སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སྨན་གྱི་རིག་པ་ཇི་ལྟར་སློབ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

སྨན་གྱི་རིག་པ་ཇི་ལྟར་སློབ་ཚུལ།

རྗེ་བླ་མ་ལྔ་པ་ཆེན་པོས་ནུབ་མར་གསོ་རིག་འགྲོ་ཕན་གླིང་འཛུགས་པ་གནང་ཡང་འཐོར་ཞིག་གིས་ལམ་དུ་མ་རྒྱུགས་པའི་དགོངས་པ་སྐོང་སླད་དང་། གོང་དུ་བརྗོད་པ་བཞིན་གསོ་བ་རིག་པ་འདི་ཚེས་གསུམ་ཟླ་བའི་སྤུན་ཟླར་གྱུར་པ་དང་། སྤྱིར་མངོན་པར་བྱུང་བའི་མདོ་ལས། མི་རྣམས་ཀྱི་ཚེ་ལོ་མར་འགྲིབ་པ་ལྔ་བརྒྱ་མན་ཆད་དུ་སྙིགས་མ་ལྔ་པོ་འདི་ལྟ་སྟེ། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་ཤས་ཆེ་བ་ཡིན། ཞེས་པ་དང་མཐུན་པར་འདུལ་བ་ལ་སོགས་པ་དུ་མ་ནས་གསུངས་པ་བཞིན་སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་། གསོ་བ་རིག་པ་རང་དུའང་། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། །མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། །སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར། །དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུགས་བྱེད། །མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། །སྐྱེ་བོ་རྣམས་ནི་མནའ་ཐབ་ཤན་དམར་བྱེད། །དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། །ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང་། །ཞེས་བཤད་པ་ལྟར་ནད་རིགས་མང་བར་འགྲོ་བ་རྣམས་ཟུག་རྔུའི་འཇིགས་པ་ལས་སྐྱོབ་པར་གཞན་ལས་གསོ་བ་རིག་པ་ཉིད་ཆེས་ཁྱད་པར་དུ་འཕགས་པ་གོང་དུ་བཤད་པ་བཞིན་དང་། གཞན་ཡང་གསེར་འོད་དུ། ངས་ནི་ཁྱོད་ལ་ནད་གསོ་བའི། །ཅེས་པའི་དོན་འདི་བསྟན་པ་ཡིན། །འདི་ཡིས་སེམས་ཅན་གསོས་བྱས་ན། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །ཞེས་དང་། གསོ་བ་རིག་པ་འདིའི་རྩ་རྒྱུད་ལེའུ་དྲུག་པ་ལས། འབྲས་བུ་ཆོས་ནོར་བདེ་བ་གསུམ་དུ་སྨིན། ཞེས་དང་། བཤད་རྒྱུད་ལེའུ་ཉེར་གཅིག་པ་ལས། སྨན་པའི་འབྲས་བུ་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་འབྲས་བུ་ཚེ་འདིར་སྐྱིད་པ་དང་། །དབང་དང་ལོངས་སྤྱོད་དགའ་བདེ་ལྡན་པར་འགྱུར། །ཞེས་པ་དང་། མཐར་ཐུག་འབྲས་བུ་གཡོ་སྒྱུ་འདོད་པ་རྣམས། །སྤངས་ནས་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་པ་ཡིན། །ཞེས་གསུངས་པ་དང་། ཙ་ར་ཀ་ལས། དེ་ལྟར་བྱས་པའི་འབྲས་བུ་ནི། །གནས་སྐབས་དང་ནི་མཐར་ཐུག་གོ། །ཞེས་དང་། སློབ་དཔོན་ཆེན་པོ་དཔལ་ལྡན་དཔའ་བོའི་བརྒྱད་པའི་ཕྱི་མར། གཡོ་སྒྱུ་སྤངས་ཤིང་འདོད་པ་མེད། གང་ཞིག་གསོ་བ་ལ་འཇུག་པ། །སྨན་པ་བླ་མེད་འབྲས་ཐོབ་འགྱུར། །ཞེས་དང་། གཡུ་ཐོག་མགོན་པོའི་ཡང་སྙིང་བསྡུས་པར། ཚེ་འདི་རྙེད་དང་བཀུར་སྟི་དང་། །བདེ་བའི་སྙན་གྲགས་ལོངས་སྤྱོད་རྣམས། །འབད་རྩོལ་མེད་པར་འགྲུབ་པ་ནི། །ཚེ་ཡི་རིག་བྱེད་འབྲས་བུ་ཡིན། །ཞེས་རང་དོན་ཕུན་ཚོགས་པ་འདི་ཕྱི་གཉིས་འགྲུབ་པའི་དགོས་པ་དང་། གཞན་དོན་འགྲོ་མཆོག་གཙོ་བོར་གྱུར་པ་མི་ལུས་འདི་ཉིད་ལ། སྐྱེ་རྒས་ན་འཆིའི་དུཿཁ་འབྱུང་བ་དངོས་སུ་སེལ་བའི་དོན་ནུས་པ་ནི། འདི་ཉིད་རང་ལས། གནོད་མེད་བདེ་བར་མྱུར་དུ་བཙའ་བ་ཡིན། །ཞེས་སོགས་སྐྱེ་བའི་སྡུག་བསྔལ་སེལ་བའི་ཆོ་ག་དང་། རྒས་པའི་རྟགས་ནུབ་བཅུ་དྲུག་ལྟ་བུའི་ལུས། །རྨ་བྱའི་མདངས་ལྡན་མགྱོགས་པ་ཅང་ཤེས་རྟ། །ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་འགྱུར། ཞེས་པ་རྒས་པ་གསོ་བའི་ཆོ་ག་དང་། དེ་ལྟར་གསོ་ཐབས་དགུ་བཅུ་རྩ་བརྒྱད་པོ། །ཡེངས་མེད་གུས་པས་བརྩོན་པར་བསྟེན་བྱས་ན། །ནད་ཀྱི་འདམ་ལས་ཡོངས་སུ་གྲོལ་བར་འགྱུར། །ཞེས་དང་། ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །ཞེས་བཞི་བརྒྱ་རྩ་བཞི་སོགས་ནད་ཡིན་ནོ་ཅོག་ཞི་བར་ནུས་པ་དང་། འཆི་བ་སྲོག་སྐྱབས་མི་འཇིགས་སྦྱིན་པ་དང་། །འཆི་བ་སློང་བྱེད་བདུད་རྩི་བུམ་པ་ཡིན། །ཞེས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་པ་སྟེ། གཞན་ཡང་། དཔའ་བོའི་ཡན་ལག་བརྒྱད་པར། ནད་ཀྱི་འདམ་དུ་བྱིང་བ་ལ། །ལག་ནས་འདྲེན་པ་སྨན་ཡིན་ནོ། །ཞེས་པ་དང་། ཙ་ར་ཀ་ལས། དེ་ལྟར་གསོ་དཔྱད་རྣམ་བརྒྱད་ཀྱིས། །ཆུ་བོ་ཆེ་ལ་གྲུ་ལྡིང་བཞིན། །མི་ཟད་ནད་ཀྱི་རྦ་ཀློང་ལས། །མྱུར་དུ་སྒྲོལ་བར་བྱེད་པ་ཡིན། །ཞེས་དང་། ཀླུ་གྲུབ་ཀྱིས། དམིགས་ཟིན་དཔྱད་ཀྱིས་ནད་ཀྱི་རྒྱ་མཚོ་སྐེམ། །ཞེས་གསུངས་པ་སོགས་དེ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་ལམ་ལྟར་དངོས་སུ་གྲུབ་པའི་དགོས་པ་ཡོད་དེ། ཞི་བ་ལྷའི་གསུངས་ལས། འགྲོ་བ་ནད་པ་ཇི་སྙེད་པ། །ནད་གསོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་ལ། །དེ་ཡི་ནད་གཡོག་བྱེད་པར་ཤོག།ཅེས་དང་། མཁས་པ་སྐྱེ་དགུའི་དཔལ་གྱིས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །སྨན་དང་སྨན་པ་དག་དང་ཡང་། །ནད་གཡོག་མཐུན་པའི་བཟའ་བཏུང་སོགས་། །ཡོ་བྱད་ཀུན་ཏུ་འགྱུར་བར་ཤོགཅེས་པ་ལྟར་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་དགོས་པ་ཡིན་ལ། དེ་ལྟར་གསོ་བ་རིག་པ་ཉམས་སུ་ལེན་པ་པོ་སྨན་པ་དང་། གཙོ་བོ་ནང་དོན་རིག་པའམ་མདོ་སྔགས་དམ་པའི་ཆོས་ཉམས་སུ་ལེན་པའི་རིགས་སོགས་རིག་པའི་གནས་གང་ལའང་ཐོས་པ་དང་ཉམས་ལེན་བྱེད་པ་པོ་རྣམས་དགེ་བའི་བཤེས་གཉེན་དང་སློབ་དཔོན་འཚོལ་དགོས་ཏེ། སྡོང་བོ་བཀོད་པར། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བ་རྒྱ་ཆེན་པོ་བསྒྲུབས་པའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་པས་མི་སྐྱོ་བར་བྱའོ། མཐོང་བས་མི་ངོམས་པར་བྱའོ། །དྲི་བས་ཆོག་མི་ཤེས་པར་བྱའོ། དེས་ཟིན་པ་ནི་ངན་སོང་དུ་མི་ལྷུང་། ཐེག་ཆེན་ལས་མི་ལྡོགབསླབ་པ་དང་མི་འགལ་ལོ། །དེས་ན་ཡིད་ལ་བྱ་བ་རྒྱུན་མི་ཆད་པར་དེའི་དྲུང་དུ་འགྲོ་བར་བྱའོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོབ་ཅིང་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང་ས་དང་བཟོད་པ་དང་ཏིང་འཛིན་དང་མངོན་པར་ཤེས་པ་དང་གཟུངས་དང་སྤོབས་པ་དང་བསྔོ་བ་དང་སྨོན་ལམ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་ལས་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་པ་དག་གོ། ཞེས་དང་། ས་འཚོས་བྱིན་གྱིས། མཁས་པས་ནད་ལ་སྨན་པ་བཞིན། །ཐོག་མར་དམ་པ་བསྟེན་པར་བྱ། །ནད་གསོས་བྱ་ཕྱིར་འབད་པ་ཡིས། །སྨན་ནི་སྨན་པ་ལ་ཉན་ལྟར། །དམ་པའི་ཆོས་ནི་ཉན་པར་བྱ། །བློ་དང་ལྡན་པའི་སྐྱེད་བུ་ཡིས། །སྨན་དེ་རྣམས་ནི་ཐོས་ནས་སུ། །གུས་པས་བསྟེན་པར་བྱེད་པ་ལྟར། །དེ་བཞིན་བྱས་པས་འཆི་མེད་འགྲུབ། །བདུད་རྩི་དེ་ནི་འཐུངས་པ་ཡིས། །མཆོག་ནི་ཐོབ་པར་བྱེད་པ་ཡིན། །ཞེས་དགེ་བའི་བཤེས་གཉེན་ནམ་བླ་མ་དང་སློབ་དཔོན་མཚན་ཉིད་དང་ལྡན་ཞིང་བསྟི་སྟང་གི་ཡུལ་དུ་གྱུར་པ། ཁྱད་པར་རིག་གནས་གང་ལ་སློབ་སྦྱངས་ཉམས་མྱོང་ཕུལ་དུ་ཕྱིན་པ་ཞིག་ལ་བརྟེན་དགོས་ཏེ། དེ་ལྟར་མ་ཡིན་པར་རང་བཟོས་གླེགས་བམ་སོགས་ལ་འཇུག་པ་ནི་ཆོས་ཀྱི་བྱིན་རླབས་རྒྱུན་དང་མི་ལྡན་ཞིང་། སྦས་དོན། ཤུགས་བསྟན། གབ་འཁྲུགས་སོགས་གཞུང་དོན་དཔྱིས་ཕྱིན་པར་མི་ནུས་ཏེ། ཀླུ་གྲུབ་ཀྱི་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། རིག་པ་གླེགས་བམ་ལ་སླབས་ཀྱི། །བླ་མའི་ཐད་ནས་མ་སླབས་པ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་དུ་མི་མཛེས་སོ། །ཞེས་དང་། རྒྱལ་པོ་ཨིནྡྲ་བྷོ་དྷིའོ་གསུང་ལས་ཀྱང་། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་ལྡན་ཀྱང་། །བླ་མ་མེད་ན་སྲིད་ཐར་མིན། །ཞེས་གསུངས་པ་ལྟར་ཡིན་ལ། འོ་ན་བླ་མའམ་སློབ་དཔོན་གྱི་མཚན་ཉིད་ཇི་ལྟ་བུ་ཞིག་དགོས་སྙམ་ན། རབ་སངས་འཕགས་བྱང་སེམས་གདུལ་བྱའི་དོན་དུ་སྐུའི་བཀོད་པ་སྣ་ཚོགས་བསྟན་པ། འབྲིང་ཆོས་ཉིད་ཀྱི་བདེན་པ་མཐོང་བ་རྣམས་མ་ཡིན་པར་ཐ་མ་སོ་སྐྱེ་སྤྱིར་བཏང་ལ། དུས་འཁོར་རྩ་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་པོ་དུལ། །ཞེས་གསུངས་པ་ལྟར་དྲང་ཞེས་པ་སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པས་གནས་པ་ལ་གསུངས་པ། བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་ལེགས་པར་སྦྱངས་པ་དགོས་ཀྱི། དེ་མེད་ན་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གལ་ཆེ་ཤོས་གཅིག་མི་ཚང་། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས་ཞེས་པ་ལ་སྒྱུ་འཕྲུལ་དྲ་བའི་འགྲེལ་བར་གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས་ཞེས་བཏོན་ནས་སྔགས་དང་སྨན་གྱི་སྦྱོར་བས་བགེགས་བཟློག་ནུས་པ་ལ་ཀུན་སྙིང་གིས་བཤད་ཅིང་། རྡོ་རྗེ་མཁའ་འགྲོའི་འགྲེལ་བར། སྔགས་ནི་རྐང་པ་བརྒྱད་པ་ལ་སོགས་པའོ། །རྒྱུད་ནི་སྨན་རྣམས་སོ། །སྦྱོར་བ་ནི་བྱ་བའོ། །ཤེས་པ་ནི་མཁས་པའོ། །ཞེས་སོགས་ཀྱི་སྔགས་དང་རྫས་ཀྱི་སྒོ་ནས་རང་རང་གི་བྱ་བ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སྒྲུབ་པའི་ཚུལ་ཤེས་པ་ལ་བཤད་དེ། འདི་དག་མི་ཤེས་ན་ལམ་གྱི་གོ་བ་རགས་པ་ཆགས་པ་དང་ཆོག་ཁྲིགས་ལ་མཁས་པ་སོགས་ཡོད་ཀྱང་ད་དུང་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཕྱོགས་གཅིག་མི་ཚང་། བསྟན་བཅོས་ལ་མཁས་པ་ནི་རྡོ་རྗེ་མགུར་ལས། རིག་པའི་གནས་རྣམས་ཀུན་ལ་མཁས། །ཞེས་གསུངས་པ་ལྟར་ནང་རིག་པ་སྡེ་སྣོད་གསུམ་ལ་སོགས་པ་ཤེས་པ་དགོས་པས་སྡེ་སྣོད་གང་ཡང་མི་ཤེས་པར་རྡོ་རྗེ་སློབ་དཔོན་དུ་རློམ་པ་ནི་བོང་བུ་སེང་གེར་འཆོས་པ་དང་འདྲ་ཞིང་། དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ལེའུ་ཐ་མ་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་ཡང་སྡུད་པའི་རྣམ་པ་ནི། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་ནང་གི་དེ་ཉིད་བཅུ་དང་ཕྱིའི་དེ་ཉིད་བཅུ་གསུངས་ཤིང་དེ་ལས་རྒྱུད་སྡེ་འོག་མའི་རྡོ་རྗེ་སློབ་དཔོན་ཡིན་ན་ཕྱིའི་དེ་ཉིད་བཅུ་དང་། བླ་མེད་ཀྱི་རྡོ་རྗེ་སློབ་དཔོན་ཡིན་ན་ནང་གི་དེ་ཉིད་བཅུ་ལེགས་པར་ཤེས་དགོས་ཏེ། འདི་དག་གི་དོན་རྒྱས་པར་བཤད་པ་ནི་འདིར་ཡི་གེ་མངས་པར་འགྱུར་བའི་ཕྱིར་མ་བྲིས་ཀྱི་ལོགས་སུ་རྟོགས་པར་བྱའོ། །ཡང་རྡོ་རྗེ་མགུར་གྱི་ལེའུ་བརྒྱད་པ་ལས་ཀྱང་། རྡོ་རྗེ་སློབ་དཔོན་མཚན་ལྡན་ཉིད། །དེ་ཡིས་ཉེ་བར་བསྟན་པའི་སྔགས། སྒྲུབ་པ་པོ་ལ་འགྲུབ་པོ་ཀྱེ། །བརྟན་ཞིང་ཟབ་མོའི་ཆོས་ལྡན་དང་། རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོ་རྣམ་པར་རིག། ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། དཀྱིལ་འཁོར་འདྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བ་རབ་འཇོམས་ཤིང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ནས། གང་གིས་ཀྱང་ནི་སྨད་མི་བྱ། ཞེས་གསུངས་ཏེ། ཁྱད་པར་དུ་རྡོ་རྗེ་སློབ་དཔོན་ལ་རྩ་བའི་ལྟུང་བ་དང་མི་ལྡན་པ་དགོས་པ་འདི་དང་སྡོམ་འབྱུང་ལས་གསུངས་པ་ནི་མེད་དུ་མི་རུང་བའི་ཡན་ལག་གཙོ་བོ་ཡིན་ལ། ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་ཞེས་པ་ནི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་སློབ་དཔོན་གྱི་མཚན་ཉིད་ཀྱི་སྐབས་སུ་ཕྱི་རུ་སོ་སོ་ཐར་བ་སྤྱོད་ཅིང་ནང་དུ་གསང་བ་འདུས་པའི་དོན་ལ་དགའ་བར་གསུངས་པ་དང་དོན་གཅིག་པས་སོ་སོ་ཐར་བའི་ཀུན་སྤྱོད་འདུལ་བ་དང་མཐུན་པའི་རྣམ་པར་དག་པ་ཞིག་དགོས་པར་བསྟན་ལ། ཕྱི་རུ་ཞེས་པ་ནི་ལུས་ལ་ཕྱི་དང་སེམས་ལ་ནང་དུ་བྱས་པ་ཡིན་གྱི། ཁང་པའི་ཕྱི་ནང་མ་ཡིན་ནོ། །བཟླས་པར་ལྡན་ཞེས་པ་ནི་སྔོན་དུ་བསྙེན་པ་རྫོགས་པར་བྱས་པ་སྟེ། དེ་ཡང་བསྙེན་པ་སྔོན་དུ་མ་སོང་བར་དབང་བསྐུར་དང་རབ་གནས་ལ་སོགས་པ་ལ་འཇུག་པ་ནི་རང་གིས་རང་ལ་གནོད་པ་བྱེད་པ་ཡིན་པར་གསུངས་ཏེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་དང་། ནག་པོ་སྤྱོད་པ་བས་ཀྱང་། སྔོན་དུ་བསྙེན་པས་ལྷ་མཉེས་པར་མ་བྱས་ན་རང་ཉིད་སུན་འབྱིན་པར་གསུངས་སོ། །འཕྲེང་བ་ལས་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཤེས་པས། སྔོན་དུ་བསྙེན་པས་ཚོགས་གསོག་ཅིང་། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག། དབེན་པར་ཡང་དག་གནས་ནས་ནི། །ལྷ་ཡི་འཁོར་ལོ་སྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླས། འཁོར་ལོའི་གཙོ་བོ་འབུམ་བཟླས་ཤིང་། ཡང་ནི་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །ཅེས་དང་། ཕྲེང་བ་ལས། དེ་ལྟར་སྔོན་དུ་བསྙེན་པ་རྒྱས་པར་བྱས་པས་སྐད་ཅིག་གིས་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲོ་བ་དང་བསྡུ་བས་མངོན་དུ་བྱ་བར་ནུས་པས། འཁོར་ལོར་གནས་པ་ཉིད་ཀྱི་འཁོར་ལོ་ཅན་གྱིས་མ་བཀག་པའམ་ཚོགས་བསགས་པ་ཉིད་ཀྱིས་གནང་པས་ཀྱང་དཀྱིལ་འཁོར་དང་རབ་ཏུ་གནས་པ་དང་སློབ་མ་བསྡུ་བ་ལ་སོགས་པ་བྱའོ། །ཞེས་དང་། དེ་བཞིན་དུ་འཇམ་དཔལ་རྩ་རྒྱུད། ཀྲྀ་ཡ་ས་མུ་ཙྪ། རབ་གནས་ཀྱི་རྒྱུད། རྡོ་རྗེ་སྙིང་པོ་རྒྱན། བཤད་རྒྱུད་རྡོ་རྗེ་འཕྲེང་བ། སྒྲུ་འཕྲུལ་དྲ་བའི་རིམ་པ་སོགས་རྒྱུད་སྡེ་ཕལ་ཆེར་འདྲ་ཞིང་ཚིག་མི་གཅིག་པ་དུ་མ་གསུངས། གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པར་བསྟེན་པ་རྣམས་སུམ་དུ་གྲགས་པ་། གྲངས་དུས་གཉིས་ཀྱི་ལས་བསྙེན་ཐེངས་ཤིང་། ཁྱད་པར་ལས་གང་རུང་བའི་སྔོན་དུ་ཉེ་བསྙེན་ཁ་གསོ་ཚད་དང་ལྡན་པ་དགོས་པར་གསུངས་པས་སློབ་མ་དབང་བསྐུར་བའི་དཀྱིལ་འཁོར་དེ་ཉིད་ཀྱི་ལྷའི་རྣལ་འབྱོར་ལ་ལེགས་པར་གོམས་པར་བྱ་ཞིང་ཐ་ནའང་གྲངས་ཀྱི་བསྙེན་པ་ཚུལ་བཞིན་དུ་སྔོན་དུ་སོང་བ་ཞིག་རྡོ་རྗེ་སློབ་དཔོན་གྱི་མེད་དུ་མི་རུང་བའི་ཡན་ལག་ཏུ་ཤེས་པར་བྱ་ཞིང་། མདོ་ཕྱོགས་སུ་དཔལ་མགོན་ཀླུས། ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་ལ་ནི་ཁྱོད་བརྟེན་ན། ཁྱོད་ཀྱིས་མཁྱེན་གྱིས་གུས་པར་མཛོད། །ཅེས་དང་། ཙཎྜ་གོ་མིས། བླ་ལ་སྡོམས་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། ཞེས་དང་། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་བརྟུགས་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། ཞེས་པ་དང་། དབུ་མ་བཞི་བརྒྱ་པའི་འགྲེལ་བར། བླ་མས་སློབ་མའི་སེམས་ཤེས་ཤིང་། །རྗེས་སུ་འཛིན་པར་ནུས་པ་གང་། །དེ་ཡིས་སློབ་མ་བསྡུ་བྱ་ཡིས། །རྨོངས་པས་སློབ་མ་བསྡུ་འོས་མིན། །ཞེས་དང་། འདུལ་བ་འོད་ལྡན་དུ། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་སྟེ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་དང་། མངོན་རྟོགས་རྒྱན་སྐབས་དང་པོར། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་དོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་སོགས་མང་ཡང་འདོམས་ཆེ་བ་མདོ་སྡེ་རྒྱན་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་པ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་ཚུལ་ཁྲིམས་དང་ལྡན་པས་དུལ་བ། ཏིང་ངེ་འཛིན་དང་ལྡན་པས་ཞི་བ། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཉེ་བར་ཞི་བ། ཡོན་ཏན་གཞན་ལས་ཁྱད་པར་འཕགས་པས་ལྷག་པ་དང་། གཞན་དོན་ལ་ལེ་ལོ་མེད་པས་བརྩོན་འགྲུས་དང་བཅས་པ། ཐོས་པ་ཆེ་བས་ལུང་གིས་ཕྱུག་པ། ཤེས་པར་བྱ་བའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ། ཚིག་སྨྲ་མཁས་པ་དང་ལྡན་པ། ཟང་ཟིང་ལ་མི་བལྟ་བས་བརྩེ་བ། ཆོས་སྟོན་པ་ལ་སྐྱོ་བ་མེད་པ་སྟེ་ཆོས་བཅུ་ལྡན་ནམ། བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེད་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་ལུང་གི་ཡོན་ཏན་ཐོས་པ་མང་བ། །རྟོགས་པའི་ཡོན་ཏན་བདེན་པ་མཐོང་བ། ཚིག་སྨྲ་མཁས་པ། བསམ་པ་ཟང་ཟིང་ལ་མི་བལྟ་བའི་བརྩེ་བ་ཅན། བསམ་སྦྱོར་སྙོམས་ལས་མེད་པས་སྐྱོ་མེད་དེ་ཆོས་ལྔ་ལྡན། ཡང་ན། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། ཞེས་མང་དུ་ཐོས་པས་ཐོས་རྒྱ་ཆེ་བ། ཤེས་རབ་ཆེ་བས་གདུལ་བྱའི་ཐེ་ཚོམ་སྤོང་བ། སྒོ་གསུམ་དགེ་བས་བླ་མར་གཟུང་འོས་པ། ཉོན་མོངས་པ་དང་རྣམ་བྱང་གི་དེ་ཁོ་ན་ཉིད་སྟོན་པ་སྟེ་ཆོས་ལྡན་རྣམས་ཕལ་ཆེར་འཕགས་པའི་ཆོས་ཡིན་པས་ལྡན་པར་དཀའ་ནའང་། མེད་ཐབས་དང་བྲལ་བ་ནི་གསུམ་སྟེ། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བ་བཟོད་པ་ལྡན་པའོ། །དེ་ཡང་གང་འཆད་པ་དེའི་ཚིག་དོན་ལུང་རིགས་མན་ངག་དང་ལྡན་པས་གདུལ་བྱའི་ཐེ་ཚོམ་གཅོད་ནུས་པའི་བཤད་བྱ་ལ་མཁས་པ། རྗོད་བྱེད་ཀྱི་བརྡ་དག་པ་དང་། གང་ནས་བཤད་ཀྱང་འབྲེལ་བ། ཇི་ཙམ་བཤད་ཀྱང་རན་པ། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་གྱིས་ངག་འབྲེལ། གཞན་དགའ་བར་ནུས་པའི་དབྱངས་སྙན་པ་སྟེ་འཆད་བྱེད་ལ་མཁས་པའམ། མདོ་སྡེ་རྒྱན་ལས། ལེ་ལོ་དང་མི་གོ་དང་། །སྐབས་མི་འབྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བར་བསྟན་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །ཅེས་གཏམ་གྱི་ཉེས་པ་བརྒྱད་དམ། རྣམ་བཤད་རིགས་པར་སྐྱོན་བཅུ་གཅིག་ཏུ་གསུངས་པ་རྣམས་བྲལ་བ། །རང་དང་། གདུལ་བྱ། སྣོད་གསུམ་གྱི་ཀུན་སྤྱོད་རྣམས་ལ་མཁས་པ། གཉིས་པ་བརྩེ་བའི་བསམ་པ་ནི། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། ཆོས་སྟོན་ཡང་ཉན་པ་པོ་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་པ་ལྟར་སྙིང་རྗེ་བསྐྱེད་པ། སྦྱོར་བ་བཟོད་ལྡན་ནི། འཆད་དུས་ཀྱི་ངལ་དུབ་དང་དཀའ་ལས་ལས་སྐྱོ་བ་མེད་པ་དང་། སློབ་མས་དྲི་བ། གཞན་གྱིས་བརྩད་པ་གསུམ་ལ་བཟོད་པ་དང་ལྡན་པ་སྟེ་ཆོས་སུམ་ལྡན་ནི་ངེས་པར་དགོས་པ་དང་། སྤྱིར་ནང་དོན་རིག་པ་གཙོ་བོར་གྱུར་པ་ལ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པ། ཐ་སྙད་རིག་པ་སྤྱིའི་དབང་དུ་བཏང་ཡང་། དབྱུག་པ་ཅན་གྱིས། མང་དུ་ཐོས་དང་དྲི་མེད་དང་། །ཞེས་གོང་དུ་བཤད་པ་བཞིན་གྱི་རྒྱུ་དང་ལྡན་པ། གསོ་བ་རིག་པ་རང་ཉིད་དུ་གོང་བཤད་རྒྱུ་དྲུག་དང་ལྡན་པ་དང་། ཐུ་མིའི་སུམ་ཅུ་པར། གཞུང་ཉིད་བླ་མ་རྣམས་ལ་ཉན། །སློབ་དཔོན་དེ་ཉིད་དུ་ཛིན་ཅིང་། ཞེས་གང་སློབ་པའི་སློབ་དཔོན་དེ་དགེ་བའི་བཤེས་གཉེན་དུ་འཛིན་དགོས་པར་བཤད། དེ་ལྟ་བུའི་ཡུལ་དེའང་དཀོན་བརྩེགས་འདུས་པ་ཉེར་གཅིག་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་མདོར། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཡིན་ཏེ། བཞི་གང་ཞེ་ན། སྡོམ་པ་གསུམ་ཡང་དག་པ་དང་། གནས་ཡོངས་སུ་དག་པ་དང་། ཤེས་རབ་ཡོངས་སུ་དག་པ་དང་། སྐྱེ་བ་ཡོངས་སུ་དག་པ་སྟེ་བཞི་པོ་དེ་དག་ཡིན་ནོ། །ཞེས་གསུངས་པར་སསྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས། དད་ལྡན་སངས་རྒྱས་གསུང་བཞིན་སྒྲུབ་འདོད་པ། །དེ་ལ་སྡོམ་གསུམ་དབྱེ་བ་བདག་གིས་བཤད། ཅེས་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་གདུལ་བྱའི་མོས་བློ་དང་མཐུན་པར་ཆོས་བསྟན་པ་ལས་གདུལ་བྱ་དམན་པར་མོས་པ་རྣམས་ལ་ཆགས་བྲལ་གྱི་སྤྱོད་པས་ཐེག་པ་དམན་པའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་ཐམས་ཅད་ཀྱིས་ནི་ཡོན་ཏན་མ་ལུས་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པས་བསྡུས་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཞིར་བྱས་ཏེ་ཞིག་ཞི་གནས་ཀྱི་བསྡུས་པ་ལྷག་པ་སེམས་ཀྱི་བསླབ་པ་དང་ལྷག་མཐོང་གིས་བསྡུས་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཉིས་ཀྱིས་སེམས་རྣམ་པར་གྲོལ་བའི་ཐབས་སྟོན་གདུལ་བྱ་རྒྱ་ཆེན་པོར་མོས་པ་རྣམས་ལ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་བསྐོར་བས་ནི། ཐེག་ཆེན་ཡོན་ཏན་ཀུན་གྱི་རྩ་བ་སེམས་བསྐྱེད་ཅིང་བྱང་སེམས་ཀྱི་སྡོམ་པ་གཞིར་བཟུང་སྟེ་ཕར་ཕྱིན་དྲུག་ལ་སློབ་པའི་སྒོ་ནས་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་སྟོན། གདུལ་བྱ་ཟབ་མོར་མོས་པ་རྣམས་ལ་འདོད་ཆགས་ཀྱི་སྤྱོད་པའི་སྒོ་ནས་རྒྱུད་སྡེ་བཞིའི་ཆོས་འཁོར་བསྐོར་བ་ཐམས་ཅད་ཀྱིས་ནི། སྔགས་ཀྱི་དངོས་གྲུབ་ཀྱི་རྩ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་གཞིར་བྱས་ཏེ། དྲང་དོན་དང་ངེས་དོན་གྱི་ལྷའི་རྣལ་འབྱོར་ཡན་ལག་དང་བཅས་པས་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་འགྲུབ་པར་བྱེད་པ་སྟོན་ཏེ་རྒྱུ་མཚན་དེས་ན་སྡོམ་པ་གསུམ་དང་དེའི་བསླབ་བྱ་ལ་རྫོགས་པར་སློབ་པའི་ནང་དུ་མ་འདུས་པའི་སངས་རྒྱས་ཀྱི་བསྟན་པ་ནི་ཡོད་པ་མ་ཡིན་པས། བདག་ལེགས་སུ་འདོད་པ་སྤྱི་དང་ཁྱད་པར་དགེ་བའི་བཤེས་གཉེན་དག་གིས་མི་བསྟེན་དུ་མི་རུང་བའི་ཡན་ལག་ཏུ་སྣང་བས་དེ་གསུམ་གྱི་རྣམ་བཞག་ཅུང་ཟད་འཆད་ན།

 

མཐའ་མའི་འདོན་ཐེངས་།: 27.01.2022 ཉིན། 11:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།