ཉིད་ཀྱིས་སྤྲོད་རོགས་མཛད་པ་སོགས་ལ་བརྟེན་རྒྱུས་མངའ་ཡོད་པའི་མང་ཚོགས་ཚང་མས་དད་གུས་ཧ་ཙང་ཆེ་པོ་བྱེད་བཞིན་ཡོད།
 

(སྤྱི་ལོ་1948)ལོར་འབྲུག་པ་རྒྱལ་པོ་འཇིགས་མེད་དབང་ཕྱུག་གི་སྤྱན་ལོང་སྟབས་ལྷ་སར་བང་མི་ཆེད་བཏང་གིས་མཁས་དབང་དབྱངས་ཅན་ལྷ་མོ་འབྲུག་ཡུལ་དུ་རྒྱལ་པོའི་སྤྱན་འབྱེད་བར་གདན་འདྲེན་ཞུས་ཏེ་འབྲུག་པ་རྒྱལ་པོའི་སྤྱན་ཕྱེ་བར་མ་ཟད་འབྲུག་ཡུལ་དུ་བཞུགས་རིང་ལ་སྨན་བཅོས་རྒྱ་ཆེ་མཛད་པ་སོགས་ལ་ཕན་འབྲས་མངོན་གསལ་ཅན་ཐོབ་པར་བརྟེན་འབྲུག་ཡུལ་དུའང་སྐད་གྲགས་ཀྱིས་ཁྱབ་པ་བྱུང་ཞིང་།
དེ་ནས་ལྷ་སར་ཕྱིར་ལོག་གནས་རྗེས་(སྤྱི་ལོ་1951)ལོར་ཡོན་ཀྲང་དམ་པ་མཁྱེན་རབ་ནོར་བུ་མཆོག་གིས་མིག་འབྱེད་ལག་རྩལ་གྱི་སློབ་ཐོན་ཨང་དང་པོའི་ལག་ཁྱེར་གནང་བར་མ་ཟད་སྨན་པ་ངག་དབང་ཕུན་ཚོགས་དང་མཉམ་དུ་སྟག་རྩེ་དང་། ར་སྒྲེང་། མལ་གྲོ། འབྲི་གུང་། ཟངས་རི་སོགས་རྫོང་ཁག་བཅོ་བརྒྱད་ཕལ་ཆེ་བར་མིག་འབྱེད་དང་། སྨན་སྦྱིན་དུ་གཏོང་གནང་མཛད་དེ། (སྤྱི་ལོ་)1951 ནས་ (སྤྱི་ལོ་1953) བར་ལོ་གསུམ་རིང་དཀའ་ངལ་ཁྱད་བསད་ཀྱི་སྒོ་ནས་ལོང་བ་སུམ་བརྒྱ་ལྷག་ཙམ་གྱི་མིག་ཕྱེ་པ་དང་། ས་གནས་སོ་སོའི་ནད་པ་ཚང་མར་སྨན་བཅོས་ཕྱག་ལས་ཞིབ་ཚགས་གནང་བ་དང་། (སྤྱི་ལོ་1956) ལོར་ཕ་ཡུལ་དུ་ཐེངས་གཅིག་ཕེབས་སྐབས་ཀྱང་ཆབ་མདོ་དང་། རི་བོ་ཆེར་བཞུགས་རིང་ཡར་མར་ཕེབས་ལམ་འཁེལ་ས་ས་གནས་སོ་སོར་ཡང་མིག་འབྱེད་དང་སྨན་བཅོས་ཀྱི་ཕྱག་ལས་མཛད་པ་བཅས་ཀྱི་གྲགས་པ་ཧ་ཅང་ཆེན་པོ་ཐོབ་ཡོད། (སྤྱི་ལོ་ 1958)ལོ་ལྷ་སར་ཕྱིར་ཕེབས་མཛད་པ་ནས་ཡོན་ཀྲང་དམ་པ་མཁྱེན་རབ་ནོར་བུ་མཆོག་གིས་དབྱངས་ཅན་ལྷ་མོ་དངོས་སུ་སྨན་རྩིས་ཁང་གི་སྒྲིགས་ཁོངས་སུ་འཇུག་གནས་མཛད་དེ་སྨན་རྩིས་ཁང་དུ་སྨན་བཅོས་ཀྱི་ཕྱག་ལས་མཛད།
 

སྔོན་ཆད་སྨན་གཞུང་(རྒྱུད་བཞིའི་)ནང་བུད་མེད་དང་། བྱིས་པའི་ནད་རིགས་ངོས་འཛིན་དང་། བཅོས་ཐབས་སྐོར་ལ་གཞུང་དང་ལག་ལེན་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ཕྱིས་ཀྱི་སྨན་པ་མཁས་པ་མང་པོས་དེ་དག་བརྒྱུད་འཛིན་དང་། འཕེལ་རྒྱས་ཤུགས་ཆེན་བཏང་ནས་བུད་མེད་སྨན་པའང་མི་ཉུང་བ་བྱུང་ཡོད། འོན་ཀྱང་བར་སྐབས་ཤིག་ནས་གནས་ཚུལ་སྣ་ཚོགས་དབང་གིས་བོད་ལུགས་སྨན་པ་མང་ཆེ་བ་གྲྭ་བཙུན་ནམ་སྐྱེས་པ་ཡིན་པ་ལས་བུད་མེད་ཀྱིས་སྨན་པ་བྱེད་མཁན་ཧ་ཅང་དཀོན་པར་བརྟེན་རིམ་གྱིས་བུད་མེད་དང་བྱིས་པའི་ནད་རིགས་བཅོས་ཐབས་སྐོར་ལ་དོ་སྣང་ཆུང་སྐྱོན་གྱི་གནས་ཚུལ་ཚབས་ཆེ་ལྷགས་པར་མ་ཟད། ཐ་ན་འགའ་རེས་བུད་མེད་ཀྱིས་བོད་ཀྱི་གསོ་རིགས་སྦྱངས་ན་ཧ་ཅང་མ་འགྲིག་པ་ལྟ་བུའི་ངོས་འཛིན་བྱེད་མཁན་ཡང་བྱུང་འདུག འོན་ཀྱང་ཡོན་ཀྲང་མཁྱེན་རབ་ནོར་བུ་མཆོག་ནས་དབྱངས་ཅན་ལྷ་མོར་བུད་མེད་སྨན་སྦྱོང་རྒྱུར་ཐོག་མཐའ་བར་གསུམ་དུ་ཐུགས་བརྩེ་ཆེན་པོས་རྗེས་སུ་གཟུང་མཐར་བུད་མེད་སྨན་པ་མཁས་པ་དབྱངས་དགའ་ཞེས་སྐད་གྲགས་ཅན་ཞིག་ཏུ་གྱུར།
 

ས་ཕག་(སྤྱི་ལོ་1959)ལོར་དམངས་གཙོའི་བཅོས་བསྒྱུར་སྐབས་དབྱངས་ཅན་ལྷ་མོ་སྔར་བཞིན་སྨན་རྩིས་ཁང་དུ་ཕྱག་ལས་གནང་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ལས་བྱེད་པར་བསྒྱུར་ནས་འཚོ་བའི་ཐོབ་ཐང་སོགས་ལ་མི་དམངས་སྲིད་གཞུང་གི་གཟིགས་སྐྱོང་བླ་ན་མེད་པ་ཐོབ། སྐབས་དེར་དབྱངས་ཅན་ལྷ་མོས་ཉིན་ལྟར་སྨན་རྩིས་ཁང་གི་སྒོ་བསྟེན་སྨན་བཅོས་གནང་བ་དང་། སྐབས་རེ་སློབ་དཔོན་མཁྱེན་རབ་ནོར་བུའི་བཀའ་ལྟར་ལྷ་ས་གྲོང་ཁྱེར་ཕྱི་ནང་ནད་པ་ལྗིད་པོའི་རིགས་ལ་ནད་སྐོར་གནང་བར་ཕེབས་པར་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད།
 

ལྕགས་གླང་(སྤྱི་ལོ་1962)ལོར་སྨན་རྩིས་ཁང་དུ་བུད་མེད་དང་ཕྲུ་གུའི་སྡེ་ཁག་འཛུགས་སྐབས་ཡོན་ཀྲང་མཁྱེན་རབ་ནོར་བུ་མཆོག་ནས་བུད་མེད་དང་བྱིས་པའི་སྡེ་ཁག་གི་ཀྲུའུ་རིན་དང་པོ་དབྱངས་ཅན་ལྷ་མོར་བསྐོ་གཞག་བསྩལ་བ་ནས་བཟུང་བུད་མེད་དང་བྱིས་པའི་ན་ཚ་བསྟེན་མཁན་ཇེ་མང་དུ་སོང་བ་དང་འབྲེལ་བོད་ལུགས་གསོ་རིག་གི་བུད་མེད་དང་བྱིས་པའི་སྡེ་ཁག་ལ་རྣམ་པ་གསར་པ་ཞིག་ཐོན་པར་བརྟེན་སྐབས་དེར་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་ནས་དབྱངས་ཅན་ལྷ་མོར་བརྒྱུད་འཛིན་བུད་མེད་སྨན་པ་གསོ་སྐྱོང་བྱེད་རྒྱུའི་ཞལ་ཏ་བསླབ་བྱ་མཛད་པར་མ་ཟད། བུད་མེད་ཀྱི་ན་ཚའི་སྐོར་ལ་ཉམས་མྱོང་ཕྱོགས་བསྒྲིགས་བྱེད་རྒྱུར་བསྐུལ་མ་ཡང་ཡང་གནང་ཞིང་། གོང་རིམ་དབུ་ཁྲིད་ལའང་སློབ་ཕྲུག་གསར་པ་བསྡུ་སྐབས་བུད་མེད་སྨན་པ་གྲངས་ཚད་ངེས་ཅན་ཞིག་དགོས་ལུགས་སོགས་ཞུ་གནང་མཛད་པ་རེད།
 

ཆུ་ཡོས་(སྤྱི་ལོ་1963)ལོར་སྨན་རྩིས་ཁང་དུ་བརྒྱུད་འཛིན་སློབ་ཕྲུག་གསར་དུ་བསྡུས་པའི་ནང་བུད་མེད་སྨན་པ་སྦྱོང་མཁན་མི་ཉུང་བ་བྱུང་བ་དེས་ལོ་རྒྱུས་ཐོག་བོད་ལུགས་སྨན་པའི་ནང་བུད་མེད་སྨན་པ་བྱེད་མཁན་ཉུང་ཉུང་ཡིན་པའི་གནས་ཚུལ་མཇུག་བསྒྲིལ་ཐུབ།
 

ཤིང་འབྲུག་(སྤྱི་ལོ་1964)ལོར་དབྱངས་ཅན་ལྷ་མོས་རང་གིས་ལོ་མང་རིང་བསགས་པའི་བུད་མེད་ཀྱི་ནད་རིགས་བཅོས་ཐབས་ཀྱི་ཉམས་མྱོང་བྲིས་ནས་ཚོགས་ཆེན་ཐོག་ངོ་སྤྲོད་གནང་བར་སྨན་རྩིས་ཁང་ནང་སླར་ཡང་སྙན་པའི་གྲགས་པས་ཁྱབ་པ་བྱུང་།
 

དེང་སྐབས་སྨན་རྩིས་ཁང་དུ་སྒོ་བསྟེན་དང་། ནད་ཁང་ལ་བུད་མེད་བྱིས་པའི་སྡེ་ཁག་གི་བུད་མེད་སྨན་པ་དང་། ནད་སྐྱོང་པ་མང་པོ་ཡོད་པར་མ་ཟད། དེའི་ནང་བོད་རིགས་དང་། ལྷོ་པ་རིགས། མོན་པ་རིགས། ཧུའི་རིགས་སོགས་སྨན་ཁང་ཡོངས་ཀྱི་ལས་བཟོའི་ནང་བརྒྱ་ཆ་42ཙམ་བུད་མེད་ཡིན་པས་སླད་ཕྱིན་བོད་ཀྱི་གསོ་རིག་གི་ནང་ཚན་བུད་མེད་དང་། བྱིས་པའི་སྨན་བཅོས་བྱེད་མཁན་དཔུང་ཁག་དེ་དག་སྲ་བརྟན་གོང་འཕེལ་དུ་འགྲོ་རྒྱུར་ཐེ་ཚོམ་ཡིད་གཉིས་བྲལ་བ་ཡིན་ལགས།། །།
 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 12:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།