སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

སྨན་གྱི་བྱིན་རླབས་ཕུད་མཆོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>

༄༅། །སྨན་གྱི་བྱིན་རླབས་ཕུད་མཆོད་ཉུང་ངུ་བཞུགས་སོ།།

༄༅།། རང་ཉིད་བཻ་ཌཱུརྱ་འོད་སྨན་གྱི་རྒྱལ།། མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་ལྡན།། སྤྲུལ་པའི་སྐུ་མཆོག་ཕྱག་གཡས་ཨ་རུ་ར།། གཡོན་པས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས།། པད་ཟླའི་གདན་བཞུགས་སངས་རྒྱས་བྱང་ཆུབ་སེམས།། དྲང་སྲོང་བཀའ་སྲུང་རྒྱ་མཚོའི་ཚོགས་ཀྱིས་བསྐོར།། མདུན་གྱི་སྨན་སྣོད་བདུད་རྩིའི་ལྷུང་བཟེད་གསལ།། ཐུགས་ལས་འོད་ཟེར་དཔག་མེད་འཕྲོས་པ་ཡིས།། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་།། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས།། ལྷ་མིའི་དྲང་སྲོང་འཇིག་རྟེན་སྐྱོང་རྣམས་ཀུན།། སྤྲིན་ལྟར་སྤྱན་དྲངས་མདུན་མཁར་བཞུགས་ནས་ཀྱང་།། བཀྲ་ཤིས་དང་བཅས་སྨན་མཆོག་བྱིན་བརླབས་ནས།། ཚེ་ཡི་བཅུད་བསྡུས་སྨན་མཆོག་དག་ལ་བསྟིམ།། འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས།། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།། སྐུ་མདོག་མཐིང་ག་བཻཌཱུརྱ་ཡི་འོད།། སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་ལྡན།། རླུང་མཁྲིས་བད་ཀན་ནད་ཀྱིས་གདུངས་པ་ལ།། ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར།། ཕྱག་གཡོན་བདུད་རྩིའི་ལྷུང་བཟེད་པར་པུ་བསྣམས།། བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།། རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད།། ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས།། མངོན་ཤེས་སྙིང་རྗེ་འགྲོ་མཆོག་འདུ་བ་སྙོམས།། དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ།། ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང་།། ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟ་བུ་དང་།། དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ནི།། ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག། རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད།། ཚེ་ལ་བར་དུ་གཅོད་པ་ཞི་བ་དང་།། གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་།། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ།། བསམ་པའི་བར་དུ་གཅོད་པ་ཞི་བར་མཛོད།། ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ་ཨརྷཏེ་སམྱཀ་སཾ་བུདྡྷཱཡ། ཏངྱ་ཐཱ། ཨོཾ། བྷཻཥཛྱེ། བྷཻཥཛྱེ། མཧཱ། བྷཻ་ཛྱེ། བྷཻཥཛྱེ། རཱཛཱཡ། སམུངྒཏེ། སྭཱཧཱ། ཞེས་བདུན་བཟླས་བདུད་རྩིར་བསམས་ཏེ་རིག་འཛིན་མཆོད་པ་ནི།། ཆོས་དབྱིངས་རྣམ་དག་ལྷུན་གྲུབ་གཞལ་ཡས་ནས།། རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ལ།། སྨན་མཆོག་བདུད་རྩིའི་ཕུད་མཆོད་འདི་ཕུལ་བས།། མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ།། རྒྱུན་ཤེས་བུ་སོགས་དྲང་སྲོང་མཆོག་རྣམས་དང་།། འཚོ་བྱེད་གཞོན་ནུ་ཀླུ་སྒྲུབ་དཔལ་ལྡན་དགའ།། ཟླ་དགའ་ལ་སོགས་གྲུབ་པ་མཆོག་རྣམས་དང་།། ཁྲི་སྲོང་ལྡེའུ་བཙན་གྲྭ་མངོན་གཡུ་ཐོག་མགོན།། ཟུར་མཁར་མཉམ་ཉིད་རྡོ་རྗེ་ལེགས་བཤད་འཚོལ།། ཀུན་མཁྱེན་ལྔ་པ་སངས་རྒྱས་རྒྱ་མཚོའི་ཞབས།། ཆོས་ཀྱི་འབྱུང་གནས་དྲང་སྲོང་དྷཻ་ནའི་མཚན།། ལ་སོགས་བརྒྱུད་པའི་བླ་མ་ཐམས་ཅད་ལ།། སྨན་ཕུད་བདུད་རྩི་མཆོག་གི་མཆོད་པ་འབུལ།། གཡུ་ཐོག་གཉིས་པ་ཡོན་ཏན་རྒྱ་མཚོ་དང་།། སྟོབས་ལྡན་འོད་ཟེར་ཤེས་རབ་བསྟན་དར་ཞབས།། ལག་ལེན་མན་ངག་འབྲེལ་ཐོབ་བླ་མ་ལ།། སྨན་ཕུད་བདུད་རྩི་མཆོག་གི་མཆོད་པ་འབུལ།། མི་ཡི་སེངྒེ་གོང་སྨན་མཻ་ཏྲེ་དང་།། བཛྲའི་མཚན་ཅན་རྒྱལ་སྲས་འགྲོ་བའི་མགོན།། བཀའ་དྲིན་འཁོར་མེད་ཚེ་དབང་ནོར་བུ་ལ།། སྨན་ཕུད་བདུད་རྩི་མཆོག་གི་མཆོད་པ་འབུལ།། སྒྲུབ་པ་མཐར་ཕྱིན་འཇིགས་མེད་འཕྲིན་ལས་རྗེ།། སྨན་རྩིས་བསྟན་པ་རྒྱས་མཛད་གཞན་ཕན་གཏེར།། བཀའ་དྲིན་མཚུངས་མེད་མཁྱེན་རབ་ནོར་བུ་ལ།། སྨན་ཕུད་བདུད་རྩི་མཆོག་གི་མཆོད་པ་འབུལ།། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ལ།། སྨན་ཕུད་བདུད་རྩི་མཆོག་གི་མཆོད་པ་འབུལ།། གཞན་ཡང་ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས།། ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་དང་།། སྨན་སྐྱོང་བཀྲ་ཤིས་ཚེ་རིང་མ་ལ་སོགས།། ཆོས་སྐྱོང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ།། སྨན་ཕུད་བདུད་རྩིའི་མཆོད་པ་འདི་ཕུལ་བས།། སྨན་རྣམས་བདུད་རྩིར་བསྒྱུར་བར་མཛད་ནས་ཀྱང་།། དྲི་ཐོན་ཙམ་གྱིས་རྡོ་རྗེའི་ལུས་ཐོབ་ནས།། བདག་སོགས་འགྲོ་ཕན་རླབས་ཆེན་ཡོངས་སྤྱོད་ཅིང་།། འགྲོ་ཀུན་སྨན་རྒྱལ་གོ་འཕང་མྱུར་ཐོབ་ཤོག། ཀཱཡ་ཝཱཀ་ཙིཏྟ་མཧཱ་སརྦ་སིདྡྷི་ཕལ་ཧོཿ བདག་གི་ལེགས་བྱས་དགེ་བ་འདིས་མཚོན་ཏེ།། ནད་རིགས་མི་མཐུན་ཕྱོགས་ཀུན་རབ་ཞི་ཞིང་།། བསམ་པའི་དོན་ཀུན་འབད་མེད་འགྲུབ་པ་དང་།། གཙོ་བོ་ཁྱོད་བཞིན་བྱང་ཆུབ་རེག་གྱུར་ཅིག། ཅེས་སོགས་བསྔོ་སྨོན་བྱའོ།།

 

མེ་བཙའི་སྐབས་རྒྱུད་དུ།

སྤྲ་བ་བཞག་ལ་མེ་སྤར་སྐྱབས་འགྲོ་བྱ། ཞེས་གསུངས་པ་ནི། སངས་རྒྱས་སྨན་གྱི་བླ་མ་ཤཱཀྱ་ཐུབ།། རིགས་གསུམ་མགོན་དང་དྲང་སྲོང་ཉི་ཤུ་གཅིགའཚོ་བྱེད་གཞོན་ནུ་ཀླུ་སྒྲུབ་དཔའ་བོ་དང་།། བཻ་རོ་ཙཱ་ན་མཁས་པ་མི་དགུ་སོགས།། རྒྱ་བོད་དྲང་སྲོང་བརྒྱུད་པར་བཅས་རྣམས་ལ།། སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི།། དྲི་ཞིམ་མདངས་ལྡན་བདུད་རྩི་གསེར་གྱི་མེ།། ནད་གདོན་འཇིག་པར་བྱེད་པ་དྲག་པོའི་མདའ།། ལྷ་ཀླུ་བཙན་གཉན་སྡེ་བརྒྱད་ཁྱེད་རྣམས་ལ།། བརྡེག་པ་མིན་པས་ཀོ་ལོང་མ་སྡོམས་ཤིགབཞི་བརྒྱ་རྩ་བཞིའི་ནད་ལ་བརྡེགས་པ་ཡིས།། གྲང་བའི་དྲོད་སྐྱེད་ཚ་བའི་རྒྱུ་ལམ་སྲུངས།། རླུང་རྒྱུའི་སྒོ་ཁོག་རྣག་དང་ཆུ་སེར་སྐེམས།། ན་བའི་དབལ་ཆོག་ཁྲག་སྲིན་གཟེར་འཁྱུག་ཆོམས།། འཁྲུ་དང་སྐྱུགས་དང་ཁུ་ཁྲག་འབྱམས་པ་ཆོད།། མ་ཞུ་ལྷེན་དང་སྐྱ་རྦབ་དམུ་རྫིང་ཆིལ།། རུས་པ་ཆག་གྲུམས་ཞོམ་རྡིབས་ལུགས་སུ་ཚུད།། གནོད་བྱེད་གདོན་བགེགས་མ་ལུས་བརྩད་ནས་ཕྱུངས།། མྱུར་དུ་ནད་ལས་ཐར་བར་བྱིན་གྱིས་རློབས།། ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས།། སྐུ་བཞི་ཡེ་ཤེས་ཐོབ་བར་བྱིན་གྱིས་རློབས།། སྨན་རྒྱལ་གོ་འཕང་ཐོབ་པར་བྱིན་གྱིས་རློབས།།

          ཞེས་གསོལ་གདབ་གཟུངས་སྔགས་བཟླས་པའི་ཕུ་མཆིས་ཀྱིས་ཐུད་ཀྱིས་གདབ་པས་ནད་སེལ་གནོད་པ་ཞི།

       གཏར་གའི་སྐབས་གཙགས་བུར་ཉེས་སྐྱོན་སྲུང་བའི་སྔགས་བཏབ་ཅེས་པ་ནི། ཨ་ཙཀྵུ་དེ་ཝ་ཧྲཱིཿ མགི་སྭཱཧཱ། ཨོཾ་ཏྲི་ཁྱེད་བྃ་ཧཱུྃ། ཞེས་པའོ།།

       མེ་བུམ་སྐབས་ཀྱི་སྔགས་ནི། ཨ་མེ་རི་དམར་པོ་སོད། ལྕགས་རི་སྔོན་པོ་སོད། ཐྃ་སོད། ཐུམ་སོད། ཅེས་པའོ།།

      བཤལ་སྨན་ལ་ཤིས་པར་བརྗོད་པ་ནི། ཚངས་པ་སྐྱེ་རྒུའི་བདག་དང་ཐ་སྐར་བུ།། དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང་།། དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང་།། འབྱུང་པོ་རྣམས་ཀྱིས་ཁྱོད་ནི་སྲུང་བར་ཤོག། ལྷ་རྣམས་ཀྱིས་ནི་ཞེས་སོགས་བརྗོད་ནས་གཟུངས་སྔགས་བཟླ་བར་བྱའོ།།

        སྨོན་ལམ་ནི། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་།། འཇིག་རྟེན་མགོན་གྱུར་བདེན་ཚིག་གྲུབ་རྣམས་ཀྱིས།། སྨོན་པའི་གནས་ཀུན་བདག་གིས་འགྲུབ་གྱུར་ནས།། སྨན་པའི་རྒྱལ་པོ་ལྟ་བུར་འགྱུར་བར་ཤོག། འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་མཐུས།། སྲིད་ཞིའི་འཇིགས་ཚོགས་མ་ལུས་དྲུང་ཕྱུང་ནས།། རིག་པའི་ཡེ་ཤེས་སྨན་རྒྱལ་གོ་འཕང་མཆོག། ཚེ་འདིར་མངོན་གྱུར་འགྲོ་ཀུན་སྒྲོལ་བར་ཤོག། རྒྱལ་བ་ཀུན་འདུས་མ་ཧཱ་གུ་ཎ་ཡི།། དགོངས་བཅུད་གསོ་རིག་རིམ་གཉིས་རྣལ་འབྱོར་ཆེའི།། གཞུང་ལམ་རྒྱ་མཚོ་རྒྱུད་བཞི་ཆ་ལག་བཅས།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་པར་ཤོག། དུག་ལྔས་གཟིར་བའི་ཉམ་ཐག་འགྲོ་བ་རྣམས།། རྒྱུ་ལས་འབྲས་བུའི་ཚུལ་སྨིན་ནད་ཀྱི་རིགས།། ཁྱད་པར་ལྕི་བའི་ལུས་སེམས་སྡུག་བསྔལ་བ།། བསྒྲལ་བའི་དེད་དཔོན་མཆོག་ཏུ་བདག་འགྱུར་ཤོག། ཇི་སྲིད་ནད་ཀྱི་བསྐལ་པ་དར་བའི་ཚེ།། དྲང་སྲོང་སྨན་གྱི་བླ་མའི་དཔུང་གྲོགས་བཅས།། ཐབས་མཁས་ཐུགས་རྗེས་ནད་ཀྱི་དཔུང་བཅོམ་ནས།། སྨན་པའི་རྒྱལ་པོ་མཆོག་ཏུ་འགྱུར་བར་ཤོག། མཚོན་གྱི་བསྐལ་པར་སྐྱོབ་བྱེད་གོ་ཆ་དང་།། མུ་གེའི་བསྐལ་པར་གང་འདོད་ཟས་སྐོམ་ནོར།། ཚེ་ཡི་སྙིགས་མར་འཆི་མེད་དཔལ་སྟེར་རྩི།། མུན་བསྐལ་སྒྲོན་མེ་མཆོག་ཏུ་བདག་འགྱུར་ཤོག། རྒྱུ་གཅིག་རང་ངོ་མ་ཤེས་མ་རིག་པས།། ཞེ་སྡང་མཁྲིས་ནད་ཚད་པའི་ནད་རྣམས་དང་།། འདོད་ཆགས་རླུང་ནད་གཏི་མུག་བད་ཀན་གྲང་།། དུག་གསུམ་ཉེས་གསུམ་སྐུ་གསུམ་ངོ་འཕྲོད་ཤོག། ལྟར་སྣང་འཕྲལ་དང་ཡོངས་གྲུབ་ཚེ་ཡི་ནད།། ཀུན་བརྟགས་གདོན་དང་གཞན་དབང་སྔོན་ལས་བཞིའི།། ཕན་བྱེད་གཉེན་པོ་འབྱུང་ལྔའི་རོ་བཅུད་དང་།། སྨན་དང་སྨན་པ་ནད་གཡོག་བྱེད་པར་ཤོག། བྱམས་པའི་གཞི་བཟུང་སྙིང་རྗེའི་ཤུགས་ཕྱུང་སྟེ།། སྨོན་དང་འཇུག་པའི་ཕྱིན་དྲུག་སྤྱོད་པ་ཡི།། ལྷག་བསམ་ཁུར་གྱིས་མཁའ་ཁྱབ་སྐྱེ་འགྲོ་གང་།། གནས་སྐབས་མཐར་ཐུག་ཕན་བདེ་སྟེར་ནུས་ཤོག། སྐྱེ་ཞིང་སྐྱེ་བར་བདག་ནི་མཐོང་ཐོས་དྲན།། རེག་པའི་མོད་ལ་ནད་ཞི་སྲིད་གསུམ་གྱི།། ཉམ་ཐག་འགྲོ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས།། མྱུར་དུ་སྐུ་གསུམ་གོ་འཕང་ཐོབ་པར་ཤོག། ཡུལ་རིས་ས་ཕྱོགས་རྒྱལ་ཁམས་ཐམས་ཅད་དུ།། འཇིགས་པ་བརྒྱད་དང་བཅུ་དྲུག་མི་མཐུན་ཕྱོགས།། ཞི་ཞིང་རྒྱལ་དང་དེ་སྲས་དྲང་སྲོང་གི། རྣམ་སྤྲུལ་དཔག་མེད་མགོན་གྱིས་གང་བར་ཤོག། བདེ་གཤེགས་བརྒྱད་དང་རིག་པའི་ཡེ་ཤེས་ལྔའི།། བདེན་མཐུས་སྒོ་གསུམ་དྲང་པོར་སྲོང་བའི་ལམ།། གཞན་རྒྱུད་ཉེས་པ་མ་སྙོམས་སྙོམས་བྱེད་རྒྱུ།། དྲང་སྲོང་རྒྱལ་བའི་རིང་ལུགས་འཕེལ་གྱུར་ཅིག།།

          ཤྲཱི་ངོ་མཚར་པར་གྱི་ཕྱི་མོ་གང་།། བསྐྲུན་པའི་བསོད་ནམས་དེ་ཡིས་ཀྱང་།། འགྲོ་བའི་ཟུག་རྔུ་ཉེར་ཞི་ནས།། ཕན་བདེའི་ལང་ཚོ་རབ་རྒྱས་ཤོག།

          ཅེས་པའང་འདི་གའི་སྨན་སློབ་ཚང་མས་ངག་ཏུ་ལེན་ཁྱད་བོད་ཀྱི་སྨན་རྩིས་འགོ་འཛིན་བླ་སྨན་པ་པྲ་ཛྙཱ་པས་པར་དུ་བསྒྲུབས་པའི་སྨོན་ཚིག་ཤུ་བྷཾ།། །།

 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།