སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་པ་ག་ལེ་ནོས་ཡང་སྙིང་སུ་ཡིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.04.2022
ཆེད་རྩོམ། >>


བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་གི་སྨན་པ་ག་ལེ་ནོས་ཡང་སྙིང་སུ་ཡིན་ལ་དཔྱད་པ།

རིན་ཆེན་རྒྱལ།

༡༩༩༩ ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ།

དེ་ཡང་དུས་རབས་བདུན་པ་བོད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱལ་པོར་བསྙུན་གསོ་བའི་ཕྱིར་ཏ་ཟིག་གི་སྨན་པ་ག་ལེ་ནོས་ཞེས་པ་སྤྱན་དྲངས་ཤིང་ལྷ་སར་སྟན་ཆགས་ནས་བསྟན་བཅོས་ཀྱང་དུ་མ་བརྩམས་པའི་སྐོར་གསོ་རིག་ཁོག་འབུགས་གཙོས་བོད་ཀྱི་གསོ་དཔྱད་སྨན་གྱི་ལོ་རྒྱུས་རྣམས་མཐུན་པར་བརྗོད་ཡོད་ཀྱང་། ག་ལེ་ནོས་ཡང་སྙིང་སུ་ཡིན་དང་། འཁྲུངས་འདས་ཀྱི་ལོ་ཚིགས། འཁྲུངས་ཡུལ་ཏ་ཟིག་གམ་སྟག་གཟིག ཁྲོམ་1བཅས་ཡུལ་གང་ཡིན་ཐད་ལ་དཔྱད་བརྗོད་བྱས་པའི་ཆེད་རྩོམ་ཁུངས་ལུང་བཙན་པོ་ཞིག་མིག་སྔར་ཁོ་བོས་མཇལ་རྒྱུ་མ་བྱུང་ཡང་། དབྱི་ཏ་ལིའི་མཁས་དབང་ཁཱ་སི་ཀི་ལི་ནེས་བརྩམས་པའི་<<འཇིག་རྟེན་གསོ་རིག་ལོ་རྒྱུས་>>སུ། གནའ་རབས་རོ་མ་རྒྱལ་ཁབ་ཀྱི་གསོ་རིག་ལོ་རྒྱུས་སུ་ Galenus  ཞེས་པའི་གསོ་རིག་མཁས་ཆེན་ཞིག་བྱུང་མྱོང་ཡོད་པར་བརྗོད་པ་དེ་དང་། བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་ཀྱི་ག་ལེ་ནོས་ཞེས་འབོད་པ་དེ་གཉིས་མིང་གི་གདགས་གཞིའི་ཐད་འདྲ་པོ་ཡོད་པ་དང་། འདྲ་གཤིབ་ཀྱི་སྣང་ཚུལ་དེར་འདྲ་མཚུངས་ཀྱི་གཏན་ཚིགས་སྤྱད་དེ་དཔྱད་ཞིབ་བྱས་པ་ཡིན་ན་འཇིག་རྟེན་གསོ་རིག་གི་ལོ་རྒྱུས་དང་བོད་ཀྱི་གསོ་རིག་ལོ་རྒྱུས་གཉིས་སུ་འདོད་པའི་ག་ལེ་ནོས་ཀྱི་འཁྲུངས་འདས་ལོ་ཚིགས་ཐད་གནམ་སའི་ཧེ་བག་ཤོར་ཡོད་པ་སྟེ། <<འཇིག་རྟེན་གསོ་རིག་ལོ་རྒྱུས་>>ཀྱི་བཞེད་པ་ལྟར་ན་གནའ་རབས་རོ་མའི་སྨན་པ་ Galenus ཞེས་པ་དུས་རབས་གཉིས་པའི་(སྤྱི་ལོ་ 138-201)ནང་འཁྲུངས་པ་དང་<<གསོ་རིག་ཁོག་འབུགས་>>སུ་ག་ལེ་ནོས་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་དུ་ཕེབས་ཚུལ་བཅས་བཞེད་ཚུལ་གཉིས་ཀྱི་དབར་ཕལ་ཆེར་ལོ་ལྔ་བརྒྱ་ལྷག་གི་ཧེ་བག་བྱུང་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་ག་ལེ་ནོས་ལ་ངོས་འཛིན་གསལ་པོ་འོང་བའི་ཕྱིར་ཁོ་བོས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། གནའ་བོའི་ཕྱི་ནང་གསོ་རིག་ལོ་རྒྱུས་ཀྱི་ཚད་ལྡན་གསུང་རབ་ཁག་གཅིག་ལ་དཔྱོད་གླེང་དང་བལྟ་བསྡུར་བྱས་པ་བརྒྱུད་བོད་ཀྱི་གསོ་རིག་ལོ་རྒྱུས་ལས་ག་ལེ་ནོས་ཞེས་པ་སུ་ཡིན་ཐད་རང་བློའི་ཤེས་རྟོགས་ཙམ་གླེང་སློང་ཚུལ་དུ་ཞུ་སྙིང་འདོད་པ་ལ། ཇི་སྐད་དུ། ཐེ་ཚོམ་སྐྱེས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པ་ལྟོས། །ཞེས་ཐེ་ཚོམ་གྱི་ནུས་པ་ནི་གནད་དོན་གང་ཞིག་ཐག་གཅོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འདོད་པའི་ལྟ་ཚུལ་གཞིར་བཟུང་སྟེ་དོན་དངོས་ལ་དཔྱད་པར་བྱ་བ་ལ།

འཁྲུངས་ཡུལ་ཏ་ཟིག་གམ་སྟག་གཟིག་གི་ངོས་འཛིན།

བོད་ཀྱི་གསོ་རིག་གི་ལོ་རྒྱུས་དང་སྒོས་སུ་དེབ་ཐེར་དང་། ཆོས་འབྱུང་ཁག་ཏུ་ག་ལེ་ནོས་ཀྱི་འཁྲུངས་ཡུལ་ལ་བཞེད་སྲོལ་དུ་མ་བྱུང་ཡོད་པ་སྟེ། ལ་ལས་སྟག་གཟིག་ནོར་གྱི་རྒྱལ་པོ་ཞེས་གནའ་བོའི་ཨ་རབ་རྒྱལ་ཁབ་སྤྱི་ལ་གོ་བ་དང་། <<མདོ་གཟེར་མིག་>> སོགས་བོན་གྱི་ཆོས་འབྱུང་རྣམ་ཐར་དུ། སྟོན་པ་གཙོ་འཁོར་ལྔ་ཞང་ཞུང་དུ་ཕེབས་ཚེ་མདའ་ལམ་ཕྱུངས་པའི་ཤུལ་ན་སྟག་དང་གཟིག་སོགས་གཅན་འཕྲང་མང་བས་ཡུལ་དེ་ལ་སྟག་གཟིག་ཐོགས་པར་བཤད་པ་དང་། <<བཀའ་ཐང་སྡེ་ལྔ་ལས།>> ནུབ་ཕྱོགས་ཟླ་བ་ཚེས་པའི་འོག་ན་ནི། །ཏ་ཟིག་ནོར་གྱི་རྒྱལ་པོ་ཡོད་དོ་སྐད། །ཅེས་སྟག་གཟིག་ལ་ཏ་ཟིག་ཅེས་བྲིས་ཡོད་པ་དང་། <<གསོ་རིག་ཁོག་འབུགས་>>སུ་སྟག་གཟིག་གམ་ཁྲོམ་གྱི་སྨན་པ་ག་ལེ་ནོས་ཞེས་སྟག་གཟིག་དང་ཁྲོམ་གཉིས་ཡུལ་ལུང་གཅིག་ཏུ་འདོད་ཅིང་། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་ <<ཤེས་བྱ་སྤྱིའི་ཁོག་འབུགས་སུ།>> སྟོད་ཕྱོགས་པའི་ནི་ག་ལེ་ནོས་ཀྱིས་བྱས་སོ་ཞེས་སྟོད་ཕྱོགས་བོད་ཀྱི་ལུགས་སུ་གསུངས་པ་དང་། མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་མཛད་པའི་<<ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་>>ཞེས་པར། ཏ་ཟིག་གི་སྨན་པ་ག་ལེ་ནོ་གསུམ་གྱིས་མཉམ་དུ་མི་འཇིགས་མཚོན་ཆ་ཞེས་པའི་བམ་པོ་བདུན་གསར་དུ་བརྩམས་ཞེས་དང་། ཡང་འདོད་ཚུལ་ཁ་ཤས་ཤིག་ལ། སྟག་གཟིག་འོལ་མོ་ལུང་རིང་ཞེས་གནའ་བོའི་ཞང་ཞུང་གི་སའི་ལྟེ་བ། དེང་དུས་མངའ་རིས་གུ་གེའི་ཡུལ་ཡིན་པར་གསུངས་པ་སོགས་ལ་བརྟག་པར་བྱ་བ་འདི་ཡོད་དེ། བོན་གྱི་ཆོས་འབྱུང་ལོ་རྒྱུས་ལྟར་ན། སྤྱིར་འོལ་མོ་ལུང་རིང་ལ་གཉིས་ཏེ་ས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་པའི་ཞང་ཞུང་འོལ་མོ་ལུང་རིང་དང་ཡོན་ཏན་གྱི་ཡུལ་དབུས་སུ་གྱུར་པའི་སྟག་གཟིག་འོལ་མོ་ལུང་རིང་སྟེ། སྔ་མ་ད་ལྟའི་མངའ་རིས་ས་ཁུལ་གྱི་གུ་གེའི་ཡུལ་དུ་ངོས་འཛིན་པ་དང་། ཕྱི་མ་<<མདོ་གཟེར་མིག་>>ལས། འོལ་ནི་སྐྱེས་པ་མེད་པས་འོལ། །མོ་ནི་འདོད་པ་འབྱུང་བས་མོ། །ལུང་ནི་བཀའ་ལུང་བསྟན་པས་ལུང་། །རིང་ནི་ཐུགས་རྗེ་བསྲིངས་པས་རིང་། །ཞེས་ཕུན་ཚོགས་ཡོན་ཏན་འབྱུང་བའི་གཞི་མ་གཤེན་རབ་ཀྱིས་འགྲོ་དོན་མཛད་པའི་ཞིང་ཁམས་ཏེ་ནང་པའི་ཆོས་ལུགས་སུ་གསུངས་པའི་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་བློས་བཞག་གི་དོན་སྤྱི་ཙམ་ལས་དངོས་ཡོད་འཇིག་རྟེན་དུ་མཐོང་རྒྱུ་མེད་པའི་གནས་ཤིག་ཏུ་འདོད་པ་དང་། ས་གཞི་རིལ་མོའི་ཆགས་དབྱིབས་ལ་བལྟས་ནའང་། དུས་དེར་མངའ་རིས་ནུབ་ཕྱོགས་ཏེ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཕུག་པའི་ཡུལ་ཁམས་པར་སིག་གི་ཡུལ་སྡེ་དང་འབྲེལ་ཡོད་པ་དང་། སྟོན་པ་གཤེན་རབ་ཀྱང་སྟག་གཟིག་ནས་ཞང་ཞང་དུ་ཕེབས་ཤིང་དེ་ནས་བསྟན་པ་སྤེལ་བའི་ལོ་རྒྱུས་དབྲ་སྟོན་སྐལ་བཟང་རྒྱལ་མཚན་སོགས་བོན་གྱི་མཁས་དབང་རྣམས་ཀྱིས་བརྗོད་པའི་ཕྱིར། དེས་ན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྒྱ་གར་ནུབ་ཕྱོགས་ཏཱ་སིག་བརྒྱུད་ནས་འོང་ཞིང་འཁྱར་བོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་2 ཞེས་གསུངས་པ་ལྟར་དང་། ཞང་ཞུང་གི་ཡི་གེ་དེ་ཡང་སྟག་གཟིག་གི་སྤུངས་ཡིག་ལས་ཚུར་བྱུང་བ་ཡིན་པ་བཅས་ཀྱི་ཕྱིར་ན་སྟག་གཟིག་ནི་ཞང་ཞུང་གི་ཡུལ་མ་ཡིན་པར་ཡུལ་གྲུ་གཞན་ཞིག་ཡིན་པར་བསྟན་ཡོད་ལ། རྒྱལ་ཁམས་རིག་པ་བ་དགེ་འདུན་ཆོས་འཕེལ་མཆོག་གིས་མཛད་པའི་<<རྒྱལ་ཁམས་རིག་པས་བསྐོར་བའི་གསེར་གྱི་ཐང་མ་>>རུ། ཏ་ཟིག་དང་སྟག་གཟིག་ཅེས་པ་ལ། སྔོན་ཏ་ཆིག་3 བྱ་བའི་རྒྱལ་བརྒྱུད་ཀྱིས་བཟུང་བ་ལས་མིང་ཐོགས་པ་པར་སིག་གི་ཡུལ་ཏ་ཟིག་ལ་སྟག་གཟིག་4 དང་ཞེས་ཏ་ཟིག་དང་། པར་སིག སྟག་གཟིག་བཅས་ཡུལ་ཚོ་གཅིག་ཏུ་ངོས་འཛིན་བྱས་ཡོད། གཞན་བོན་གྱི་ཤེས་རིག་ལ་ཆེད་མངགས་ཞིབ་འཇུག་གནང་མཁན་མཁས་དབང་ནམ་མཁའི་ནོར་བུས། སྟག་གཟིག་ཅེས་པ་དེ་ཡང་ཕལ་ཆེར་དེང་དུས་པར་སིག་གི་ཡུལ་ཞེས་པའི་ཐ་སྙད་དེའི་གདགས་གཞི་གཙོ་བོའི་ཡུལ་ཁམས་དེ་ནི་དེང་དུས་ཀྱི་པར་སིག་ཡིན་པར་མཐའ་གཅིག་ཏུ་ངེས།5 ཞེས་གསུངས་ཡོད་ཅིང་། སྐབས་དེ་དུས་ཀྱི་དམག་འཁྲུག་གཡུལ་འཐབ་དང་ལོ་རྒྱུས་ཀྱི་དུས་མཚམས་དངོས་དང་བསྟུན་ནས་སྲོང་བཙན་སྒམ་པོའི་གོང་གི་ལོ་རྒྱུས་སུ་གསལ་བའི་སྟག་གཟིག་ནི་ཨ་ལ་པོ་   དང་སྲོན་བཙན་སྒམ་པོས་སྲིད་དབང་བཟུང་བ་ཚུན་ཆད་ཀྱི་བོད་ཀྱི་ལོ་རྒྱུས་སུ་གསལ་བའི་སྟག་གཟིག་ནི་དབྱི་ལང་ལ་ངོས་འཛིན་པར་6 མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་པ་བདེན་དོན་དུ་སྣང་བས། ཁོ་བོས་ཀྱང་པར་སིག ཏཱ་སིག ཏ་ཟིག སྟག་གཟིག་ཅེས་པ་དོན་དུ་ཡུལ་ལུང་གཅིག་ཏུ་སེམས་ཤིང་། དེང་དུས་ཀྱི་དབྱི་ལང་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དེང་རབས་གནའ་རྫས་རིག་པའི་ཆེད་ལས་མཁས་པ་དང་མིའི་རིགས་རིག་པའི་མཁས་དབང་དག་གིས་བདེན་དཔང་བྱས་པ་ལྟར་ན། གནའ་རབས་བོད་ཀྱི་ལོ་རྒྱུས་སུ་འཁོད་པའི་སྟག་གཟིག་ནི་པར་སིག་གམ་ཏ་ཟིག་ཅེས་པ་ད་ལྟའི་དབྱི་ལང་རྒྱལ་ཁབ་ཏུ་ངོས་འཛིན་པ་སྟེ། གནའ་བོའི་དབྱི་ལང་གི་སྐད་ Tazi གམ་ Taziks  ཡི་སྒྲ་འགྱུར་བ་ཡིན་ཞིང་། Tazi ཏ་ཟིག་གམ་ Taziks སྟག་གཟིག་ནི་གནའ་སྔ་མོའི་དུས་ཀྱི་དབྱི་ལང་གི་ཚོ་ཁག་གཅིག་གི་ཚོ་མིང་ཡིན་པ་དང་། མ་གཞིར་དབྱི་ལང་མི་རིགས་དེ་ནི་ཚོང་ལས་ལ་ཤིན་ཏུ་མཁས་པ་དང་དབྱི་ལང་ནི་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཡིན་པས་པར་སིག་གི་ཚོང་པ་མང་པོ་ཁྱིམ་མཚེས་ཡུལ་ཁམས་འགྲིམ་ནས་འདུས་སྡོད་དང་ཚོང་རྫས་སྣ་མང་གཉེར་བཞིན་ཡོད་པ་རེད། དུས་རབས་དཀྱིལ་མའི་ཨ་རབ་ཀྱི་མཁས་དབང་དག་གིས་གསུངས་པ་ལྟར་ན་ཐུ་བྷོད་ཀྱི་གླ་རྩི་ནི་སྐབས་དེར་ནུབ་ཕྱོགས་ཡུལ་ཁམས་སུ་འདྲེན་པའི་སྨན་རིགས་ཤིན་ཏུ་དཀོན་པོ་ཞིག་ཡིན་པ་དང་། གནའ་རབས་པར་སིག་ཡུལ་གྱི་བྱུ་རུ་དང་། དར་གོས། མ་ནོ་ཧན། སྨན་རིགས་སོགས་འཛམ་གླིང་གི་ཡུལ་གྲུ་གཞན་ལ་འགྲེམས་སྤེལ་བྱེད་ཀྱི་འདུག ལྷག་པར་གཡུ་དང་བྱུ་རུ་ལ་མཚོན་ན་བོད་མི་རྣམས་ཀྱི་རྒྱན་ཆ་གཙོ་བོ་བྱེད་བཞིན་པ་ད་ལྟའི་ཆར་ལུགས་སྲོལ་མ་ཉམས་རྒྱུན་ཆགས་སུ་གནས་ཡོད་པ་བཅས་སྟག་གཟིག་ནི་ནོར་བུའི་རྫོང་ངམ་མཛོད་ལྟ་བུ་ཡིན་ཕྱིར་སྟག་གཟིག་ནོར་གྱི་རྒྱལ་པོ་ཞེས་ལོ་རྒྱུས་རྣམས་སུ་གྲགས་ཚོད་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་བསམ་བློའི་ངོར་ཐུན་མོང་གི་འདུ་ཤེས་ཤིག་ཆགས་ཡོད་པའི་རྒྱུ་མཚན་འདི་དག་གིས་རྒྱུ་མཚན་ཞིག་ལ་བསྙོན་འབྱིན་དང་རྒྱུ་མཚན་གཞན་ཞིག་ལ་བདེན་དཔང་བྱེད་ཐུབ། ཕྱོགས་གཞན་ཞིག་ནས་ཏ་ཟིག་གི་སྨན་པ་ག་ལེ་ནོས་བོད་དུ་བཞུགས་ནས་སྲས་གསུམ་བྱུང་བ་ལས་ཆེ་བ་གཙང་སྟོད་དུ་བཏང་བས་པི་ཇིའི་7 བརྒྱུད་པ་དར་བ་དང་། བི་ཇི་ཙན་པ་ཤི་ལ་ཧ་ཡང་ག་ལེ་ནོས་ཀྱི་གདུང་རྒྱུད་ལས་འཁྲུངས་ཤིང་བསྟན་བཅོས་ཀྱང་བརྩམས་པར་གྲགས་མོད། ཙན་པ་ཤི་ལ་ཧ་ཞེས་པའི་ཐ་སྙད་ལ་འགྲེལ་སྐབས་ཁྲོམ་གྱི་སྐད་ཡིན་པ་བོད་ཀྱི་གསོ་རིག་ལོ་རྒྱུས་སུ་གསུངས་ཡོད་པ་དེས་བདག་གིས་འདོད་པའི་ལྟ་ཚུལ་དེར་ར་སྤྲོད་བྱེད་ཐུབ་པ་དང་དེ་ལྟ་མིན་ན་ཁྲོམ་གྱི་ཐ་སྙད་དེ་བོད་དུ་ཇི་ལྟར་དར་བ་དང་དར་དགོས་པའི་རྒྱུ་རྐྱེན་སོགས་ལ་མནོ་སེམས་ཞིབ་ཏུ་གནང་རོགས། རིག་གནས་ཀྱི་རྒྱུད་སྒྲོག་ལ་བརྟེན་ནས་རིག་གནས་ཤིག་ཡུལ་ཁམས་གཞན་ཞིག་ཏུ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་སུ་ཞིག་གིས་རྒོལ་བར་ནུས། ང་ཚོས་སྟག་གཟིག་དང་། ཏཱ་སིག པར་སིག ཏ་ཟིག་བཅས་སུ་འདོད་པ་རྣམས་ནི་ལོ་རྒྱུས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཐ་སྙད་ཀྱི་འབྲི་ཚུལ་མི་འདྲ་བ་ཙམ་ལས་དོན་དུ་གནའ་རབས་ཀྱི་ཨ་ལ་པོའི་ཁྱབ་ཁོངས་དང་དེང་དུས་ཀྱི་དབྱི་ལང་ཡིན་པ་ནི་གོར་མ་ཆག་གོ།

ག་ལེ་ནོས་ཡང་སྙིང་སུ་ཡིན་གྱི་ངོས་འཛིན།

ག་ལེ་ནོས་ཡང་སྙིང་སུ་ཡིན་ནམ་ཞེས་པ་དེ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་སྨྲ་བ་རྣམས་ལ་ཆ་མཚོན་ན་གཅིག་གྱུར་གྱི་ངོས་འཛིན་དང་ལྟ་བ་གསལ་པོ་མེད་པ་གང་ཞིག་ལ།  དྲིས་ལན་ཡང་གསབ་དཀའ་བའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། གང་ཡིན་ཞེ་ན། <<འཇིག་རྟེན་གསོ་རིག་ལོ་རྒྱུས་>>སོགས་སུ་ག་ལེ་ནོས་ནི་དུས་རབས་གཉིས་པར་གནའ་རབས་རཱོ་མའམ་ཀེ་རི་སིར་འཁྲུངས་པའི་གསོ་རིག་མཁས་པ་ཞིག་ཏུ་འདོད་ལ། <<གསོ་རིག་ཁོག་འབུགས་>>གཙོས་བོད་ཀྱི་གསོ་རིག་ལོ་རྒྱུས་ཡིག་ཚང་དག་ཏུ་ག་ལེ་ནོས་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོར་བསྙུན་གསོ་བའི་ཕྱིར་ཏ་ཟིག་ཅེས་པའི་ཡུལ་ཁམས་ནས་སྤྱན་དྲངས་པར་བརྗོད་ཅིང་། ལོ་ཚིགས་ཀྱི་ཐད་ནས་གོང་གསལ་གྱི་བཞེད་ཚུལ་གཉིས་པོའི་དབར་ལོ་ལྔ་བརྒྱའི་ཧེ་བག་ཤོར་ཡོད་པ་རེད། དེར་བརྟེན་ག་ལེ་ནོས་ལ་ངོས་འཛིན་གསལ་པོ་འོང་ཆེད་སྐབས་འདིར་གནད་དོན་འགའ་མཐའ་དཔྱོད་པའི་ཚུལ་དུ་ཞུ་བ་ལ། གཅིག གལ་སྲིད་ག་ལེ་ནོས་ཉིད་སྲིང་བཙན་སྐབས་བྱུང་བའི་ནུབ་ཕྱོགས་ཀྱི་སྨན་པ་ཞིག་ཡིན་པའི་དབང་དུ་བཏང་ཚེ། ཀེ་རི་སི་རང་གི་གསོ་རིག་འཕེལ་བའི་ལོ་རྒྱུས་གཙོས་ཏ་ཟིག་དང་། ཨ་རབ་བཅས་ཀྱི་ལོ་རྒྱུས་ཁྲོད་རགས་ཙམ་འགོད་དགོས་ཀྱང་མིང་གི་ཆ་འདྲ་བ་ཙམ་ཡང་བཀོད་མེད་པའི་ཕྱིར་དང་། གཉིས། བོད་ཀྱི་གསོ་རིག་ལོ་རྒྱུས་སུ་སྟག་གཟིག་པས་མགོ་སྔོན་བསྡུས་པ།8 རྨ་བྱ། དེ་ཕོ། ནེ་ཙོ་གསུམ་གྱི་དཔྱད་སོགས་བསྒྱུར་བར་བཤད་པ་དང་། དུས་རབས་གཉིས་པར་འཁྲུངས་པའི་ནུབ་ཕྱོགས་ཀྱི་སྨན་པ་ག་ལེ་ནོས་ཀྱང་ཐོག་མར་ཉ། ཕག ལུག གླང་། ཁྱི། རྟ། སྤྲེའུ། སྤྱང་ཀི། བྱ། གླང་པོ་ཆེ་ལ་སོགས་པར་གཤག་བཅོས་དང་ཚོད་ལྟ་གང་མང་བྱས་ཏེ་གཤག་བཅོས་རིགས་པའི་གཞུང་ལུགས་བརྩམས་པ་དང་། སྟག་གཟིག་པས་ག་ལེ་ནོས་བསྒྱུར་བར་བརྗོད་པའི་དེ་ཕོ། རྨ་བྱ། ནེ་ཙོ་གསུམ་གྱི་དཔྱད་ཀྱང་ཕལ་ཆེར་སྲོག་ཆགས་གཤག་བཅོས་ཀྱི་རྨང་གཞིའི་རྣམ་བཤད་གཙོ་བོར་སྟོན་པའི་གཞུང་ལུགས་ཤིག་ཡིན་ཕྱིར་དེ་དང་དེ་གཉིས་དབར་ལ་དབང་བཙན་པོའི་གཞི་མཐུན་ཁྱད་ཆོས་ཀྱི་གཏན་ཚིགས་ཤིག་ཡོད་པ་དང། སྐབས་འདིའི་སྟག་གཟིག་པས་ཞེས་བྱེད་སྒྲ་སྦྱར་བ་ནི་མ་དག་པར་སྙམ་ཞིང་རྒྱུ་མཚན་ནི་ག་ལེ་ནོས་དུས་རབས་བདུན་པའི་མི་མ་ཡིན་པའི་ཕྱིར། དེས་ན་སྟག་གཟིག་པའི་ཞེས་འབྲེལ་སྒྲ་སྦྱར་ཚེ་གཞི་ནས་གོ་དོན་ཞིག་རྙེད་རྒྱུ་ཡོད་པ་དང་། སྒྱུར་བ་པོ་མི་གཞན་ཞིག་ཡོད་པ་ནི་ཤུགས་ལས་རྟོགས་ནུས་ཏེ་སྟག་གཟིག་པས་སྟག་གཟིག་སྐད་ལས་<<མགོ་སྔོན་བསྡུས་པ་>>སོགས་བོད་ཡིག་ཏུ་བསྒྱུར་དགོས་ཚེ་ཐོག་མའི་ཆ་རྐྱེན་ནི་བོད་ཡིག་ངེས་པར་དུ་ཤེས་དགོས་པ་མ་ཟད། ལོ་ཙཱ་བྱེད་པའི་ཆུ་ཚད་ཅིག་ཏུ་སླེས་དགོས་ཤིང་དེ་འདྲའི་བཞེད་ཚུལ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་ཟུར་ཙམ་ཡང་མི་སྣང་བས་དེར་ཇི་ལྟར་འགྲེལ། གཞན་ཡང་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡིག་གསར་དུ་བཟོས་པར་བཤད་པ་དང་དེ་འདྲའི་ཁྱབ་བརྡལ་ཆེན་པོའང་མིན་ན་ཕྱི་གླིང་བ་ཞིག་བོད་ཡིག་གི་ཆུ་ཚད་མཐོན་པོར་སླེབས་རྒྱུ་དེ་ཡང་ཤིན་ཏུ་ནས་དོགས་པ་ཟ་བའི་གནས་ཤིག་ཏུ་ཁོ་བོས་སེམས་སོ། གསུམ། ཕྱི་རྒྱལ་གྱི་བོད་རིག་པའི་མཁས་པ་ཁཱ་བྷེ་ཀི་ཚི་སོགས་ཀྱིས་དུས་རབས་བདུན་པའི་སྐབས་བོད་རྒྱལ་སྲོང་བཙན་སྒམ་པོར་བསྙུན་གསོ་ཕྱིར་རྒྱ་གར་གྱི་བྷ་ར་དྷ་ཛ་དང་། རྒྱ་ནག་རི་ཧང་ཝན་ཧད། ཏ་ཟིག་གི་ག་ལེ་ནོས་གསུམ་གདན་དྲངས་ཞེས་པ་ནི་སྨན་པ་མི་གསུམ་སྤྱན་དྲངས་པ་མ་ཡིན་པར་རྒྱ་གར། རྒྱ་ནག ཏ་ཟིག་བཅས་ནས་གཞུང་ལུགས་སམ་གསོ་རིག་གི་གྲུབ་མཐའི་ལྟ་བ་མི་འདྲ་བ་གསུམ་བོད་དུ་བསྣམས་ཕེབས་པར་བརྗོད་པ་དང་། ཁྱད་པར་དུ་དུས་རབས་གཉིས་པའི་སྐབས་བྱུང་བའི་ག་ལེ་ནོས་ཀྱི་གསོ་རིག་གི་གྲུབ་མཐའི་ལྟ་བ་དེ་ཉིད་ཐོག་མར་བོད་དུ་དར་སྤེལ་བྱུང་བར་བརྗོད་ལ་<<གསོ་རིག་ཁོག་འབུགས་>>དང་། <<ཤེས་བྱ་སྤྱིའི་ཁོག་འབུགས་>>སོགས་བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཚང་དག་ཏུ་ག་ལེ་ནོས་ལྷ་སར་སྟན་ཆགས་ནས་བསྟན་བཅོས་དུ་མ་བརྩམས་པ་མ་ཟད། ཡུམ་ཁབ་ཏུ་བཞེས་ནས་སྲས་གསུམ་བྱུང་སྟེ་གཅིག་གཙང་སྟོད་དུ་བཏང་བས་བི་ཇི་སོགས་ཀྱི་རྒྱུད་པ་དར། འབྲིང་པོ་གཡོར་པོར་བརྫངས་ནས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་ཡབ་ཀྱི་སྐུ་བཅར་བ་སོག་པ་(སོག་པོ་ཞེས་ཀྱང་འབྱུང་)སྨན་པ་བྱུང་ཞེས་གསུངས་པའི་ལུང་ཚིགས་དེ་ཡང་གསོ་རིག་གི་གྲུབ་མཐའ་ལྟ་བ་མི་འདྲ་བ་གསུམ་དར་བར་འོལ་ཚོད་བྱས་མི་ཆོག་པ་ག་ལ་ཡོད། དེས་ན། ཁྱེད་ཀྱིས་ག་ལེ་ནོས་ཡང་སྙིང་སུ་ཡིན་ལ་ངོས་འཛིན་རྒྱུ་ཡིན་ན་ཞེ་ན། ཁོ་བོས་འདི་ལྟར་བསམ་སྟེ། ག་ལེ་ནོས་ཞེས་པ་ནི་དུས་རབས་གཉིས་པར་གནའ་རབས་རཱོ་མའམ་ཀེ་རི་སིར་འཁྲུངས་པའི་གསོ་རིག་མཁས་ཆེན་དེ་ཡིན་པ་ལས་དུས་རབས་བདུན་པའི་སྐབས་བོད་དུ་ཕེབས་པའི་ག་ལེ་ནོས་ནི་དེ་མ་ཡིན་ཏེ། དུས་རབས་བདུན་པར་ག་ལེ་ནོས་ཟེར་བ་ཞིག་བོད་དུ་ཕེབས་ཡོད་ན་དེ་ནི་ག་ལེ་ནོས་གཞན་ཞིག་ཡིན་པ་དང་། བོད་ཀྱི་གསོ་རིག་ལོ་རྒྱུས་སུ་འཁོད་པའི་ག་ལེ་ནོས་ནི་དུས་རབས་གཉིས་པར་འཁྲུངས་པའི་རཱོ་མའི་སྨན་པ་དེ་ཡི་གྲུབ་མཐའི་ལྟ་བ་དང་མཚན་གཡར་བར་སེམས་ཏེ། སྐབས་དེ་དུས་སུ་ག་ལེ་ནོས་ཀྱི་གསོ་རིག་གི་གྲུབ་མཐའི་ལྟ་བའམ་རིག་གཞུང་རྣམས་ཁུངས་བཙན་ཞིང་དར་ཁྱབ་ཆེ་ལ་འཛམ་གླིང་དུ་འཐུས་ཚང་ཆེ་ཤོས་ཀྱི་ལྟ་བ་ཞིག་ཡིན་པ་དང་། ག་ལེ་ནོས་ནི་སྲོག་ཆགས་ལ་གཤག་བཅོས་གནང་མཁན་ཞིག་ཡིན་ཞིང་། དེ་དང་དུས་རབས་བདུན་པའི་སྐབས་བོད་དུ་ཕེབས་པའི་ག་ལེ་ནོས་ཀྱིས་ནེ་ཙོ་དང་། རྨ་བྱ། དེ་ཕོའི་དཔྱད་སོགས་བསྒྱུར་བ་བརྗོད་པའི་གཏན་ཚིགས་ཐད་ལ་གཞི་མཐུན་གྱི་ཁྱད་ཆོས་མང་ཞིང་གྲུབ་མཐའི་ལྟ་བ་ཧ་ཅང་ཐག་ཉེ་བ་དང་། ཡང་སྒོས་སྐབས་དེ་དུས་སུ་ག་ལེ་ནོས་ནི་ཡོ་རོབ་དང་ཁ་ཆེའི་ཡུལ་དུ་སྙན་གྲགས་ཆེ་ཤོས་ཀྱི་མཁས་པ་ཞིག་ཡིན་པའི་ཕྱིར་ན་ཏ་ཟིག་གི་སྨན་པ་ཆེ་གེ་མོ་ཞིག་བོད་དུ་ཕེབས་དུས་རཱོ་མའི་ག་ལེ་ནོས་ཀྱི་མཚན་གཡར་བར་སྣང་སྟེ། ག་ལེ་ནོས་ལ་ཕྱིས་མཚན་འཛོ་རོར་འབོད་ཅིང་། དེ་ལ་བོད་ཀྱི་རིགས་བཟང་བ་འགའ་ཞིག་སློབ་པར་འདོད་པ་མ་གནང་སྟེ། རིགས་ངན་པ་རྟུག ལྗང་། སྣིགས། རྨོངས་ཞེས་པ་བཞི་ལ་སྨན་དཔྱད་སློབ་ཏུ་བཅུག་9 ཅེས་གསུངས་པ་ལྟར་དོན་དུ་དུས་རབས་བདུན་པའི་སྐབས་བོད་དུ་རྒྱལ་པོར་བསྙུན་གསོ་བའི་ཕྱིར་གདན་དྲངས་པའི་ཏ་ཟིག་གི་སྨན་པ་ག་ལེ་ནོས་ཞེས་པའི་མཚན་དངོས་ལ་འཛོ་རོར་ཟེར་ཞིང་། ཁོང་གིས་ཏ་ཟིག་ཏུ་དར་ཁྱབ་ཆེ་ཞིང་དུས་རབས་གཉིས་པར་འཁྲུངས་པའི་རཱོ་མའི་ག་ལེས་ནོས་ཀྱི་ལུགས་སམ་གསོ་རིག་གི་གྲུབ་མཐའི་ལྟ་བ་དེ་ཉིད་བོད་དུ་དར་སྤེལ་བཏང་བ་ལས་རཱོ་མའི་ག་ལེ་ནོས་སྐུ་ངོ་མ་བོད་དུ་ཕེབས་པར་མི་སེམས་ཏེ། ག་ལེ་ནོས་དང་དུས་མཉམ་དུ་ཕེབས་པར་བརྗོད་པའི་རྒྱ་ནག་གི་སྨན་པ་ཧན་ཝང་ཧད་དམ་ཧན་ཝང་ཧང་དེ་ཡང་རྒྱའི་གསོ་དཔྱད་སྨྲ་བའི་དབང་པོ་ཞིག་བོད་དུ་ཕེབས་པར་རྒྱའི་གསོ་རིག་ལོ་རྒྱུས་རང་དུའང་ཁས་མི་ལེན་ཞིང་། དེ་ནི་རྒྱ་ནག་གི་ཞན་ཡོན་ཧོང་ཏིའི་སྒྲ་ཟུར་ཆག་པ་སྟེ་ཆེས་གནའ་བོའི་ངག་རྒྱུན་ཁྲོད་ཀྱི་མི་སྣ་ཞིག་ཡིན། དེས་ན་ཧོང་ཏིའི་ཞེས་པ་རྒྱ་ནག་གི་མེས་པོ་དང་རུས་རྒྱུད་ཀྱི་མིང་ལ་འཇུག་པས་རྒྱ་ནག་གསོ་རིག་ལ་ཧོང་ཏིའི་གསོ་རིག་ཅེས་བརྗོད་སྲོལ་ཡོད་པ་ལྟར་ཧན་ཝང་ཧང་དེ་ཞེས་པ་ཡང་དོན་དུ་རྒྱ་ནག་གི་ཧོང་ཏིའི་བསྟན་བཅོས་ཀྱི་གཞུང་ལུགས་ལ་གོ་བ་ལྟ་བུས་མཚོན། རྒྱུ་མཚན་དེའི་ཕྱིར་ན་ཡང་སྙིང་དུས་རབས་བདུན་པར་གསུངས་པའི་ག་ལེ་ནོས་ཞེས་པ་ནི་ཏ་ཟིག་གི་སྨན་པ་འཛོ་རོར་ཡིན་པར་སྙམ་ཞིང་། ཁོང་ཡང་རཱོ་མའི་ག་ལེ་ནོས་ཀྱི་རིང་ལུགས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་སུ་ལུགས་ཆེན་གསུམ་ཞེས་བརྗོད་སྐབས་ག་ལེ་ནོས་ཀྱི་ལུགས་ཡིན་པ་བདེན་དཔང་མཛད་པ་ཡིན་ལ། ལྟ་བ་འདི་ཉིད་བོད་དུ་ཐོག་མར་སྤེལ་མཁན་འཛོ་རོར་ཡིན་པ་དང་། གྲུབ་མཐའི་ལྟ་བ་ག་ལེ་ནོས་ཀྱི་ལུགས་ཡིན་པ་བཅས་སོ་སོར་དབྱེ་བ་འབྱེད་རྒྱུ་ནི་སྐབས་འདིར་མཚོན་ན་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་མ་ཟད། ཁོ་བོས་གོང་དུ་བརྗོད་པ་ལྟར་དུས་རབས་བདུན་པའི་སྐབས་བོད་དུ་ཕེབས་པའི་ག་ལེ་ནོས་ནི་ཏ་ཟིག་གི་སྨན་པ་འཛོ་རོར་ཡིན་ཞེས་པའི་རྒྱུ་མཚན་ཡང་འདི་ལ་རག་ལས་ཡོད།

འོ་ན། ག་ལེ་ནོས་ཏ་ཟིག་གི་མི་མ་ཡིན་པ་ལ་ཏ་ཟིག་གི་ལ་ལེ་ནོས་ཞེས་བརྗོད་དོན་གང་ཡིན་ཞེ་ན། བདེན་ཏེ། ག་ལེ་ནོས་རཱོ་མའི་མི་ཡིན་པ་གང་ཞིག ཏ་ཟིག་ཡུལ་དུ་རཱོ་མའི་ག་ལེ་ནོས་ཀྱི་ལྟ་བ་ཁྱབ་ཆེ་བས་བོད་ཡུལ་དུ་དར་བའི་ག་ལེ་ནོས་ཀྱི་ལུགས་སམ་ལྟ་བ་ནི་ཐད་ཀར་གནའ་རབས་རཱོ་མ་ནས་དར་ཁྱབ་བྱུང་བ་མ་ཡིན་པར། ཏ་ཟིག་གི་སྨན་པ་འཛོ་རོར་བརྒྱུད་བོད་དུ་ཁྱབ་སྤེལ་བྱུང་བ་སྟེ་ཐོག་མར་གང་ནས་དར་འོང་བའི་ཡུལ་ལུང་དེ་ཉིད་ངོས་འཛིན་གསལ་པོ་འོང་ཕྱིར་བོད་ཀྱི་གསོ་རིག་ལོ་རྒྱུས་རྣམས་སུ་ཏ་ཟིག་ཅེས་ཚིག་གི་འབྲུ་བསྣན་པ་ཡང་ག་ལེ་ནོས་ཀྱི་ལྟ་བ་དང་ལྟ་བ་སྤེལ་མཁན་དབར་གྱི་གསང་བའི་གནད་དོན་དེ་ལ་འགྲེལ་བརྗོད་བྱས་པ་མིན་ནམ་སྙམ་ལ། བོད་ཀྱི་གསོ་རིག་ལོ་རྒྱུས་སུ་ཏ་ཟིག་གི་སྨན་པ་འཛོ་རོར་ལ་ག་ལེ་ནོས་ཞེས་མཚན་གྱི་རྣམ་གྲངས་སྦྱར་བ་ཡང་གསོ་རིག་གི་གྲུབ་མཐའི་ལྟ་བ་དེ་ཉིད་ལྟ་བ་སྤེལ་མཁན་ལ་ཚུར་མིང་ཐོགས་པར་སྙམ་མོ། །མདོར་ན། བོད་ཀྱི་གསོ་རིག་ལོ་རྒྱུས་སུ་གསལ་བའི་ག་ལེ་ནོས་ནི་དུས་རབས་གཉིས་པར་འཁྲུངས་པའི་རཱོ་མའི་གསོ་རིག་མཁས་པ་དེ་མ་ཡིན་པར། དེའི་གསོ་རིག་གི་ལུགས་སམ་གྲུབ་མཐའི་ལྟ་བ་བོད་དུ་དར་སྤེལ་གཏོང་མཁན་ཏ་ཟིག་གི་སྨན་པ་འཛོ་རོར་ལ་ངོས་འཛིན་བྱས་ཚེ་ཕྱི་ནང་གསོ་རིག་གི་ཚད་ལྡན་ལོ་རྒྱུས་དག་གི་དགོངས་པ་དང་མཐུན་པས་སོ།།

            མདོར་ན་ཁོ་བོས་བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་ཀྱི་སྨན་པ་ག་ལེ་ནོས་སྐོར་ལ་དཔྱད་པ་ཕྲན་ཙམ་བགྱིད་ཁུལ་བྱས་ཡོད་ཀྱང་། ལོ་རྒྱུས་ཀྱི་རྙོག་རྫོབ་རང་བཞིན་གྱིས་ཤིན་ཏུ་བརླིང་བའི་གཏན་ཚིགས་ཤིག་དང་སྡོམ་ཚིག་བློ་ཡིད་ཚིམ་པོ་ཞིག་ཏན་ཏན་བྱུང་མེད་པ་ཁོ་བོས་ཀྱང་ཤེས་ཚོར་བྱུང་མོད། དྲང་བདེན་ནི་ནམ་ཡང་དྲང་བདེན་རང་ཡིན་པས་གཅིག་བྱས་ན་འབྱུང་འགྱུར་གྱི་ཞིབ་འཇུག་ལས་དོན་ཁྲོད་ཁོ་བོས་སྲོང་བཙན་སྒམ་པོའི་རིང་བྱུང་བར་བརྗོད་པའི་ཕྱི་གླིང་གི་སྨན་པ་ག་ལེ་ནོས་ཉིད་ལ་སླར་ཡང་ངོས་འཛིན་དང་དཔྱད་ཞིབ་གསར་པ་ཞིག་བྱེད་ངེས་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བསམ་ཚེ་དུས་རབས་གཉིས་པའི་སྐབས་བྱུང་བའི་ག་ལེ་ནོས་ཉིད་ག་ལེ་ནོས་རང་ཡིན་པའི་དྲང་བདེན་ངོ་མ་ཞིག་ཀྱང་ཡིན་སྲིད་པས། འདིར་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་གསོ་རིག་ལོ་རྒྱུས་ཀྱི་ལྷ་སྒྲུང་གི་རང་བཞིན་དེ་ཉིད་རེ་ཞིག་མཇུག་སྒྲིལ་ནས་བོད་ཀྱི་གསོ་རིག་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུ་དང་། ལྷག་པར་དུ་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་སྦྲེལ་མཚམས་དབུས་ཀྱི་གསོ་བ་རིག་པ་ཉིད་ནད་རིགས་སྣ་ཚོགས་ཀྱི་མདུན་དུ་གཉོས་ཆུང་ནུས་མེད་དུ་མི་འགྱུར་བར་ནད་གཞི་དེ་དག་ལ་ཁ་གཏད་གཅོག་ཐུབ་པ་དང་། མིའི་རིགས་ཀྱི་ལུས་སེམས་བདེ་ཐང་དང་། རིགས་རྒྱུད་ལེགས་བཅོས། སྤྱི་ཚོགས་བདེ་ཐང་བཅས་ལ་སྔར་ལས་ལྷག་པའི་ལགས་སྐྱེས་འབུལ་ཐུབ་པའི་ཆེད་བོད་ཀྱི་གསོ་བ་རིག་པའི་ཚན་རིག་རང་བཞིན་དང་ལོ་རྒྱུས་རང་བཞིན་སྔོག་འདོན་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་སླད། ཁོ་བོས་དཔྱད་རྩོམ་འདི་ཙམ་བྲིས་པ་ཡིན་ལ། སྤྱིར་ཡང་ལོ་རྒྱུས་ནི་ནམ་ཡང་དངོས་ཡོད་ལ་གཏོགས་ཤིང་དེ་ལ་གདམ་ངའི་རང་དབང་གང་ཡང་མེད་པས་དེང་ཕྱིན་དྲང་བདེན་གྱི་ཤེས་རབ་སྤྱད་དེ་ཞིབ་འཇུག་དང་རྟོག་ཞིབ་གནང་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་ཐབས་ཀྱི་ཐབས་ལམ་ཞིག་ཏུའང་སེམས་སོ།།

 

མཆན་འགྲེལ།

  1. ཁྲོམ་ནི་ཏ་ཟིག་དང་འབྲེལ་བ་ཤིན་ཏུ་ཆེ་བའི་གནའ་བོའི་རྒྱལ་ཕྲན་ཞིག་ཡིན་སྲིད་ཅིང། དེ་ལ་ཁྲོམ་གེ་སར་ཞེས་དམག་འཐབ་ལ་མཁས་པའི་གནའ་རབས་རཱོ་མའམ་ཀེ་རི་སི་ཡིན་ནམ་སྙམ་པ་སྟེ། (ཕོམ་དང་ཁུམ་ཞེས་ཀྱང་སྣང་) སྤྱི་ལོ་ 395 ལོར། རཱོ་མ་རྒྱལ་ཁམས་སིལ་བུར་འཐོར་ཏེ་ནུབ་རཱོ་མ་དང་ཤར་རཱོ་མ་གཉིས་སུ་ཕྱེ་ཞིང་། ནུབ་རཱོ་མ་ནི་སྔར་ཡོད་རཱོ་མའི་ཡུལ་ཁམས་རང་དུ་གནས་བཅས་ནའང་མི་རིགས་གྱེན་ལོག་དབང་གིས་སྤྱི་ལོ་ 476 ལོར་ཁ་འཐོར་དུ་སོང་། ཤར་རཱོ་མ་སྟོབས་འབྱོར་མངའ་ཐང་ལྡན་ཕྱིར་སྐབས་དེ་དུས་ཀྱི་ཨེ་ཤེ་ཡ། ཨ་མེ་རི་ཁ་གླིང་། ཡོ་རོབ་གླིང་གསུམ་ཚུད་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། རྒྱལ་ས་ནི་  སྟེ། དེང་དུས་ཀྱི་ཐུའུ་ཨེར་ཇི་རྒྱལ་ཁབ་ཀྱི་གྲོང་ཁྱེར་རེད། དེ་ལ་གནའ་རབས་སུ་ Byzantium ཟེར་ཕྱིར། ཡོངས་གྲགས་ནུབ་ཕྱོགས་ལོ་རྒྱུས་སུ་ཤར་རཱོ་མ་ལ་Byzantium ཞེས་པའི་མིང་ཐོགས་ཡོད་པས་བོད་ཀྱི་ལོ་རྒྱུས་སུ་ཁྲོམ་ཞེས་པ་གནའ་རབས་རཱོ་མའི་ཡུལ་ཁམས་ཡིན་ནམ་སྙམ་མོ། དེ་ལ་རྒྱ་ནག་གི་ཡིག་ཚང་དུ་   ཞེས་གསལ་ཡོད།
  2. <<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་>>མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། (བོད་ཡིག)
  3. ཏ་ཆིག་ཅེས་པའི་རྒྱལ་པོ་ཞིག་ནུབ་ཕྱོགས་ལོ་རྒྱུས་སུ་དངོས་སུ་མི་གསལ་མོད་ཕལ་ཆེར་<<བོད་ལྗོངས་ཞིབ་འཇུག་>> 97 ལོའི་བོད་ཡིག་དུས་དེབ་གཉིས་པའི་ཤོག་ངོས་ལྔ་བཅུ་ལྔ་བདུན་ནང་གསལ་བ་ལྟར། <<འཇིག་རྟེན་ཚུལ་ལྡན་ཤེས་རིག་གི་ལོ་རྒྱུས་>>སུ་གསུངས་པའི་ཏ་ལིའུ་སི་ཞེས་པ་སྤྱི་ལོའི་སྔོན་གྱི་ལོ་ 522 ནས་སྤྱི་ལོའི་སྔོན་གྱི་ལོ་486 ལོར་པར་སིག་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་པོ་རང་གི་མཚན་ཡུལ་གྱི་མིང་ལ་ཕར་བཏགས་པར་སྙམ།
  4. <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་>>བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། བོད་ཡིག
  5. <<ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་>>ནམ་མཁའི་ནོར་བུས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། བོད་ཡིག
  6. <<བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ་>>མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། བོད་ཡིག
  7. བི་ཇི་ཞེས་པ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་སུ་ག་ལེ་ནོས་ཀྱི་བརྒྱུད་པ་ལ་འདོད་པ་ནོངས་པ་ཡིན་ཏེ། དངོས་ཏ་ཟིག་གི་ཡུལ་ཚོ་སི་ཐཱི་ཡི་སྐད་ Bye  སྒྲ་འགྱུར་བ་ལས་བྱུང་ཞིང་དོན་ནི་སྨན་པ་ཡིན་ཞིང་། དེ་བཞིན་གུར་གུམ་ནི་སྟག་གཟིག་གི་སྐད་ Kurkum སྒྲུ་འགྱུར་བ་དང་། ཟི་ར་ཡང་པར་སིག་གི་སྐད་ Zira དང་ཡང་ན་ Zira ལས་འགྱུར་བ། ཤིང་ཚ་ཞེས་པ་ལ་དྭགས་བོད་སྐད་དུ་ daieini ཟེར་བ་ཡང་པར་སིག་དང་ཧིན་རྡུ་སི་ཐིན་གྱི་སྐད་ dabfer ལས་འགྱུར་ཞིང་། སོག་སྐད་དུ་ dabtai དང་། མན་ཇུའི་སྐད་དུ་ debtelin ཟེར་བ་བཅས་གསོ་བ་རིག་པའི་མིང་གི་ཐ་སྙད་དང་། གྱོན་ཆས། སྒྱུ་རྩལ། ཚོང་ལས། རིག་གནས་བཅས་ཀྱི་རྗེས་འབྲེལ་ལས་སྐབས་དེ་དུས་ཕྱིའི་རྒྱལ་ཁབ་ཁྲོད་དུ་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་པ་དཔག་ཐུབ།
  8. <<མགོ་སྔོན་བསྡུས་པ་>>ཞེས་པ་ཡང་མགོ་བོའི་གནས་ལུགས་སྟོན་པའི་གཞུང་ལུགས་ཤིག་ཡིན་པར་སྙིང་ཞིང་ ག་ལེ་ནོས་གདུང་རྒྱུད་ལས་བྱུང་བའི་སི་ཇི་ཙན་པ་ཤི་ལ་ཧ་ཡང་ཕྱི་བཅོས་ལ་ཤིན་ཏུ་མཁས་པའི་སྨན་པ་ཞིག་ཡིན་པ་སྟེ། ཁོང་གིས་བྱང་ཁོག་དང་མགོ། ཡན་ལག་སོགས་ཕྱི་བཅོས་གཙོ་བོར་བྱས་པའི་གསུང་རབ་དུ་མ་བརྩམས་པའི་ཁྲོད་ད་ལྟ་དངོས་སུ་བཞུགས་པ་<<བི་ཇིའི་པོ་ཏི་ཁ་སེར་>>དུ་གྲགས་པ་དེར་མགོ་བྱང་ཁོག་འདུ་བ་ཐོར་བུ་དང་བཅས་པའི་བཅོས་ཐབས་གཙོ་བོར་གསུངས་ཡོད་པ་དང་། དེ་བཞིན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་གདན་འདྲེན་ཞུས་པའི་ཏ་ཟིག་གི་སྨན་པ་ཧ་ལ་ཤིནྟས་<<མགོ་བཅོས་མུ་སྟེགས་སྐོར་བརྒྱད་པ་རྩ་འགྲེལ་>>སོགས་གསུང་རབ་དུ་མ་བསྒྱུར་བ་བཅས་ཏ་ཟིག་པའི་གསོ་རིག་གི་བསམ་བློ་དང་འབྲེལ་བ་དམ་པོ་ཡོད་པར་རིགས་འདེད་དང་རྗེས་དཔག་བྱས་པ་ཡིན་ན་ཏ་ཟིག་གི་སྨན་པ་རྣམས་ལ་མགོ་དཔྱད་ཀྱི་ལག་ལེན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཕྱི་བཅོས་རིག་པའི་ལག་ལེན་ཡང་ཕུན་སུམ་ཚོགས་པ་ཡོད་དོ།།
  9. <<གསོ་རིག་སྨན་གྱི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་>>སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། (བོད་ཡིག)

 

དཔྱད་གཞིའི་ཡིག་ཆ།

10.  <<ཤེས་བྱ་སྤྱིའི་ཁོག་འབུགས་>>རྗེ་ཟུར་མཁར་པས་མཛད། སྣུམ་དཔར་མ། བོད་ཡིག

11.  <<འཇིག་རྟེན་གསོ་རིག་ལོ་རྒྱུས་>>དབྱི་ཏ་ལིའི་མཁས་དབང་ཁཱ་སི་ཀི་ལི་ནེས་བརྩམས། ཚོང་དོན་དཔེ་སྐྲུན་ཁང་གིས་བསྐྲུན། རྒྱ་ཡིག

12.  <<རྒྱལ་ཡོངས་མཐོ་རིམ་གསོ་རིག་སློབ་དེབ་ལས་གསོ་རིག་ལོ་རྒྱུས་རིག་པ་>>ཧོ་ནན་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། རྒྱ་ཡིག

13.  <<བོད་ཀྱི་ཤེས་རིག་ཞིབ་འཇུག་ཆེད་རྩོམ་ཕྱོགས་བསྒྲིགས་>>དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། བོད་ཡིག

14.  <<ཕྱི་རྒྱལ་གྱི་བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་>>དེབ་གསུམ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། རྒྱ་ཡིག




མཐའ་མའི་འདོན་ཐེངས་།: 20.04.2022 ཉིན། 2:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།