སྨན་གྱི་ཚབ་ཡིག་དང་ཕྱོགས་བསྡུས་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022 |
༄༅། །སྨན་གྱི་ཚབ་ཡིག་དང་ཕྱོགས་བསྡུས་སྐོར།
མཁན་པོ་འཇིགས་མེད་ཕུན་ཚོགས།
༄༅།།ནམོ་གུརུ་བྷཻཥཛྱེ།
སྲིད་པའི་འགྲོ་ལ་བརྩེ་བའི་སྙིང་རྗེ་དང་།།
འོད་གསལ་སྟོང་གི་རི་མོ་བྲིས་པའི་ཐུགས།།
གང་བའི་ཟླ་བཞིན་ཀུན་ནས་གང་གྱུར་པ།།
འཚོ་མཛད་སྨན་གྱི་བླ་མས་རྟག་ཏུ་སྐྱོངས།།
བྱང་ཆུབ་སྤྱོད་ལ་འཇུག་པའི་ལམ་པོ་ཆེ། །ལུས་ཅན་འཆི་གསོ་རྨད་བྱུང་བདུད་རྩིའི་བཅུད། །ཆོས་ནོར་འདོད་ཐར་ཕུན་ཚོགས་འབྱུང་བའི་གཏེར། །ལམ་མཆོག་འདི་རུ་བློ་ལྡན་རྣམས་འཇུག་འཚལ། །རྒྱུད་བསྟན་དངོས་དང་སྔོན་བྱོན་མཁས་གྲུབ་ཀྱིས། །མཛད་པའི་སྔོ་འབུམ་མན་ངག་ཁྱད་འཕགས་སྐོར། །མཐའ་འཁོབ་དབུལ་པོའི་འཚོ་སྨན་ཉེར་མཁོ་རུ། །སྐྱེས་ཚད་སྨན་དུ་སྦྱོར་བའི་ཐབས་འདི་སྤེལ།།
དེའང་ཕྱི་རྒྱུད་ལེའུ་བཅུ་གཉིས་སུ། །ལྔ་བརྒྱ་དུས་ཀྱི་ཐ་མར་སླེབ་པའི་ཚེ། །སྐྱེས་ཚད་མཐོང་ཚད་སྨན་དུ་མ་འཁོལ་ན། །ནུས་ལྡན་དཀོན་པས་བཙལ་དུ་ག་ལ་རྙེད། །དཔེར་ན་ལྷ་དང་ཀླུ་ཡི་ནོར་བུ་འདྲ། །རྙེད་ཀྱང་དབུལ་པོའི་ནད་པས་ག་ལ་ཐེག །དཔེར་ན་ཟོང་མེད་ཚོང་འདུས་འཁྱམ་པ་འདྲ། །དེ་ཕྱིར་མཐའ་འཁོབ་དབུལ་པོའི་ནད་བསལ་ཕྱིར། །བྱམས་པའི་སེམས་ཀྱིས་སྔོ་ཡི་སྦྱོར་བ་བསྟན། །འོན་ཀྱང་ནུས་པ་རྩི་བས་སྔོ་རང་ཆེ། །དཔེར་ན་ག་བུར་ཉིད་ཀྱང་ཟིལ་གནོན་ནུས། །སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད། །ཅེས་དང་། སྨན་མཆོག་འདི་ཉིད་བསིལ་ནུས་ཀྱིས། །ཤིང་མཆོག་ག་བུར་ཉིད་ཀྱང་ཟིལ་གྱིས་གནོན། །ཞེས་པ་སྟོང་ཟིལ་ལ་སོགས་པའི། བསིལ་སྨན་རྣམས་ཀྱི་ནུས་པ་ཁྱད་དུ་འཕགས། །དཀར་པོ་ཡར་འདྲེན་ལ་སོགས་འདྲེན་སྨན་རྣམས། །གློ་བའི་རྣག་ཁྲག་འདྲེན་ལ་འདི་ལས་གང་། །སྨན་གཞན་མི་ལྟོས་བདུད་རྩི་ལོ་མ་སོགས། །ཚད་པའི་ནད་རིགས་འཇོམས་ལ་འདི་ཡན་དུ། །སྨན་གཞན་མེད་ཅིང་གཉན་འཇོམ་དཔའ་བོ་ལ། །འདི་ནི་བདུད་རྩི་ལྟ་བུ་ཡིན་ཞེས་པས། །མང་ཅན་སོགས་ཀྱི་མཚོན་པའི་ཡོན་ཏན་དང་། །མགོ་བོ་བཅད་ཀྱང་ཁྲག་མི་ཟག་པ་ཞེས། །ཀོན་པ་གབ་སྐྱེས་སོགས་ཀྱི་ཁྲག་གཅོད་དང་། །ཡན་ལག་བཅད་པ་མཐུད་འགྱུར་སྨྲས་འགྲམ་ལ། །སྨོས་ཅི་དགོས་ཞེས་སྟག་ཤས་མཚོན་པ་ཡི། །རྨ་སྨན་རྣམས་ཀྱི་ནུས་པ་ཆེར་བསྔགས་ཤིང་། །དུད་འགྲོའི་རྙེད་པའི་བཅད་འབྱོར་ཉི་ཤུ་སོགས། །ངོ་མཚར་རྨད་བྱུང་ལོ་རྒྱུས་གཏམ་རྒྱུད་བཅས། །ལྷ་དང་དྲང་སྲོང་རྒྱ་བོད་མཁས་གྲུབ་ཀྱི། །མཛད་པའི་འཁྲུངས་དཔེ་དག་ལས་མང་བྱུང་བ། །ངེས་དོན་བསླུ་མེད་རྡོ་རྗེའི་གསུང་ཁོ་ན། །དེ་ཕྱིར་ས་ལ་སྐྱེས་པའི་སྔོ་རྣམས་ཀུན། །སྐྱེས་ཚད་མཐོང་ཚད་སྨན་དུ་སྦྱོར་ཐབས་བསྟན། །ཞེས་གསུངས་པ་ལྟར།
སློབ་དཔོན་མཁས་པའི་ཚད་ཐུབ་རབ་བརྟེན་ནས། རོ་ནུས་ཞུ་རྗེས་ཀྱི་འགྲོ་ལྡོག་ཚུལ་བཞིན་ཤེས་པ་དག་གིས་ནི། རྒྱུད་ཕྱི་མའི་སྔོ་སྦྱོར་ཀྱི་མན་ངག་གཞིར་བཞག་སྟེ། གང་ལ་གང་འཚམས་ཀྱི་སྔོ་སྨན་རྣམས། སློབ་དཔོན་མཁས་པའི་མྱོང་བཅོས་ཀྱི་མན་ངག་དང་ཡིག་ཆ་བཞིན་མདེལ་ཁ་བསྒྱུར་ཏེ་གཏོང་བ་ཉིད་ལས་ལ་སྨན་ལ་ཚབ་གཏོང་ཞིང་སྦྱོར་བྱེད་ག་ལ་དགོས། འོན་ཀྱང་དེ་ལྟར་མི་ཤེས་པ་རྣམས་ཀྱི་རྒྱུད་དང་མཁས་གྲུབ་གོང་མ་རྣམས་སྦྱོར་སྡེ་འཚོ་བྱེད་སྤྱི་ལ་རླུང་ལྟར་གྲགས་པ་རྣམས་ཁོ་ན་ལས་རྩི་སྨན་དང་ཐང་སྨན་རྣམས་ཀྱི་འདྲ་ཚབ་གཏོང་བ་ཕྱག་བཞེས་ཡིན་ལ། རྗེ་གཡུ་ཐོག་པ་སོགས་བོད་ཀྱི་སྨན་པ་མི་དགུ་དག་གིས་ཀྱང་། འཕགས་ཡུལ་ཀྱི་སྨན་ཕལ་ཆེར་བོད་དུ་མི་འབྱུང་བ་ལ། དེ་མཚུངས་ཀྱི་བོད་ཡུལ་ཀྱི་སྔོ་ལྡུམ་སོགས་ལ་མིང་འདོགས་གནང་བ་དང་། མཉམ་མེད་ཇོ་བོ་མར་མེ་མཛད་ཀྱིས་བརྒྱད་པ་རྩ་འགྲེལ་འཆད་དུས་ཀྱང་། བོད་དུ་འཕགས་ཡུལ་གྱི་སྨན་མི་བདོག་པས་བཤོལ་དགོངས་ཙ་ན། རྗེ་བཙུན་མ་ཉིད་ནེ་ཙོ་རུ་སྤྲུལ་ནས་ཡེར་བ་ན་བོད་ཀྱི་སྔོ་སྨན་འདི་ཞེས་བྱ་བ་དང་། འཕགས་ཡུལ་ཀྱི་སྨན་འདི་མཚུངས་སོགས་ཞིབ་དུ་སྨྲས་ཚེ། རྒྱ་གར་ཡུལ་གྱི་སྨན་ཐམས་ཅད་དང་འདྲ་མཚུངས་རེ་བོད་ན་ཡོད་པར་མཆིས། ད་གསོ་དཔྱད་འཆད་ན་ཕན་ཐོགས་པར་གདའ་ཞེས་བཀའ་གནང་བར་བཤད་པ་དང་། ཟུར་མཁར་དྷརྨ་སྭ་མིས་མ་ནུས་དྲིས་ལན་སེངྒེའི་ང་རོ་ལས་ཀྱང་། གལ་ཏེ་མ་ནུ་སོགས་གང་མ་ཚང་ན། ཚབ་ཏུ་རུང་བའི་སྨན་ནི་གང་མ་ཚང་བ་དེ་དང་རོ་ནུས་མཚུངས་པ་གཞན་གཏོང་ལ། འབྱིན་འཇུག་གི་འཁྲུལ་འཁོར་སོགས་གོ་བར་འགྱུར་རོ། །ཞེས་གསུངས་པ་སོགས་ཀྱི་རོ་ནུས་ཞུ་རྗེས་གྱི་འགྲོ་ལྡོག་མི་ཤེས་པར། དབྱིབས་ཀྱི་རྣམ་པ་འདྲ་མཚུངས་ལ་ལྟོས་ནས་ཚབ་བྱེད་པ་ཁོ་ནར་སྣང་བས་དེ་ནི་ཚད་ལྡན་མ་ཡིན་ཞིང་། རྩི་ཐང་སོགས་ཀྱི་སྨན་དངོས་རྣམས་དང་། སྔོ་ལྡུམ་སོགས་དྲི་དང་རོ་ནུས་ཁྱད་མེད་སྙམ་པ་མི་འོང་མོད། འོན་ཀྱང་ནད་ཀྱི་གཏོང་ཡུལ་སྨན་ཀྱི་སྦྱོར་སྡེ་ལ་ལྟོས་ཏེ་ཚུལ་བཞིན་སྦྱོར་དགོས་པས།
༈ ཐོག་མར་རིན་པོ་ཆེའི་སྐབས། གསེར་དངུལ་ཟངས་ལྕགས་གཡུ་བྱིར་དུང་། །མུ་མེན་ལ་སོགས་མཆོག་དམན་སྤྱི། །ཁྱད་པར་མ་གཏོགས་ཡོངས་གྲགས་ལ། །མཆོག་གི་ཚབ་ནི་དམན་པས་རུང་། །མུ་ཏིག་ཉ་ཕྱིས་ནུས་པ་མཚུངས།།
༈ གཉིས་པ་རྡོ་སྨན་ཀྱི་ཚབ། སྦལ་མདུང་དཀར་སྨུག་ནུས་པ་མཚུངས། །གསེར་རྡོ་དངུལ་རྡོ་ནུས་པ་མཚུངས། །སྟང་ཟིལ་གསེར་ཟིལ་དངུལ་ཟིལ་གསུམ། །ནུས་མཚུངས་བ་ནུ་རྡོ་རྒྱུས་དང་། །མཐིང་རྒྱུས་ནུས་པ་མཚུངས་པར་གསུངས། །མཚལ་གྱི་ཚབ་ནི་ཟུ་རྒྱལ་བཙག །ལིག་བུ་མིག་དང་བཙག་སྨུག་གསུམ། །ནུས་མཚུངས་མོ་རྡེའུ་ཚབ་ཟེ་ཚ།།
༈ གསུམ་པ་ཚྭ་ཡི་སྨན་གྱི་སྐབས། གསེར་ཕྱེ་ཚབ་ནི་དངུལ་ཕྱེ་དང་། །ལི་ཁྲིའི་ཚབ་ནི་སིནྡྷུ་ར། །སེར་མཚུར་ནག་མཚུར་རོ་ནུས་མཚུངས།།
༈ བཞི་པ་རྩི་སྨན་རྣམས་ཀྱི་སྐབས། ག་བུར་ཚབ་ནི་རྫ་མཐོའི་རི། །སྲིབ་རི་ལས་སྐྱེས་སྟོང་རི་ཟིལ། །ཤིང་བཅུད་ག་བུར་ཟིལ་གྱིས་གནོན། །རོ་ཁ་ནུས་བསིལ་ཁྲག་མཁྲིས་དང་། །ཚ་བ་རྒྱས་པ་འཇོམས་པར་བྱེད། །ཛ་ཏིའི་ཚབ་ནི་ཀླུང་འགྲམ་དུ། །སྐྱེས་པ་གོ་སྙོད་སྐོ་བཟང་འབྲུ། །སྙིང་ཚད་རླུང་ཚད་སེལ་བར་བྱེད། །ལི་ཤི་ཚབ་ནི་རྫ་མཐོ་སར། །སྐྱེས་པའི་ཏོང་གུའི་འབྲས་བུ་སྟེ། །སྙིང་སྲོག་ཚ་བ་འཇོམས་པའི་མཆོག །ད་ལིའི་དྲོད་སྙོམ་གྲང་རླུང་སེལ། །གཉིས་ག་ཆ་མཉམ་གཏོང་བ་གཅེས། །སུམ་སྨེལ་ཚབ་ནི་རྒྱ་ཤོད་དུ། །སྐྱེ་བའི་བྲེ་གའི་འབྲུ་བཟང་པོ། །ནུས་པ་དྲོད་སྙོམ་ཕོ་མཆིན་དང་། །མཁལ་མའི་ནད་སེལ་གྲང་རླུང་འཇོམས། །མཁལ་སྐེད་གྲང་བར་ལྕ་བ་བསྡེབས། །ཆུ་སེལ་མཁལ་སྐེད་གྲང་རླུང་སེལ། །གྲང་ལྕི་བད་སྨུག་ནད་ལ་གནོད། །གོ་ལའི་ཚབ་ནི་ཀླུང་ཤམ་དུ། །སྐྱེས་པའི་ར་མྱེའི་(མཉེ་)རྩ་བ་འམ། །མེ་ཏོག་ཆུང་བསིལ་ནུས་པ་དྲོད། །དྲོད་དུ་བཀུག་པའི་ཕོ་མཚེར་གྱིས། །གྲང་བ་སེལ་ཕྱིར་མེ་དྲོད་བསྐྱེད། །འུ་སུས་བད་ཀན་སྨུག་པོ་དང་། །ཕོ་བའི་བད་ཀན་ཚ་བ་སེལ། །ཅུ་གང་ཚབ་ནི་སྲོ་ལོ་དཀར། །ཚ་བ་ཀུན་དང་གློ་ཚད་སེལ། །རྙོགས་པའི་ཚ་བ་འཇོམས་པའི་མཆོག །རི་མཐོ་རྫ་མཐོ་ལ་སྐྱེས་པའི། །ལྡུམ་བུ་ཅུ་གང་ཞེས་བྱ་བ། །རོ་མངར་གློ་བའི་ནད་ཀུན་སེལ། །རྨ་ཚད་གཅོག་ཅིང་གློ་བ་གསོ། །
གུར་གུམ་ཚབ་ནི་ཁ་ལུང་དུ། །སྐྱེས་པའི་པྲི་ཡང་ཀུའི་ལོ་མ། །རོ་ནི་མངར་ཁ་མཆིན་ནད་སེལ། །ཁྲག་གཅོད་རྩ་འདྲུབ་ཆུ་སེར་སྐེམ། །གི་ལྦཾ་ཚབ་ནི་རི་བྱང་ཁར། །སྐྱེས་པའི་མེ་ཏོག་ལུག་རུ་སེར། །ཚད་རིགས་སེལ་ཞིང་རླུང་ཚད་འབྱེད། །བྲག་ཞུན་ལྷད་མེད་བཟང་པོ་འམ། །སླད་བསལ་བཀྲུང་བའི་དྭངས་མ་ཡིས། །ཕོ་མཆིན་མཁལ་ཚད་སེལ་བའི་མཆོག །བ་གླང་རྔ་བྲན་ལ་སོགས་ཀྱི། །མཁྲིས་པ་ལས་གྲུབ་གི་ལྦཾ་ནི། །རོ་ནུས་མཚུངས་པ་ཁྱད་པར་འཕགས། །གླ་རྩིའི་ཚབ་ནི་བྱང་བལྟས་ཀྱིས། །ཕུར་ནག་ལོ་མ་རོ་ཁ་བས། །སྲིན་གསོད་གཉན་ལྷོག་ནད་གདོན་འཇོམས། །རོ་སྟོད་སྐྱེས་པའི་རྒོད་སྤོས་ཀྱིས། །ནུས་པས་གདོན་དུག་རིམས་ཚད་སེལ། །ཕྱི་ནང་སྲིན་རིགས་འཇོམས་པར་བྱེད། །དོམ་མཁྲིས་ཚབ་ནི་ཁྱི་ནག་གཏུམ། །བྱང་གཡག་རྒོད་པོའི་མཁྲིས་པ་སྟེ། །རྩ་ཁ་སྡོམ་ཞིང་ཤ་འུ་བསྐྱེད། །རུལ་གཅོད་མཁྲིས་ནད་སེལ་བར་བྱེད། །ལྡུམ་ནག་དོམ་མཁྲིས་ཞེས་བྱ་བའི། །ནུས་པས་རྨ་གསོ་ཤའུ་བསྐྱེད། །ཁྲག་གཅོད་རྨ་ཡི་ཚད་པ་གསོད།།
༈ ལྔ་པ་ཤིང་གི་སྨན་སྡེ་ལ། ཙན་དཀར་ཚབ་ནི་རི་བྱང་བལྟས། །སྲིབ་ཀྱི་ཆུ་མགོར་སྐྱེས་པ་ཡི། །ཤིང་དྲིལ་དཀར་པོའི་པུཥྤེ་སྟེ། །གློ་འཁྲུགས་སྟོད་ཚད་རིམས་སེལ་བྱེད། །རྫ་མཐོར་སྐྱེས་པའི་ཧོང་ལེན་གྱིས། །རྩ་བས་ཁྲག་སྐེམ་འཁྲུགས་ཚད་དང་། །དོན་ཚད་སེལ་ཞིང་སྲོ་ལོ་དཀར། །འདུ་ལས་གློ་ཚད་རྙོགས་ཚད་སེལ། །ཙན་དམར་ཚབ་ནི་མཛོ་མོ་ཤིང་། །ཁྲག་འཆག་འཇུ་ཞིང་ཁྲག་ཚད་སེལ། །ཨར་ནག་ཚབ་ནི་རོང་སྐྱེས་ཀྱི། །རྔས་ནག་རྩ་བ་ར་འདྲ་བ། །དྲི་ཞིམ་ཅན་དེ་ཨར་ནག་རིགས། །རོ་དང་ནུས་པ་གཅིག་པར་གསུངས། །ཨ་སྐྱ་དེ་མཚུངས་གོ་སྙོད་ལ། །ལྡུམ་བུ་གོ་སྙོད་དྲི་ནུས་མཚོན། །སེང་ལྡེང་ཚབ་ནི་སྐྱེར་བ་ཡི། །བར་ཤུན་ཆུ་སེར་འཇོམས་པའི་མཆོག །ཙི་ཊ་ཀ་ཚབ་དབྱི་མོ་དཀར། །མེ་ཏོག་ལོ་མས་མེ་དྲོད་བསྐྱེད། །ནུས་པས་སོ་ནད་གྲང་བ་སེལ། །བ་ལེ་ཀ་ཞེས་བྱ་བའི་ཚབ། །གུར་ཏིག་རོ་ཁ་མཁྲིས་ཚད་དང་། །མཆིན་ཚད་ལྷོག་ཚད་མགོ་གཟེར་འཇོམས། །ནིམ་པའི་ཚབ་ནི་སྐྱེ་དཀར་ཤིང་། །ནུས་པ་བསིལ་བཅུད་ཆུ་སེར་དང་། །ཚད་སྙིང་སེལ་བར་བྱེད་པའི་སྨན། །སླེ་ཏྲེ་ཀཎྚ་ཀ་རི་གཉིས། །རོ་ནུས་གཅིག་པར་རྒྱུད་ལས་གསུངས། །བྲང་མའི་རྩ་བས་ཤ་ཚད་དང་། །རྩ་ཚད་སེལ་ཞིང་བྱེར་བ་སྡུད། །བྱི་ཚེར་རླུང་ནད་ཀུན་ལ་ཕན། །སྒེར་དུ་ཕོ་གླ་ཞི་བར་བྱེད། །བསྐོལ་ཐང་ཚད་པའི་ལྕི་འཐིབ་སེལ། །ཤིང་ཚའི་ཚབ་ནི་ལྕ་རྒོད་ཀྱིས། །རྩ་བ་ལན་ཚྭའི་རོ་ལྡན་པ། །ཕོ་མཁལ་གྲང་རླུང་སེལ་བར་བྱེད། །སྟབ་སེང་ཚབ་ནི་དབྱར་བ་སྟེ། །རང་གི་ནུས་པས་རྒྱུ་ནད་སེལ། །ཤིང་ཀུན་ཚབ་ནི་ཀླུང་རྒོག་སྟེ། །རོ་ནི་མངར་ཚ་སྲིན་ནད་དང་། །སྙིང་དང་ཕོ་བའི་གྲང་རླུང་སེལ། །ལྡུམ་བུ་ཤིང་ཀུན་ཞེས་བྱ་བ། །དྲི་ཆེན་རོ་ཁ་སྲིན་ནད་སེལ། །ཏོང་ཀུ་ནག་པོའི་ལོ་མ་ཡིས། །ནུས་པས་གྲང་ནད་སྙིང་རླུང་འཇོམ། །སྤོས་དཀར་ཚབ་ནི་ལྷ་ཤུགས་གི། །ཐང་ཆུ་ལོ་ལོན་ཆུ་སེར་སྐེམ། །རྨར་བཏབ་རྣག་ཆུ་ཕྱི་ལ་འབྱིན། །གྱི་ལྕེ་ནག་པོའི་ཡན་ལག་གི། །སྐྲང་བ་འཇོམ་ཤིང་ཆུ་སེར་སྐེམ། །གུ་གུལ་ཚབ་ནི་གཟའ་ལྡུམ་སྟེ། །མགོ་དགུ་ཞེས་པའི་ནུས་པ་ཡིས། །གཟའ་ལ་གཟའ་དུག་ནག་པོ་ཟེར། །བགེགས་ལ་གུ་གུལ་ནག་པོ་ཟེར། །རྨ་ལ་ཡན་ལག་བཅད་འབྱོར་ཟེར། །གཉན་ལ་གཟེར་འཇོམ་ནག་པོར་གྲགས། །གཉན་འདུལ་བ་ནི་རོ་ཁ་ཚ། །ནུས་པས་ཚད་རྙིང་གག་སྲིན་འདུལ། །རྒྱ་སྐྱེག་ཚབ་ནི་ལཀྵ་ཞེས། །བཅོས་དྲུང་འགྲམ་གྱིས་ཚད་པ་སེལ། །མོན་ཆ་ར་ཞེས་བྱ་བའི་ཚབ། །རི་སྟོད་མོན་ཆུང་སེག་བརྡར་རིས། །རྩ་བས་འཁྲི་བ་གཅོད་པར་བྱེད། །ན་ག་གེ་སར་ཞེས་པའི་ཚབ། །ཨུཏྤལ་སྔོན་པོ་རོ་མངར་བསྐ། །དྲི་བསུང་ངད་ལྡན་གློ་མཆིན་གྱི། །ཚད་རིགས་འཇོམས་པའི་དཔའ་བོ་ཡིན། །པདྨ་གེ་སར་ཚབ་ཏུ་ནི། །ཨ་ཀྲོང་གློ་མང་སོར་བ་འགགས། །པུཥྤེ་གེ་སར་ཞེས་བྱ་བ། །ཚབ་ནི་ལ་སྐྱེས་ཏོང་ཀུ་ཡིན། །གོ་སྙོད་འདྲ་བའི་དྲི་བཟང་སྟེ། །རོ་ནི་ཁ་ལ་དྲི་བསུང་ཞིམ། །རང་གི་ནུས་པས་སྙིང་ཚད་སེལ། །ཨ་རུས་ཚབ་ནི་འོམ་བུ་ཡི། །ལོ་འབྲས་ལྡོང་པོ་གང་ཡང་རུང་། །ནུས་པས་དུག་ཚད་འདུ་བའི་ནད། །རྙིང་ཞེན་ནད་རྣམས་སྡུད་པའི་མཆོག །ལྡུམ་བུ་རྡོ་རྗེ་མཆུ་ཞེས་པ། །རྩ་བ་རོ་བསྐ་མངར་ཁ་སྐྱུར། །རིམ་རྙིང་ཁྲག་དང་མིག་ནད་སྲིན། །གློ་ནད་བྲང་དང་རྩིབ་ལོག་གི། །གཟེར་དང་ཆུ་སེར་ཚིག་བབས་འཇོམས། །འདུས་པའི་ནད་ཀུན་སེལ་བར་བྱེད། །བ་རུའི་ཚབ་ནི་སེ་ཐོག་སྟེ། །ནུས་པས་བད་མཁྲིས་མགོ་ནད་སེལ། །འདུས་ནད་སྨུག་པོ་མཆིན་ནད་སེལ། །ཆུ་སེར་ཚ་བ་སྐེམ་པའི་མཆོག །སྐྱུ་རུའི་ཚབ་ནི་བ་ཤ་ཀ །རོ་ནི་ཁ་ལ་ནུས་པ་བསིལ། །རང་གི་ནུས་པས་ཚད་རིགས་ཐུབ། །མདོར་ན་མཁྲིས་ཚད་ཁྲག་མཁྲིས་སེལ། །སྙིང་ཞོའི་ཚབ་ནི་ཕང་མའི་འབྲུ། །རང་གི་ནུས་པས་སྙིང་ཚད་འཇོམས། །སྦ་ཡག་འབྲས་བུའི་སྙིང་ཚད་འཇོམས། །མཁར་ཞོའི་ཚབ་ནི་བྱི་ཚེར་འབྲུ། །རོ་ནི་ཁ་ལ་མངར་བ་ཡིན། །ནུས་པས་རིམས་ནད་ལྕི་འཐིབ་དང་། །མཁལ་མའི་ཚད་པ་སེལ་བར་བྱེད། །མཁལ་སྲན་འབྲས་བུ་མངར་ཁ་བསྐ། །གླ་གོར་ཞོ་ཤའི་ཚབ་མཚོ་ལྡུམ། །སྤང་སྐྱེས་འབྲས་བུ་མཚེར་ནད་སེལ། །མཆིན་པ་ཞོ་ཤའི་ཚབ་ཏུ་ནི། །སྲི་ལུངྐ་ཡི་མེ་ཏོག་གི། །རོ་ནི་མངར་ཁ་མཆིན་ནད་སེལ། །རྩ་འདྲུབ་ཆུ་སེར་སྐེམ་པར་བྱེད། །སེ་རྒོད་འབྲས་བུས་མཆིན་ཚད་དང་། །དུག་དང་སྨུག་པོ་འཇོམས་པའི་མཆོག །ཨ་འབྲས་ཚབ་ནི་རྒྱ་ཤོད་ཀྱི། །གཟེ་མའི་འབྲུ་བཟང་གྲེ་མ་ཡང་། །མཁའ་སྐེད་གྲང་བ་རླུང་སྤྱི་འཇོམས། །འཇམ་འབྲས་ཚབ་ནི་ཀླུང་སྐྱེས་ཀྱི། །ཉེར་ཤིང་འབྲས་བུས་རོ་ཙ་བྱེད། །ཆུ་སེར་གྲང་བའི་ནད་རིགས་སེལ། །ས་འབྲས་ཚབ་ནི་ཀླུད་ཤོད་དུ། །སྐྱེས་པའི་ར་མྱེའི་འབྲུ་སྨིན་ལགས། །དཔྱི་སྐེད་མཁལ་མའི་དྲོད་སྐྱེད་ཕྱིར། །སརྫི་ཀ་ཡི་མེ་དྲོད་བསྐྱེད། །ཕོ་རིལ་ཚབ་ནི་སྲིབ་གའི་འབྲུ། །རོ་ནི་ཚ་ལ་རབ་ཏུ་ཚ། །ནུས་པས་དྲོད་བསྐྱེད་གྲང་སྲིན་འཇོམས། །པི་ལིང་ཚབ་ནི་ཀླུང་ཤམ་དུ། །སྐྱེས་པའི་མེ་ཏོག་ལྕེ་ཚ་བ། །རོ་ནི་ཚ་ལ་ནུས་པ་ཡིས། །གྲང་སྲན་དྲི་ཆུ་འགག་པ་སེལ། །བྱི་ཏང་ཀ་ཚབ་སྲིན་ཤིང་འབྲུ། །ནུས་པས་སྲིན་གསོད་མེ་དྲོད་བསྐྱེད། །ཕུར་སྨུག་སྲིན་གསོད་མེ་དྲོད་བསྐྱེད། །ཕུར་སྨུག་ཕོ་ལོང་སྲིན་གསོད་བྱེད། །མ་རུ་རྩེ་ཚབ་ཤིང་རིགས་ཀྱི། །ཕུར་སྨུག་མེ་ཏོག་སྔོན་པོ་ཅན། །དེ་ཡི་པུཥྤེ་བཟང་པོ་ཡིས། །ནུས་པས་སྲིན་གསོད་ཕོ་གླང་འཇོམས། །གོ་བྱིའི་ཚབ་ནི་གླ་རྒང་བའི། །མེ་ཏོག་ལོ་མ་བཅས་པ་ཡིས། །ཕོ་སྲིན་རིམས་ནད་དག་ལ་ཕན། །ད་དྲིག་ཚབ་ནི་རམ་དམར་ཞེས། །ཀླུང་གི་དྲ་མོན་རྩ་བ་སྟེ། །རོ་ནི་མངར་ཁ་འཁྲུ་བའི་རིགས། །ཚ་གྲང་མེད་པར་གཅོད་པར་ནུས། །སྨན་གི་ཚབ་ནི་ན་རམ་པ། །རྩ་སྒོ་འགག་ཤིང་འཁྲུ་བ་གཅོད། །ཀ་པེད་ཚབ་ནི་བྱ་རྐང་བ། །ཆེ་བའི་པུཥྤེས་ཚད་འཁྲུ་གཅོད། །པོ་ཆའི་ཚབ་ནི་ལྡུམ་པོ་ཆ། །ཞེས་པ་སྟག་མའི་ཡུང་རྡོག་སྟེ། །བད་ཀན་ལ་སོགས་ནད་ཀུན་སྐྱུགས། །དནྚའི་ཚབ་ནི་ཐར་ནུ་ཡི། །རྩ་བ་ཁྲིག་པོའི་དྲག་པོར་སྦྱོང། །ཤྲི་ཁཎྜ་ཞེས་པའི་ཚབ། །ཐར་ནུ་ཆེ་དང་ཁྲོམ་བུ་བཟང་། །དུས་བསྐོས་རྩ་བ་དམར་ཟལ་ཆུས། །ཁཎྜ་བསྐོལ་བ་ཤྲི་ཁན་ཞེས། །མཁྲིས་ནད་སྦྱོང་བར་བྱེད་པའི་མཆོག །དོང་གའི་ཚབ་ནི་ཐར་ནུ་དང་། །སྔོན་བུ་ཐར་ཆུང་གསུམ་པོ་དེ། །དུས་བསྐོས་བ་ཆུས་བསྐོལ་དུལ་ཉིད། །སྦྱོར་བའི་དོང་ག་འཇམ་བཤལ་བསྔགས། །སོ་མ་ར་ཙ་དག་གི་ཚབ། །ཚར་འབྲུམ་ཆུ་སེར་ཡན་ལག་བྱེར་བ་སྡུད། །ཐ་ག་རྡོ་རྗེའི་ཚབ་ལྡུམ་བུ། །རྩ་མིག་ཅེས་པ་རྨ་འབྱོར་བྱེད། །མཁྲིས་པའི་ཟ་ཕྲུག་སེལ་བའི་མཆོག །བཅུད་སྡེབ་བྱུང་ན་རོ་ཙ་བྱེད། །བསེ་ཡབ་ཚབ་ནི་ལྕུམ་སྡོང་གི། །འབྲས་བུ་རོ་ནི་སྐྱུར་ལ་རྩུབ། །ནུས་པས་བད་ཀན་འཇོམས་པར་བྱེད། །སེ་འབྲུའི་ཚབ་ནི་སྐྱེ་དཀར་གྱི། །འབྲས་བུས་ཕོ་བས་མེ་དྲོད་བསྐྱེད། །བད་ཀན་སེལ་ཞིང་ཡིད་ག་འབྱེད། །རྒུན་འབྲུམ་ཚབ་ནི་མངར་སེའུ། །འབྲས་བུ་དམར་སྨུག་རོ་མངར་སྐྱུར། །གློ་བའི་ནད་དང་བད་ཀན་སེལ། །གོ་ཡུའི་ཚབ་ནི་པྲེ་གའི་འབྲུ། །སྨིན་ལེགས་མཁལ་མས་ནད་སེལ་བྱེད། །གོ་སྙོད་འབྲས་བུས་སྙིང་ནད་སེལ། །རྒྱ་ཏིག་བལ་ཏིག་གཉིས་ཀྱི་ཚབ། །སུམ་ཅུ་ཏིག་སོགས་ཏིག་ཏའི་རིགས། །ཕྱོགས་གཅིག་བསྡུས་པའི་ཁཎྜ་འམ། །མང་ཙམ་འཚོགས་པར་བྱས་ཀྱང་རུང་། །རོ་ཁ་ནུས་པ་བསིལ་ལ་རྩིབ། །ནུས་པས་ཁྲས་མཁྲིས་ཚད་པ་སེལ། །བ་ཤ་ཀ་ཡི་ཚབ་ཡོངས་གྲགས། །གཡུ་སྡོད་གསེར་འགོས་ཁྲག་ཚད་སེལ། །རོ་ནི་ཁ་ལ་ནུས་པ་བསིལ། །གསེར་སྐུད་ཚབ་ནི་སྤང་ཐང་བལ། །གློ་མཆིན་རྩ་ཚད་དུག་ཚད་སེལ། །མ་ནི་པ་ཊའི་ཚབ་མེ་ཏོག །ལུག་ཆུང་ནུས་པས་རིམ་དུག་དང་། སྨུག་པོའི་རྩ་ཚད་སེལ་བའི་མཆོག །པུཥྐར་མུ་ལའིོ་ཚབ་ཁམ་རུས། །ནུས་པས་རྣམ་དྲོད་འདུ་བ་སྙོམ། །གྲང་རླུང་སེལ་ཞིང་བད་ཀན་བཤིགས། །སྒ་སྐྱའི་ཚབ་ནི་དབྱི་མོང་དཀར། །མེ་ཏོག་པ་དྲས་ལོང་སྲན་སེལ། །གྲང་བ་འཇོམས་ཤིང་ཚ་བ་བསྐྱེད། །སྒ་དམར་ཚབ་ནི་དབྱི་མོང་ནག །པུཥྤེ་རོ་ཚ་ཡིད་ཙམ་མངར། །རང་གི་ནུས་པའི་དྲོད་བསྐྱེད་ཅིང་། །སྐྲན་རིགས་འདུལ་ལ་ཆུ་སེར་འདྲེན། །གྲང་བ་དྲུངས་འབྱིན་མཁྲིས་པ་བསྐྱེད། །ཡུང་བའི་ཚབ་ནི་ཀྱི་ལྕེ་དཀར། །རྩ་བའི་ནུས་པས་དུག་ཚད་སེལ། །གཉན་དང་ལྷོག་པའི་ནད་ལ་བསྔགས། །ཤུ་དག་ཚབ་ནི་ལྡུམ་རར་འཛུག །ས་ལུ་ལྗང་པ་ཞེས་བྱ་བ། །ནུས་པས་གག་ལྷོག་གཉན་ནད་གདོན། །ཆུ་སེར་ནད་ཀུན་འཇོམ་པར་བྱེད། །ཁྱུང་སྡེར་དཀར་སྨུག་གཉིས་ཀྱི་ཚབ། །བོད་སྐྱེ་སྔོ་སྐྱེས་དཀར་སྨུག་གཉིས། །རོ་དང་ནུས་པ་གཅིག་པར་བཤད། །ཤིང་མངར་ཚབ་ནི་འདམ་བུ་དཀར། །གློ་མཆིན་རྩ་ཚད་སེལ་བའི་མཆོག །དུར་བྱིན་ཚབ་ནི་བྱང་ཐང་དུ། །སྐྱེ་བའི་ཁྲོན་བུ་བོར་རིང་བ། །དེ་ཡི་རྩ་བ་དུས་བསྐོས་ནི། །དུར་བྱིན་དངོས་ཡིན་ནུས་པ་རྣོ། །བོང་ང་དམར་སེར་གཉིས་ཀྱིས་ཚབ། །གོང་གསལ་ལྡུམ་བུ་བོང་ང་དམར། །རོ་མཚུངས་སེར་བོ་ལྡུམ་བོང་སེར། །དཔའ་བོ་དཀར་པོ་ཞེས་པའི་ཚབ། །རྫ་ཤར་སྐྱེ་བའི་ཨ་བི་ཥ། །ནུས་པས་དུག་རིགས་ཤ་ནད་སེལ། །དཔའ་སེར་ཚབ་ནི་གངྒ་ཆུང་། །པུཥྤེ་དུག་རིགས་འཇོམས་པར་བྱེད། །དཔའ་རྒོད་ཚབ་ནི་ཁྲོག་ཆུང་བ། །དུག་རིགས་ཤ་ནད་ཁྲག་མཁྲིས་སེལ། །སུ་མི་དམར་སེར་གཉིས་ཀྱི་ཚབ། །ལྡུམ་བུ་བོང་དམར་དུག་ཚད་སེལ། །གླ་སྒང་ཚབ་ནི་སྔོ་གླ་སྒང་། །པུ་ཤེལ་རྩེ་ཚབ་ལྡུམ་བུ་ནི། །སོག་ག་བ་ཡིས་སྐྱུག་པ་གཅོད། །ལྡུམ་སྟག་ཚབ་ནི་གླ་སྒང་བས། །ཕོ་སྲིན་རིམས་ནད་འཇོམས་པའི་མཆོག །མིང་ཅན་སྔོན་པོ་ཞེས་བྱ་བས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །ཁྱད་པར་དུག་ནད་གཟེར་རིགས་འཇོམས། །དགུ་ཐུབ་ཚབ་ནི་ཉུང་མ་ཡི། །ས་བོན་ལོ་དགུ་ལོན་པ་ཡིས། །དུག་ནད་སྐྱུག་ལ་བདུད་རྩི་འདྲ། །གསེར་མེ་ཚབ་ནི་སེ་བ་ཡི། །མེ་ཏོག་སེར་དཀར་མཁྲིས་ནད་སེལ། །དུག་ཉུང་ཚབ་ནི་ལྡུམ་དུག་ཉུང་། །མཁྲིས་པའི་ནད་སེལ་ཚ་འཁྲུ་གཅོད། །འུ་སུས་ཚབ་ནི་འཇིབ་རྩི་བ། །མེ་ཏོག་དཀར་པོ་པུཥྤེ་ཡིས། །ཕོ་བའི་ནད་ཀུན་སེལ་བར་བྱེད། །ཟི་ར་དཀར་པོ་ཞེས་བྱའི་ཚབ། །ལྡུམ་བུ་ལྕགས་ཀྲུས་འབྲས་བུ་དང་། །བོད་ཀྱི་ལྡུམ་བུ་ཟི་ར་དཀར། །འབྲས་བུའི་ནུས་པས་བད་ཀན་དང་། །མ་ཞུས་ནད་རྣམས་སེལ་བར་བྱེད། །ཟི་ར་ནག་པོའི་ཚབ་བོད་སྐྱེས། །ལྡུམ་བུ་ཟི་ར་ནག་པོ་ཡིས། །ནུས་པས་ཕོ་བའི་ནད་ཀུན་སེལ། །ལ་ལ་ཕུད་ཀྱི་ཚབ་ནི་ལྡུམ། །འཇིབ་རྩི་ཆེ་བ་རྒྱ་ཤོད་ཀྱི། །ཉིན་སྐྱེས་མེ་ཏོག་སྔོན་པོ་ཡིས། །མཆིན་པའི་གྲང་བ་སེལ་བར་བྱེད། །གཡི་མོང་ནག་པོ་ཆུང་བ་ཡི། །རྐང་བའི་འབྲུ་ཡིས་མེ་དྲོད་སྐྱེད། །ཡུང་དཀར་ཚབ་ནི་ཀོ་ཚ་འབྲུ། །ནུས་པས་བགེགས་འདུལ་སྐྲང་ལྷོག་འཇོམས། །པ་ཏོ་ལ་ཚབ་ས་སྐྱེས་ཀྱི། །ཁུར་མོང་མེ་ཏོག་སེར་པོ་ཅན། །སྲིན་ནད་སེལ་ཞིང་ཡིད་ག་འབྱེད། །གསེར་ཕུད་ཚབ་ནི་སྐྱེར་བའི་འབྲུ། །ནུས་པས་མཁྲིས་པ་གྱེན་ལ་འདྲེན། །གཡེར་ཤིང་ཚབ་ནི་སྤང་རྒྱན་སྔོ། །རྨ་གསོ་འབྲུམ་ནག་ཕྱི་ལ་འཕུལ། །སྨག་གི་ཚབ་ནི་རྩད་པ་རྩོད། །རང་གི་ནུས་པས་དུག་ཚད་སེལ། །གཡེར་མའི་ཚབ་ནི་བྱི་རུག་པ། །ནུས་པས་འབུ་སྲུང་སྲིན་འཕེལ་སེལ། །རྨེ་རུ་འོལ་མོ་སེ་དང་མཉམ། །མོ་ནད་རྩ་ནད་མངལ་སྐྱོན་འཇོམས། །ཆུ་སྲིན་སྡེར་མོ་ཞེས་པའི་ཚབ། །སྦལ་སེའི་ནི་བེ་ཞབས་བཅུ་གསུམ་༼སྔོ་སྦལ་པ་ལག་པ་ཡིན་ནམ་དཔྱད༽། །ཞེས་པས་སྨད་ནད་ཆུ་འགགས་སེལ། །སྡིག་སྲིན་ཚབ་ནི་འབུ་སྐྱོག་སྟེ། །སྲིན་སེལ་དམུ་ཆུ་སྦྱོང་བར་བྱེད། །གསོར་ལྡེས་པ་ཡི་ཆུ་འགགས་སེལ། །བྱང་བའི་ཚབ་ནི་ཁུག་རྟའི་བྲུན། །ནུས་པས་རྩ་སྦྱོང་དམར་བཤལ་འཇོམས། །སྲན་རིགས་བསྡུས་པའི་ཁཎྚ་ཡིས། །དམུ་རྫང་སྦྱོང་བྱེད་སྨན་གྱི་མཆོག །ལྕགས་སྦྲུལ་ཚབ་ནི་རྩ་ཨ་བ། །བྱང་བལྟས་བྲག་ལོག་སྐྱེས་པ་ཡིས། །ནུས་པས་མིག་ནད་སེལ་བར་བྱེད། །བསེ་རུས་ཚབ་ནི་ཁ་ཤ་འམ། །ཤ་རྭ་པོག་ཐམ་གང་རུང་དེས། །བྱང་ཁོག་རྐག་ཁྲག་ཆུ་སེར་སྐེམ། །གང་སྦལ་ཤ་ཚབ་དགུན་སྟོད་ཀྱི། །ཕོ་སྲམ་ཚང་ལ་མ་ཞུགས་པའི། །ཚང་རའི་མཇུག་ཏོས་རོ་ཙ་བྱེད། །མཆིལ་པའི་ཤ་ཡང་དེ་དང་མཚུངས། །བསེ་ཀོ་ཚབ་ནི་གླང་རོག་གི། །ཐུག་པོའི་གཉའ་ཀོ་མེ་མུར་དུ། །སེར་ཙམ་བསྲེག་པ་ནུས་པ་མཚུངས། །རྒྱ་ཚྭའི་ཚབ་ནི་ཟེ་ཚ་སྟེ། །ནུས་པས་རྡེའུ་བཤིགས་ཆུ་ལམ་འབྱོང་། །རྒྱམ་ཚའི་ཚབ་ནི་བྱང་ཚ་འོ། །ལྕེ་མྱང་ཚྭ་ཚབ་བྱང་ཚྭ་དམར། །ལྦ་ཚྭའི་ཚབ་ནི་ས་ཕུག་ལ། །ཆགས་པའི་བ་ཚྭ་དཀར་པོ་རུང་། །ཞེས་སོ།།
ལྡུམ་སྨན་འདི་རིགས་སྐྱེ་བའི་གནས། །དུས་དང་བསྟུན་ནས་སྐམ་གསེད་དང་། །སོ་རྙིང་བརྗེས་དང་དུག་འདོན་པ། །འཇམ་བཙལ་འཕྲོད་པར་སྦྱར་བ་སྟེ། །རྣམ་པ་བདུན་དུ་གསུངས་པ་ལྟར་། །ལག་ལེན་རྒྱུད་བསྟན་ལྟར་དུ་བྱ། །དེ་དག་གནད་ཀྱི་གདམས་པ་འོ། །ཅེས་པ་འདི་ནི་རང་བློས་མུན་ཁུང་འབེན་བརྡེག་ལྟ་བུ་ནི་མ་ཡིན་པར་མཁས་པ་ཆེན་པོ་ལོ་ཙ་བ་རྣམ་བཞི་སོགས་ཀྱིས་བསྒྱུར་བའི་འཁྲུངས་དཔེ་ཡོངས་གྲགས་དང་། རྗེ་གཡུ་ཐོག་ཡོན་ཏན་པས་མཛད་པའི་སྔོ་འབུམ་ལེ་ཚན་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དང་། དེ་དག་ཞིབ་དུ་འཆད་པ་རྗེ་ཟུར་མཁར་བའི་མེས་པོའི་ཞལ་ལུང་སོགས་དང་། མི་རྗེའི་བེེཌཱུར་སྔོན་པོ། དེའུ་དམར་དགེ་བཤེས་ཀྱི་དྲི་མེད་ཤེལ་འཕྲེང་རྩ་འགྲེལ། དྷརྨ་ཀ་རའི་ཞལ་སློབ་གླང་སྨན་བཀྲ་འབུམ་པའི་ནུས་པ་རྐྱང་སེལ་འདྲ་ཚབ་སྐོར་རྒྱུད་ཀྱི་ནུས་པ་རྐྱང་སེལ་སོགས་མདོར་ན་ཡིད་ཆེས་ཁུངས་བཙུན་གཞིར་བཞག་མཐོང་རྒྱུད་ཀྱི་ལག་ལེན་དང་། སློབ་དཔོན་མཁས་པའི་ཞལ་ཤེས་ཀྱི་ཟུར་རྒྱན་རོ་ནུས་ཞུ་རྗེས་བྱེད་ལས་རྩི་ཐང་དངོས་དང་ཕྱོགས་མཚུངས་པའི་རིགས་མཐོང་རྒྱུད་གཙོ་བོར་བསྟན་ནས་བྲིས་པའོ།།
༄༅། །གསེར་ཐལ་མཛེ་སྨན།
གསེར་ཐལ་མུ་དངུལ་སྟར་བུ་མུ་མེན་དང་། །སྒྲོན་ཤིང་དེ་བ་ད་རུ་གུ་གུལ་དང་། །སྟག་ཤ་སེང་ལྡེང་ཁཎྜ་ཟངས་ཐལ་དང་། །གི་ཝཾ་ཙན་དན་དཀར་པོ་དྲི་ཆེན་དང་། །བཟང་དྲུག་ཆུ་སེར་སྨན་གསུམ་ཁྱུང་ལྔ་སྦྱར། །རིལ་བུ་གཅིག་གཉིས་གསུམ་དུ་བསྐྱེད་ལ་བཏང་། །ལས་ཀྱི་རྣམ་སྨིན་ཡིན་ཀྱང་ཚེ་འདིའི་མཛེ། །ངེས་པར་བཤོལ་ཐེབ་ཀླུ་གདོན་ཐམས་ཅད་འཇོམས། །སྟེང་འོག་གདོན་དང་ཆུ་སེར་ལས་གྱུར་ནད། །མ་ལུས་དྲུངས་འབྱིན་སྨན་གྱི་རྒྱལ་པོ་སྟེ། །སྦྱོར་བ་འདི་ལས་ལྷག་པ་གཞན་ན་མེད། །རྒྱུད་ལ་བསྟེན་ནས་མ་ཏིའི་བློ་མཚོར་སྣང་། །ཟབ་པོ་གསང་ངོ་གཏད་དོ་ས་མ་ཡཿ
༈ བསིལ་གསུམ་རྒུན་འབྲུམ་ཤིང་མངར་གླ་སྒང་དང་། །སྤང་རྒྱན་སྲོ་ལོ་དཀར་པོ་ཀ་ར་སྦྱར། །ལུད་པ་སྐད་འགག་གྲེ་བ་ཚ་བ་སེལ། །གྲེ་ཚད་ཚེ་ན་ཙན་དན་དཀར་པོ་དང་། །ཚར་བོང་བསྣན་བྱ་སྨན་འདིས་སྐད་ཀྱང་བདེ། །ཡང་ན་ཅི་གུར་ལི་ཤི་ཙན་དཀར་བསིལ་བཞི་དང་། །ཤིང་མངར་དཀར་ར་ལིག་མུར་རྒུན་འབྲུམ་མངར་བཞི་སྤང་རྒྱན་དང་། །སྲོ་ལོ་ཚར་བོང་གླ་སྒང་ལྡུམ་བཞི་སྟེ། །བཅུ་གཉིས་པ་འདིས་གྲེ་ཚད་ལུད་པའི་ནད། །ཀུན་སེལ་མི་ཕམ་རྣམ་པར་རྒྱལ་བས་སོ། །
༈ སེ་འབྲུ་ཉེར་ལྔ་ནི། སེ་འབྲུ་བཟང་དྲུག ཚ་བ་གསུམ། འབྲས་བུ་གསུམ། འབྲི་གཅེས་སུ། རྒྱ་རྒྱམ་ཁ་ཟེ་ཚ་མགྲོན་ཐལ་ཤིང་ཚ་ན་ལེ་ཤམ། ཀ་པེད་མ་ནུ་ཏིག་ཏ་ཧོང་ལེན་རུ་རྟ་ཀ་རའི་རྟ་སྦྱར་གསུང་འབྲས་གསུམ་མན་འདྲ། ཆུ་བསྐོལ་ཚ་མོས་དབུལ་མ་ཞུ་དྲོད་ཉམས་དྭངས་མ་འདྲིས་ཕོ་ནད་གཅོང་སོགས་གྲང་བའི་ནད་ཀུན་སེལ་གསུངས།།
གཉེན་པོ་གསུམ། བྲག་ཞུན། པྲི་ཡང་ཀུ། རྒྱམ་ཚྭ། ཁ་རུ་ཚྭ། རུ་རྟ། གསེར་མེ། ལྕུམ་རྩ། ད་ལི། ཅོང་ཞི་རྒོད་བཏུལ། བུར་དཀར་སྦྱར། སྐྱ་བོ་གཅོང་རིགས་གྲང་ནད་དྲུངས་ནས་འབྱིན། འདི་རྣམས་གཞིར་བྱས་འཕྲུལ་ཏེ་དཔྱད་པས་འགྲོ་བའི་ནད་ཀུན་མྱུར་དུ་ཞི་བར་ཤོག སྤྲིད་པས་དེས་ཤི་དོགས་ཀྱང་ས་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་དགུ་ལ་བྲིས་པ་དགེཿ
ཆུ་སེར་སོགས་བྱུག་པ་སྤྱི་སྨན་མང་སྦྱོར། ཨ་རུ། ཤུ་དག་བོང་ང་། ཆུ་སེར་སྨན་གསུམ། སྒ་སྐྱ། གོ་སྙོད། རུ་རྟ། ཐར་ནུ། ཆུ་རྩྭ། བུལ་ཏོག ཚྭ། ཕབས། མུ་ཟི། སེང་ལྡེང་ཁཎྜ། ཁང་རྒན་དུད་པ། རྟ་རྨིག་བཙའ་མ། རེ་ལྕགས་བསྲེགས་ཐལ། རྭ་གཞོབ་རྣམས་དང་། སྔོ་ཡི་ཚ་བ་གསུམ། སྟག་ཤ བྲག་ཞུན། ཀྱི་ལྕེ་དཀར་པོ་རྣམས་བྱུག་པས། ཆུ་སེར་དྲེག་གྲུམ་སོགས་དང་། ལྤགས་ནད་རིགས་དྲུངས་ནས་འབྱིན། འདི་མར་རྙིང་ངམ་ཕག་ཚིལ་སྦྱར་ཏེ་བྱུག ཡང་ན་ཕག་ཚིལ་སྦྱར་བྱུག་གང་ཡང་ཉི་མ་འམ་མེར་བསྲོ་ཡང་ཡང་བསྐུ་མཉེ་བྱ། ཟ་ཕྲུག་སོགས་ལ་སྔོན་བུ་བོང་ཆེར་བསྣན། ཞོ་སྦྱར་བྱུག འདི་སྟེང་བ་བླ་ལྡོང་རོས། མཚུར་ནག སྤྲུ་ནག གུ་གུལ་སྦྱར། འཕྱི་བ་འམ་ར་ཚིལ་ཞུན་མས་བྱུག་སྟེ་མེ་འམ་ཉི་མར་བསྲེགས་ན། ཤུ་བ་རྨ་རོ་ཐོན། སྐྲངས་རིགས་ལ་ཆུ་སྦྱར་བྱུག་པས་སེལ་ལོ། །མི་ཕམ་པས་ཕྱོགས་བསྡུས་སོ། །དེ་སྟེང་དུང་འགྲོན་ཐལ། མི་རྟ་ཁྱི་རུས་བསྲེགས་པ། ར་དུག་པ་བཅས་བསྣན་ན་བཟང་། ཙནྡྷ་མར་ཁུར་སྦྱར་བྱུག་བཟང་། དགེའོ།།
༈ གཏར་གནས་རྩ་པྲ་ཉུང་ངུར་དྲིལ་བ་བཞུགས། རྣམ་ཀུན་མཆོག་ལྡན་རྒྱལ་ཀུན་དགོངས་པའི་ཀློང་། །རྣམ་མང་འགྲོ་ལ་བརྩེ་བས་གཟུགས་ཀྱི་སྐུའི། །རྣམ་པར་བཞེངས་པ་སྐྱབས་མགོན་བླ་མ་རྗེ། །རྣམ་འདྲེན་སྨན་རྒྱལ་ཐ་མི་དད་ལ་འདུད། །གཞན་རྗེས་འཛིན་པའི་གསོ་རིག་ལྗོན་པ་ཆེའི། །གསོ་ཐབས་ལག་ལེན་ཡལ་འདབ་བཀྲ་མཛེས་དབུས། །དཔྱད་མཆོག་གཏར་གྱི་གདབ་མིག་ཨ་མྲའི་འབྲས། །མྱང་འདོད་རྒྱུ་དྲུག་ཚོགས་ལ་སྦྱིན་པར་བྱ།།
དེ་ཡང་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ། །སྔོན་འགྲོ་ཞག་བདུན་ལྔ་འམ་གསུམ་གོང་ནས།་།འབྲས་གསུམ་ཐང་གིས་ནད་ཁྲག་ཟུངས་ཁྲག་དབྱེ། །མ་སྨིན་སྨིན་པར་བྱས་ནས་རླུང་ཚད་འབྱེད། །སླེ་དྲེས་ཐང་བཏང་བད་ཁྲག་འབྱེད་པ་ལ། །མ་ནུ་སླེ་ཏྲེས་ཐང་བཏང་འཐབ་པ་དང་། འདུས་ནད་འབྱེད་པར་བྱེད་པ་སྐྱུ་རུའི་ཐང་། །ཁྲག་མཁྲིས་འབྱེད་ལ་བ་ལེ་ཀ་སླེ་ཏྲེས། །ནད་ཁྲག་རྩར་དྲང་པི་པི་ལིང་གི་ཐང་། །སོ་སོའི་སྨིན་ཐང་ཞིབ་པར་རྒྱུད་བཞིན་སྦྱར། །བསྙལ་སོགས་གཏར་གྱི་ལེའུར་ཤེས་པར་བྱ།།
དངོས་གཞི་གཞལ་ཚད་གདབ་པའི་མིག་གཉིས་ལས། །ཕུན་དོ་སོར་གང་སོར་དོ་ཚོན་གང་སྟེ། །སོར་དྲུག་མཛུབ་གང་བཅུ་གཉིས་མཐོ་གང་ལ། །མཐོ་དོ་ཁྲུའོ་གདབ་མིག་མགོ་ལག་པ། །རྐང་པ་སྦུབ་དང་བཞི་རུ་བསྟན་པ་ལས། །ཕྱི་རྒྱུད་གཏར་གྱི་དམིགས་ལ་དོན་དགུ་སྟེ། །མགོ་ལ་ཉེར་གཅིག་ལག་པར་སོ་བཞི་དང་། །འདོམ་རྩ་གཉིས་སྡོམ་ལག་པར་སོ་དྲུག་སྟེ། །རྐང་པར་བཅོ་བརྒྱད་སྦུབ་བཞི་དོན་དགུའོ། །ཐོག་མར་སྨིན་མཚམས་གཡས་གཡོན་སྨིན་མའི་སྟེང་། །ཚོན་རེ་བཙལ་ནས་གྱེན་དུ་ཚོན་རེའི་ས། །གཡས་གཡོན་གསེར་མདུང་དངུལ་མདུང་ཞེས་དཔྲལ་རྩ། །སྤྱི་གཙུག་སྐྲ་འཁྱིལ་མཚམས་ནས་ཚོན་གསུམ་ན། །ལྟག་པའི་སྡུད་སྒོ་གཡས་གཡོན་གྱེན་གསེབ་ཏུ། །སོར་གསུམ་རེ་བཙལ་ལྟག་རྩའི་གཏར་གནས་ཡོད། །སྐྲ་མཚམས་གྱེན་སོར་བཞི་ལ་མཚོག་གསང་གཏར། །ལྕེ་ཡི་འོག་དུ་ལྕེ་རྩའི་གཏར་གནས་གཉིས། །མ་མཁལ་འོག་ནས་ཐུར་དུ་སོར་བཞི་འམ། །ཡང་ན་འོག་ནས་ཨོལ་གོང་མིད་པའི་ཡར། །གྱེན་དུ་ཕུན་བཞི་ཕྱི་རུ་ཕུན་དོ་ན། །གློ་སྙིང་འདོམ་པའི་ཁྲག་རྩ་རྩེ་ཆུང་ཡོད། །སྐེ་སྟོང་ཙ་ར་ཁུང་ནས་གྱེན་སོར་གང་། །གཞལ་བའི་ས་སྟེ་ཐོང་རྩའི་གཏར་མིག་ཡོད། །རྣ་བའི་བུག་མདུན་ཚོན་གང་གྱེན་ཚོན་གང་། །མུར་གོང་འཕར་རྩ་མིག་གི་འབྲས་ཟུར་ནས། །ཕུན་བཞིིིི་ཕྱིར་བཙལ་མིག་རྩའི་གཏར་གནས་ཡིན། །སྣ་ཡི་རྩེ་མོ་སྣ་རྩའི་གཏར་བའི་གནས། །རྣ་བུག་ནས་ཕྱིར་ཚོན་གང་གཞལ་བ་ན། །རྣ་བའི་ཕྱི་ལྗོན་ནང་ངོའི་ནང་ལྗོན་རྩ། །མུར་གོང་ཕྱི་ཟུར་ཕུན་དོ་ལྟག་རལ་རྩ། །འགྲམ་རུས་འབུར་སྟེང་སོ་རྩ་འཕར་བ་གཏར། །དེ་དག་མགོ་ཡི་གཏར་གནས་ཉི་ཤུ་གཅིག །
༈ གྲེ་གོང་སོར་བཞི་གྱེན་གཞལ་དཔུང་རྩ་གཏར། །མཆན་ནང་སོང་རྩ་ཨ་སོ་གྲུ་ཁུག་གཏར། །གྲེ་གོང་གྱེན་སོར་གང་བཙལ་དྲུག་མགོའི་དམིགས། །གྲུ་མོའི་ཁུག་ནས་ཐུར་དུ་སོར་བཞི་བཙལ། །གློ་བའི་སྒང་རྩ་ཞེས་བྱའི་གཏར་གནས་ཡོད། །དེ་ནས་སོར་གསུམ་གློ་སྙིང་འདོམ་པའི་རྩ། །དེ་ནས་སོར་གསུམ་མཆིན་མཁྲིས་འདོམ་པའི་རྩ། །དེ་ནས་སོར་གསུམ་རྣ་རྩ་འབུ་རུས་དམིགས། །གཏར་གནས་དེ་ནས་ཐུར་དུ་སོར་གསུམ་མམ། །ཡང་ན་མཐེབ་རྩེའི་གྱེན་ལ་སོར་བརྒྱད་གཞལ། །མཐེབ་རྒྱབ་སྐྱོར་གོང་ཞེས་བྱའི་གློ་རྩ་ཡོད། །རྣ་རྩ་འབུ་རུས་ངོས་ནས་ཐེའུ་ཆུང་ངོ་། །ཐུར་གསེབ་སོར་དྲུག་གཞལ་ན་ཕྲན་བུའི་རྩ། །མཁྲིག་རྒྱབ་གོང་སྐྱོར་ཕོ་མདུང་འདོམས་པའི་མཚམས། །རྒྱབ་རྩ་དྲུག་འདུས་ཞེས་པའི་གཏར་དམིགས་ཡོད། །གཞུ་མཆོག་ནས་གཞལ་སོར་བཞི་རི་ཐུང་གཏར། །དེ་ནས་སོར་གསུམ་གློ་མཆིན་འདོམ་པའི་རྩ། །སོར་བཞིའི་ས་ན་མཁྲིས་པའི་གཤའ་རིང་ཡོད། །གཤའ་རིང་དམིགས་ནས་ཕུན་དྲུག་མཆིན་མཁྲིས་ཁུག །དེ་ནས་སོར་གསུམ་མཆིན་པའི་གཤའ་རིང་ཡོད། །མཁྲིག་མ་ནས་སོང་གོང་མོར་ཟུག་པའི་རྩ། །ཕོ་མདུང་ཞེས་བྱར་གཏར་ན་མཆིན་པར་ཕན། །མཁྲིག་ནས་མཛུབ་མོར་སོང་བ་མཛུབ་སྐྱོར་རྩ། །གོང་སོར་གོང་སྐྱོར་ཐེའུ་ཆུང་ཐེའུ་སྐྱོར་ཏེ། །རིམ་པའི་གློ་མཆིན་མཁལ་ནད་རྣམས་ལ་ཕན། །སྲིན་ལག་འཕྲེད་རྩ་སྲིན་ལག་རྒྱབ་རྩ་སྟེ། །ལག་པའི་གཏར་གནས་སུམ་ཅུ་རྩ་དྲུག་གོ།
༈ པུས་ནང་གྱེན་སོར་བཞི་རུ་རྩ་བོ་ཆེ། །སྒྱིད་པའི་ཁུག་ནས་ཐུར་མཛུབ་གང་སྒབ་རྩ། །ཡང་ན་ལོང་རུས་འབུར་ནས་གྱེན་ཐོ་གང་། །མཁྲིག་མཚམས་གྱེན་སོར་བཅུ་བཅལ་རྟ་ཐུར་གཏར། །རྟིང་པའི་གྱེན་མཛུབ་གང་དུ་བྱིན་གཞུག་གཏར། །ནང་ལོང་རུས་འབུར་སྟེང་ནས་གྱེན་ཚོན་གང་། །གཞལ་བའི་ས་ན་ལོང་རྩའི་གཏར་དམིགས་ཡོད། །མཁྲིག་མའི་ཐུར་ཕུན་བརྒྱད་ན་གདོང་རྩ་གཏར། །མཐེ་བོང་རྒྱབ་ཚིག་སྟེང་ནས་གྱེན་ཕུན་བཞིར། །ཡོབ་གོང་རྩ་འམ་དྲག་དམིགས་གཏར་གནས་ཡོད། །ཕྱི་ལོང་རུས་འབུར་སྟེང་ནས་ཐུར་གསེབ་ཏུ། །སོར་དོ་བཅལ་བའི་ས་ན་བྱིན་སྐྱོག་ཡོད། །རྐང་ཞབས་རྐང་མཁལ་དཀྱིལ་ན་རྒྱུ་རྩ་སྟེ། །དེ་དག་རྐང་པའི་གཏར་གནས་བཅོ་བརྒྱད་དོ།།
༈ མཚན་མའི་ཟུར་ནས་དཔྱི་སྟེང་ཟུག་པའི་རྩ། །མཚན་ཟུར་གྱེན་ཚོན་དོ་བཅལ་མཚན་འགྲམ་རྩ། །དེ་ནས་གྱེན་གསེག་ཚོན་དོ་ར་ཟད་སྟེ། །སྦུབ་ཀྱི་གཏར་པའི་གནས་བཞིར་ཤེས་པར་བྱ། །
༈ གཞན་ཡང་གཏར་རྩ་མང་ཞིག་མཆིས་ན་ཡང་། །ཕྱི་མ་རྒྱུད་ཀྱི་དགོངས་པ་དེ་ཙམ་མོ། །དེ་ཡང་ཁྲག་མི་ཐོན་པའི་རྒྱུ་བཅུ་དང་། །གཏར་སྐྱོན་བཞི་སོགས་མཁས་པས་གཟབ་ནས་སྤང་། །ཚ་བ་ལམ་ཆད་རྩ་སྟོང་ཁྲག་མེད་ན། །འབྲས་གསུམ་བ་ལེ་ཀ་དང་སླེ་ཏྲེས་དང་། །ཏིག་ཏ་བོང་དཀར་ག་དུར་བ་ཤ་ཀ །བསྐོལ་གྲང་ཐང་བཏང་ཁོང་ཁྲག་ཕྱི་རུ་འཕུལ། །ནང་བར་གཏར་བས་ཁྲག་ཕེབས་འགྱུར་བ་ཡིན།།
ཕྱི་རྗེས་གཏར་གྱི་ལེའུ་ཇི་བཞིན་བྱ། །དེ་ལྟར་རྒྱུད་ཀྱི་དགོངས་དོན་ཏིལ་གྱི་མར། །བློ་གྲོས་རིན་ཆེན་གོང་བུར་ཡོངས་བསྐྱིལ་ནས། །གཏར་གནས་འཁྲུལ་བྲལ་སྒྲོན་མེ་འདི་བལྟམས་པས། །འགྲོ་བའི་ཟུག་རྔུའི་མུན་པ་འཇོམས་གྱུར་ཅིག །ཅེས་པའང་གསོ་རིག་ལ་སྦྱང་བའི་བློ་གསལ་འགའི་དོན་དུ་ཡང་མེའི་བརྒྱུད་པ་དང་བཅས་པའི་ཁྲིད་རྒྱུན་ཉམས་མེད་རྒྱུད་དོན་སྨན་རྒྱལ་གཉིས་པ་གཡུ་ཐོག་པའི་གསུང་གཙོར་བཏོན། གཞན་དག་གི་རྙོགས་པ་དོར་ཏེ་ཁུངས་གཏམ་ལུང་འདྲེན་སོགས་བསྐྱུར། བློར་འཛིན་བདེའི་ཕྱིར་ཉུང་བསྡུས་སུ་གསོ་རིག་པ་བདུད་འཇོམས་རྡོ་རྗེས་བཀོད་པ་ཡོངས་སུ་དགེ་བར་གྱུར་ཅིག ཤུ་བྷཾ།
མཐའ་མའི་འདོན་ཐེངས་།: 04.01.2023 ཉིན། 2:32 PM
<< སྔ་མ།