སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྨན་པ་པདྨ་བསྟན་འཛིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.06.2018
གསོ་རིག་མཁས་དབང་རིམ་བྱོན། >>


སྨན་པ་པདྨ་བསྟན་འཛིན།

- བྱམས་པ་འཕྲིན་ལས།

 

སྨན་པ་པདྨ་བསྟན་འཛིན་ནི། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གཏེར་མ་རོང་གི་རྙིང་མའི་དགོན་པ་ཡོན་ཏན་དགོན་གྱི་ཉེ་འདབས་སུ་བོད་རབ་བྱུང་བཅུ་དྲུག་པ་ཤིང་བྱ་ (སྤྱི་ལོ་ ༡༩༤༥) ལོར་སྐུ་འཁྲུངས་ཤིང་། སྤྱི་ལོ་ ༡༩༤༨ ལོར་གནས་ཆེན་ཁ་བ་དཀར་པོའི་བླ་མ་འོད་ཟེར་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་བྱས། དགུང་ལོ་དྲུག་པ་ནས་དགེ་བཤེས་བློ་བཟང་དངོས་གྲུབ་ཀྱི་དྲུང་དུ་བོད་ཀྱི་རིག་གནས་སྦྱངས། སྤྱི་ལོ་ ༡༩༥༤ ལོ་ནས་ཡོན་ཏན་དགོན་དུ་བླ་མ་དམ་ཆོས་ཚུལ་ཁྲིམས་ཀྱི་དྲུང་དུ་བོད་ཡིག་དང་སྔོ་སྨན་ངོས་འཛིན། ༡༩༦༠ ལོར་ “མཆོང་སྐྱོད་ཆེན་པོ་” ཞེས་པའི་ལས་འགུལ་ལངས་ཏེ་དགོན་པའི་དགེ་འདུན་ཚང་མ་ཕྱིར་བསྐྲད་ནས་རང་རང་གི་གྲོང་ཚོར་ངལ་རྩོལ་དུ་བཏང་ཞིང་ཁྱིམ་འཛུགས་ལས་གཉེར་བྱས།  ༡༩༦༦ ལོར་གྲོང་གསེབ་ཏུ་མཉམ་འབྲེལ་སྨན་བཅོས་ལམ་ལུགས་སྤེལ་ནས་ཁོང་གྲོང་གསེབ་སྨན་པ་བྱས། དེ་ནས་བཟུང་ཁོང་གིས་ཕྱོགས་གཅིག་ནས་ལག་ལེན་བསྟར་བ་དང་། ཕྱོགས་གཅིག་ནས་གྲགས་ཆེ་བའི་བོད་སྨན་མཁས་པ་ཨ་མྱེ་སྔགས་རྩ་རིན་པོ་ཆེ་དང་བྱང་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་ལ་གསོ་རིག་རྒྱུད་བཞི་དང་ཀོང་སྤྲུལ་ཟིན་ཏིག་སོགས་བོད་སྨན་བསྟན་བཅོས་སློབ་སྦྱོང་བྱས། སྔོ་སྨན་མང་ཆེ་བ་རང་འཐུ་རང་སྦྱོར་བྱེད་པ་མ་ཟད། རིན་གོང་དམའ་ལ་སྨན་ནུས་ཆེ་བས། རྒྱ་ཆེའི་མང་ཚོགས་ཁོང་ཉིད་ལ་ཤིན་ཏུ་དགའ་ཞེན་ཆེ། ༡༩༧༤ ལོར་ཁོང་ཁུན་མིང་གྲོང་ཁྱེར་ལ་འཚོགས་པའི་སྐབས་དང་པོའི་རྒྱལ་ཡོངས་བོད་ལུགས་གསོ་རིག་ལས་དོན་ཚོགས་འདུར་ཞུགས་ཤིང་།  ༡༩༨༠ ལོར་གྲངས་ཉུང་མི་རིགས་སྲོལ་རྒྱུན་སྨན་བཅོས་བྱ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་བྱེད་ཆེད་ཁུལ་མི་དམངས་སྨན་ཁང་དུ་བོད་སྨན་ཚན་ཁག་བཙུགས་ནས་ཞང་བླ་མ་དང་ཁོང་གཉིས་ཚན་ཁག་ཏུ་གདན་འདྲེན་ཞུས་ནས་བོད་སྨན་པ་བྱས།  ༡༩༨༤ ལོར་བོད་ལྗོངས་སྨན་རྩིས་ཁང་དུ་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་སྨན་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་ལོ་གཅིག་བྱས། དེའུ་དུས་སུ་མཁས་དབང་བྱམས་པ་འཕྲིན་ལས་དང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ། མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་སོགས་དང་མཇལ་བས། ཁོང་ཚོས་ཐུགས་ཁུར་དང་གཟིགས་སྐྱོང་ལེགས་པོར་གནང་། ༡༩༨༥ ལོར་ལྷ་སར་འཚོགས་པའི་རྒྱལ་ཡོངས་བོད་སྨན་ལས་དོན་ཚོགས་འདུར་ཞུགས།་ ༡༩༨༧ ལོར་སྨན་བཅོས་འཕྲོད་བསྟེན་བྱ་བཞག་དེ་བས་ཆེ་རུ་འཕེལ་རྒྱས་གཏོང་དགོས་པའི་ཆེད་དུ་བདེ་ཆེན་ཁུལ་བོད་སྨན་ཁང་དབུ་བརྙེས། དེ་ནས་བཟུང་ཁོང་གིས་སྔ་རྟིང་དུ་སྨན་བཅོས་ཀྲུའུ་རེན་དང་། བཟོ་གྲྭའི་ཀྲུའུ་རེན། སྨན་ཁང་གི་ཡོན་ཀྲང་གཞོན་པ་བཅས་ཀྱི་གོ་གནས་བཟུང་། ཁྱད་པར་དུ་བོད་སྨན་ཁང་བཙུགས་པ་ནས་བཟུང་སྨན་ཁང་གི་སྨན་རྫས་སྦྱོར་བཟོའི་ལས་འགན་འཁུར་བཞིན་ཡོད།  ༡༩༨༨ ལོར་ཁོང་ལ་སྨན་པ་རབ་འབྱམས་པའི་གོ་གནས་ཐོབ་པ་དང་། ༡༩༩༣ ལོར་སྨན་པ་འབུམ་གཞོན་གྱི་གོ་གནས་ཡང་རག་ཡོད། བདེ་ཆེན་ཁུལ་བོད་སྨན་ཁང་བཙུགས་པའི་དུས་ཚོད་ཐུང་བ་དང་། ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཞན་པ། ཆེད་ལས་ལག་རྩལ་མི་སྣ་དཀོན་པ་སོགས་ཀྱི་རྐྱེན་གྱིས་དེ་སྔོན་བོད་སྨན་ཚང་མ་ལྷ་ས་དང་། ཆབ་མདོ། དཀར་མཛེས་སོགས་ས་ཆ་གཞན་ནས་ཉོ་དགོས་ཀྱི་ཡོད། ཁྱད་པར་དུ་མུ་ཏིག་བདུན་ཅུ་དང་། གྲང་སྦྱོར་ལ་སོགས་པའི་རིལ་བུའི་རིགས་རྣམས་ལ་ཉེ་བར་མཁོ་བའི་རྒྱུ་ཆ་ཚང་དཀའ་བ་དང་། སྨན་རྫས་སྦྱོར་བཟོའི་ལག་རྩལ་སྤུས་ཚད་ཀྱང་ངེས་ཅན་ལྡན་དགོས་པ། དཀའ་ལས་ཆེ་ཞིང་དགོས་མཁོ་ཆེ་ཡང་མཁོ་སྤྲོད་བྱས་པའི་ལས་ཁོངས་ཀྱི་སྨན་གྱི་གྲངས་འབོར་ཉུང་བ་སོགས་ཀྱི་རྐྱེན་པས། བདེ་ཆེན་ཁུལ་མི་དམངས་ཀྱི་ལུས་ཁམས་བདེ་སྲུང་ཐོག་ཏུ་ཤུགས་རྐྱེན་ཐེབས་ཡོད། དེར་བརྟེན་ཁོང་གིས་ལོ་རྟག་ཏུ་ལྷ་སར་སྨན་ཉོ་བར་ཕེབས་པའི་གོ་སྐབས་སུ་ལྷ་ས་སྨན་རྩིས་ཁང་དང་། སྨན་བཟོ་གྲྭ། བོད་ལྗོངས་བོན་ལུགས་གསོ་རིག་སློབ་གླིང་དུ་ཐེངས་རེར་ཟླ་གཉིས་ཙམ་སློབ་སྦྱོང་བྱས་ཡོད་པས། བདེ་ཆེན་ཁུལ་བོད་སྨན་ཁང་དུ་སྔ་ཕྱིར་མུ་ཏིག་ཉེར་ལྔ་དང་། བྱུར་དམར་ཉེར་ལྔ། བཙོ་བཀྲུ་ཟླ་ཤེལ། བསམ་ནོར། ཨ་གར་ཉི་ཤུ་སོགས་རིན་ཆེན་རིལ་བུ་དང་ཕལ་སྨན་སྣ་གྲངས་མང་དག་སྦྱོར་བཟོ་བྱས་ཡོད། ཁོང་གིས་སྔ་རྟིང་དུ་ལྷ་སར་ཐེངས་བཅོ་བརྒྱད་ཕེབས་ཏེ་སློབ་སྦྱོང་བྱས་པའི་འབྲས་བུ་ལ་བརྟེན་ནས་ ༡༩༩༥ ལོར་ལྷ་ས་སྨན་བཟོ་གྲྭའི་ཆེས་ལས་མཁས་ཅན་བློ་བཟང་རྡོ་རྗེ་དང་མཉམ་དུ་བདེ་ཆེན་ཁུལ་ཐེངས་དང་པོའི་རཏྣ་བསམ་འཕེལ་གྱི་སྦྱོར་བཟོའི་ལས་ཀ་དེ་ལེགས་གྲུབ་བྱུང་། བོད་རང་སྐྱོང་ལྗོངས་དང་ཡུན་ནན་སྨན་རྫས་ཞིབ་དཔྱད་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད་ཚན་རིག་དང་མཐུན་པར་ངོས་འཛིན་བྱས། ནད་ཐོག་ལག་ལེན་ཐོག་ཏུ་ཚོད་བཅོས་བྱས་པས་སྨན་ནུས་ཡིད་ཆེས་པ་འདུག་པས་བོདལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་བྱམས་པ་འཕྲིན་ལས་ལ་སོགས་པའི་བོད་སྨན་གསོ་རིག་མཁས་ཅན་རྣམས་ཀྱི་ཁས་ལེན་དང་བསྟོད་བསྔགས་ཐོབ། ༡༩༩༨ ལོར་ཁོང་གིས་རིན་ཆེན་མང་སྦྱོར་ཆེན་མོ་དང་། ལྕགས་ཁམས་ཐལ་བཟོའི་ལས་དོན་གཉེར་ནས་གསེར་ཐལ་དང་དངུལ་ཐལ་སོགས་རང་མཁོ་རང་འདང་བྱེད་ཆོག སྔ་རྟིང་སུ་སྨན་དོན་མི་སྣ་ལྔ་གསོ་སྐྱོང་མཛད་ཡོད། ༡༩༩༨ ལོའི་ཟླ་བ་བཅུ་པར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བའི་རིན་ཆེན་རཏྣ་བསམ་འཕེལ་ཞིབ་འཇུག་དང་བཟོ་སྐྲུན་རྣམ་གྲངས་དེར་ཞིང་ཆེན་གྱི་ “མེ་སྟག་རྣམ་གྲངས་” ཨང་གཉིས་པའི་མཚན་སྙན་གནང་བ་དང་། ༡༩༩༨ ལོའི་ཟླ་བཅུ་གཉིས་པར་ཁོང་ལ་ཞིང་ཆེན་རིམ་པའི་གཟེངས་སུ་ཐོན་པའི་ཕུལ་བྱུང་གི་ཆེད་ལས་ལག་རྩལ་མི་སྣ་ཞེས་པའི་གཟེངས་བསྟོད་ཐོབ། བོད་ལྗོངས་གཡུ་ཐོག་བོད་སྨན་ཞིབ་འཇུག་སོ་འོ་ནས་ ༡༩༩༨ ལོར་ཀོང་པོ་སྨན་གླིང་དུ་འཚོགས་པའི་སྲོལ་རྒྱུན་བོད་སྨན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ཞུགས་ཏེ་བོད་སྨན་མཁས་ཅན་རྣམས་དང་ལྷན་དུ་ཀོང་རོང་བདུད་རྩི་གྲུབ་ཕུག་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་འདྲར་རབ་གནས་བྱས། ཁོང་སྨན་པའི་ཀུན་སྤྱོད་བཟང་ཞིང་ནད་ཐོག་ལག་ལེན་ཕུན་སུམ་ཚོགས་ལ་ཡུན་ནན་དང་། ཟི་ཁྲོན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་སྐད་གྲགས་ཆེ་བའི་བོད་སྨན་མཁས་པ་ཞིག་ཡིན། ཁོང་གིས་ཆེད་རྩོམ་རྩ་དཀར་ནད་ཀྱི་བཅོས་ཚུལ་ནད་ཐོག་གི་ཚོར་སྣང་ཐོར་བུ་དང་རྐང་འབམ་ནད་ཀྱི་ངོས་འཛིན་དང་བཅོས་ཐབས་གླེང་བ་སོགས་བྲིས་ཡོད། ཁོང་ནི་སྐབས་དང་པོའི་ཀྲུང་གོ་མི་རིགས་གསོ་རིག་ཚོགས་པའི་ལས་འཛིན་དང་། སྐབས་དང་པོ་དང་གཉིས་པའི་ཡུན་ནན་ཞིང་ཆེན་མི་རིགས་དམངས་ཁྲོད་སྨན་བཅོས་ཞིབ་འཇུག་ཚོགས་པའི་ལས་འཛིན། བདེ་ཆེན་ཁུལ་སྲིད་གྲོས་སྐབས་བདུན་པ་དང་བརྒྱད་པའི་ཨུ་ཡོན་བཅས་ཡིན། ད་ལྟ་བདེ་ཆེན་ཁུལ་བོད་སྨན་ཁང་དུ་ཕྱག་ལས་གནང་བཞིན་མཆིས།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 07.06.2018 ཉིན། 9:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།