སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

སྨན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། སྨན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ།།

ནམོ་བྷཻཥཛྱེ་མཧཱ་རཱཛཱཡེ། བསོད་ནམས་ཡོན་ཏན་རྒྱ་མཚོའི་གཏེར་མངའ་ཞིང་།། བསམ་གྱིས་མི་ཁྱབ་ཐུགས་རྗེའི་བྱིན་རླབས་ཀྱིས།། འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་པའི།། བཻཌཱུརྱ་ཡི་འོད་ལ་གསོལ་བ་འདེབས།། ཤིན་ཏུ་སེར་སྣ་དྲག་པོས་རབ་བཅིངས་པས།། ཡི་དྭགས་གནས་སུ་སྐྱེས་པའི་སྐྱེ་བོ་ཡིས།། ཁྱེད་མཚན་ཐོས་ན་མི་སྐྱེ་སྦྱིན་ལ་དགའ།། བཅོམ་ལྡན་སྨན་གྱི་བླ་ལ་གསོལ་བ་འདེབས།། ཚུལ་ཁྲིམས་འཆལ་དང་གཞན་ལ་གཤེ་བརྩོན་དང་།། དམྱལ་བར་སྐྱེས་པའི་འགྲོ་བ་དེ་དག་གིས།། ཁྱེད་མཚན་ཐོས་ན་མཐོ་རིས་སྐྱེ་བར་གསུངས།། སྨན་གྱིས་རྒྱལ་པོ་དེ་ལ་གསོལ་བ་འདེབས།། གང་དག་དབྱེན་དང་ཕྲ་མ་དུ་མ་ཡིས།། རབ་ཏུ་འབྱེད་ཅིང་ལུས་སྲོག་ཕྲལ་བ་དག། ཁྱེད་མཚན་ཐོས་ན་དེ་དག་འཚེ་མི་ནུས།། སྨན་གྱི་རྒྱལ་པོ་དེ་ལ་གསོལ་བ་འདེབས།། མཚན་ལེགས་གསེར་བཟང་དྲི་མེད་སྣང་བ་དང་།། མྱ་ངན་མེད་མཆོག་དཔལ་དང་ཆོས་བསྒྲགས་དབྱངས།། མངོན་མཁྱེན་རྒྱལ་པོ་སྒྲ་དབྱངས་རྒྱལ་པོ་དང་།། ཤཱཀྱའི་རྒྱལ་པོ་རྣམས་ལ་གསོལ་བ་འདེབས།། འཇམ་དབྱངས་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་འཛིན།། ཚངས་དབང་བརྒྱ་བྱིན་ཕྱོགས་སྐྱོང་རྒྱལ་པོ་བཞི།། གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས།། དཀྱིལ་འཁོར་ཡོངས་སུ་རྫོགས་ལ་གསོལ་བ་འདེབས།། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་མདོ།། སྨན་གྱི་བླ་ཡི་མདོ་སྡེ་ཉིད་དང་ནི།། མཁན་ཆེན་ཞི་བ་འཚོས་མཛད་གཞུང་ལ་སོགས།། དམ་ཆོས་གླེགས་བམ་ཚོགས་ལ་གསོལ་བ་འདེབས།། བྷོདྷི་སཏྭ་ཁྲི་སྲོང་ལྡེའུ་བཙན་སོགས།། ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་།། བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་དང་།། ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས།། མི་འགྱུར་རྡོ་རྗེ་ཀརྨ་ཆགས་མེད་དང་།། པདྨ་ཀུན་དགའ་དབང་ཕྱུག་ཤེས་རབ་གྲགས།། ཐུབ་བསྟན་རབ་འཕེལ་བསྟན་འཛིན་འཕྲིན་ལས་དང་།། སྨོན་ལམ་ཡོངས་གྲུབ་ཆོས་དབྱིངས་རང་གྲོལ་ཞབས།། རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།། དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།། གནས་སྐབས་ནད་དང་འཇིགས་པ་སྣ་ཚོགས་ཞི།། འཆི་ཚེ་ངན་སོང་འཇིགས་པ་ཀུན་ཞི་ནས།། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱི་རློབས།།

ཞེས་པ་འདི་སྔ་སོར་རྗེ་དྲུག་པའི་ཞལ་སྔ་ནས་དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་རྗེ་གྲགས་པ་དོན་འགྲུབ་ཀྱིས་མཛད་པ་དང་། དེའི་དབང་བྱིན་རླབས་དང་བཅས་པ་ལེགས་པར་ཐོབ་པས་ཀརྨ་རཱ་ག་ཨ་སྱས་ཀྱིས་སྨན་བླའི་མཚན་ཐོས་པའི་ཕན་ཡོན་དྲན་ནས་གསོལ་བ་བཏབ་པའོ།། བརྒྱུད་རིམ་གསར་འཛུད་རྣམས་མདོ་སྔགས་ཀྱི་སྨན་ཆོག་གང་བྱས་འདོན་ཆོག་པ་བྱས་ཏེ་ཆགས་སྤྲུལ་ལྔ་པའོ།།

༄༅།། ནམོ་གུརུ་བྷཻཥཛྱེ། མཚན་ལེགས་གསེར་བཟང་སྒྲ་དབྱངས་རྒྱལ་པོ་དང་།། མྱ་ངན་མེད་མཆོག་ཆོས་བསྒྲགས་རྒྱ་མཚོའི་དབྱངས།། ཆོས་བློ་མངོན་མཁྱེན་ཤཱཀ་ཐུབ་སྨན་གྱི་བླ།། བདེ་བར་གཤེགས་པ་བརྒྱད་ལ་གསོལ་བ་འདེབས།། འཇམ་དཔལ་སྐྱབས་གྲོལ་གསང་བདག་རྡོ་རྗེ་འཛིན།། ཉི་ལྟར་གསལ་བྱེད་ཟླ་བ་ལྟར་སྣང་མཛད།། རིག་པའི་ཡེ་ཤེས་ཡིད་ལས་སྐྱེས་ལ་སོགས།། ས་བཅུའི་སེམས་དཔའ་རྣམས་ལ་གསོལ་བ་འདེབས།། ཀུན་དགའ་བོ་དང་འཚོ་བྱེད་གཞོན་ནུ་དང་།། ཀླུ་སྒྲུབ་དཔའ་བོ་ཟླ་བ་མདོན་པར་དགའ།། བཻ་རོ་ཙ་ན་ཆོས་རྒྱལ་ཁྲི་སྲོང་རྗེ།། མཁས་གྲུབ་ལོ་པཎ་རྣམས་ལ་གསོལ་བ་འདེབས།། གཏེར་སྟོན་གྲྭ་པ་མངོན་ཤེས་དར་མོ་གྲགས།། གཙང་སྟོད་ཀུན་ཁྱབ་རྒྱལ་བ་གཡུ་ཐོག་མགོན།། ཨ་བོ་ཆོས་རྗེ་མཉམ་ཉིད་རྡོ་རྗེ་སོགས།། གསོ་རིག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས།། ཡི་དམ་སྨན་བླ་སྨན་གྱི་དྲང་སྲོང་བཞི།། རྣོ་མཐོང་སྟོན་མཛད་སྨན་གྱི་ལྷ་མོ་བཞི།། སྨན་གྱི་དྲང་སྲོང་འབུམ་ཕྲག་དྲུག་ཅུ་སོགས།། བདུད་རྩི་སྨན་གྱི་བླ་ལ་གསོལ་བ་འདེབས།། ཌཱཀྐི་སྨན་གྱི་ལྷ་མོ་དཔལ་འཕྲེང་མ།། དངོས་གྲུབ་གཏེར་མཛོད་ཛམ་ལ་དཀར་པོ་དང་།། སྨན་གྱི་བཀའ་སྲུང་ཞང་བློན་སྡེ་དགུ་སོགས།། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས།། དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།། མཐོང་རེག་དྲི་བའི་སྒོ་ནས་བརྟག་པའི་ཕྱིར།། མེ་ལོང་གསལ་བའི་ངོས་ནས་གཟུགས་བརྙན་བཞིན།། ནད་ཀྱི་མཚན་ཉིད་ཤེས་པར་བྱིན་གྱི་རློབས།། ཐང་དང་ཕྱེ་མ་ཪིལ་བུ་སྦྱོར་བའི་ཚེ།། བཅོམ་ལྡན་སྨན་བླའི་ཐུགས་རྗེ་དེར་ཞུགས་ནས།། འཆི་མེད་རིག་འཛིན་ཐོབ་པར་བྱིན་གྱིས་རློབས།། བདག་གི་སྨན་ལ་སུ་ཡིས་ལོངས་སྤྱོད་པར།། བདེ་གཤེགས་སྨན་བླ་བརྒྱད་པོས་རྗེས་བཟུང་ནས།། ངན་སོང་འཁོར་བའི་སྐྱེ་སྒོ་ཀུན་བཀག་ནས།། མྱུར་དུ་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས།། སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ།། བདག་ཉིད་ཐུན་མོང་དྲན་རེག་འགྲོ་བ་རྣམས།། རླུང་མཁྲིས་བད་ཀན་འདུས་པའི་ནད་ཞི་ཞིང་།། བཅོམ་ལྡན་སྨན་གྱི་བླ་དང་དབྱེར་མེད་ཤོག།          ཅེས་དབོན་པོ་བསོད་མགོན་གྱིས་བསྐུལ་ངོར་འཕྲལ་དུ་ཨ་རཱ་གས་སྦྱར་བའོ།།





མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།