སྨན་རྩིས་དྲ་བ། - མདུན་ངོས།

སྤྲེལ་འབྲུམ་ནད་དུག་ངོ་སྤྲོད་མདོ་ཙམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2022
མདུན་ངོས། >>


སྤྲེལ་འབྲུམ་ནད་དུག་(Monkeypox)སྐོར་ངོ་སྤྲོད་མདོ་ཙམ་གླེང་བ།

ཕྱི་ལོ་ ༢༠༡༩ ནས་ཏོག་དབྱིབས་གཉན་རིམས་ ༡༩ ཞེས་པའི་ནད་དུག་གསར་པ་འགོས་ཁྱབ་བྱུང་ཏེ་འགྲོ་བ་མིའི་བདེ་ཐང་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ལ་བར་བགེགས་བཟོས་དང་བཟོ་མུས་སུ་མཆིས་པའི་གནས་ཚུལ་འདི་མཚམས་མ་ཆད་གོང་ནས་ནད་དུག་གཞན་ཞིག་ཨ་ཧྥེ་རི་ཀ་དང་ཡོ་རོབ་གླིང་ནས་འགོ་ཚུགས་སྟེ་འགོས་ཁྱབ་འབྱུང་བཞིན་པ་སྟེ། དེ་ཡང་ལྷ་འབྲུམ་(Smallpox)གྱི་རིགས་སུ་གཏོགས་པའི་སྤྲེལ་འབྲུམ་(Monkeypox)ཞེས་པའི་ནད་དུག་འདི་དེང་སང་འཛམ་གླིང་དུ་རྒྱ་ཆེར་ཁྱབ་གདལ་འགྲོ་བཞིན་ཡོད་པས། ནད་དུག་འདིའི་སྐོར་གོ་རྟོགས་ཡོང་བའི་སླད་ངོ་སྤྲོད་མདོ་ཙམ་བྱ་བ་ལ།

དང་པོ། ངོ་སྤྲོད།

སྤྲེལ་འབྲུམ་ཞེས་པ་ནི་ནད་དུག་ Zoonosis ལས་བྱུང་བའི་ནད་ཅིག་ཡིན་པ་དང། ནད་དུག་དེ་ Poxviridae ནང་གི་ Orthopoxvirus རིགས་སུ་གཏོགས་ལ། ནད་དུག་དེ་ཉིད་དུད་འགྲོ་ལས་འགྲོ་བ་མི་ལ་བགོས་ཤིང་། མཐར་མི་དང་མིའི་བར་ལ་འགོས་བ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། ཐོག་མར་ཨ་ཧྤེ་རི་ཀའི་དབུས་དང་ནུབ་ཕྱོགས་ཤིང་ནགས་མཐུག་ལ་གནམ་གཤིས་ཚ་དྲོད་དང་རླན་གཤེར་ཅན་གྱི་ཁུལ་དུ་ཡོད་པའི་གྲོང་གསེབ་ནས་བྱུང་སྟེ་རིམ་པས་གྲོང་བརྡལ་དང་གྲོང་ཁྱེར་ལ་ཁྱབ་ཅིང་། ཕྱི་ལོ་ ༡༩༥༨ ལོར་ཚན་རིག་པས་ཐེངས་དང་པོར་ཚོད་ལྟ་ཁང་གི་སྤྲེའུ་ནས་ནད་དུག་འདི་ཡོད་པ་ཤེས་རྟོགས་བྱུང་བ་ལ་བརྟེན་ནས་མིང་ལའང་སྤྲེལ་འབྲུམ་ Monkeypox ཞེས་བཏགས།

གཉིས་པ། འབྱུང་ཁུངས།

ཕྱི་ལོ་ ༡༩༧༠ ལོར་འབྲུམ་ནད་འདི་ཐོག་མར་དབུས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཀོང་གོ་ལ་ཕྲུ་གུ་ལོ་ན་དགུ་སོན་པ་ཞིག་ལ་བྱུང་བ་ནས་རིམ་པས་ཀོང་གོའི་གྲོང་གསེབ་ཁག་དང་། དམིགས་བསལ་ཆར་ཆུ་མང་བའི་ཤིང་ནགས་ཁུལ་དུ་ནད་འདི་ཕོག་མཁན་མང་པོ་བྱུང་ཡོད། དེ་རྗེས་ཨ་ཧྤེ་རི་ཀའི་རྒྱལ་ཁབ་ ༡༡ ལ་འགོས་ཁྱབ་བྱུང་ཞིང་། ཕྱི་ལོ་ ༢༠༡༧ ནས་བཟུང་ནུབ་ཨ་ཧྤེ་རི་ཀའི་རྒྱལ་ཁབ་ནཱཡ་ཇི་རི་ཡའི་ནང་ནད་དུག་འདི་ཁྱབ་གདལ་གྱིས་མི་གྲངས་ ༢༠༠ ལ་ཕོག་པ་དང་། གཞན་ ༥༠༠ ལྷག་དོགས་གནས་སུ་ཡོད་པ་མ་ཟད། ད་ལྟའང་ནད་འདི་འབྱུང་བཞིན་པ་ཡིན།

༢༠༠༣ ལོར་ཨ་ཧྤེ་རི་ཀ་ནས་ཨ་རིར་འགོས་ཁྱབ་ཀྱིས་མི་གྲངས་ ༧༠ ལ་ནད་འདི་ཕོག་པ་མ་ཟད། ནཱཡ་ཇི་རི་ཡ་ནས་ཨིས་ཛ་རལ་དང་། ཨ་རི། དབྱིན་ཇི། སིང་ག་པུར་སོགས་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱེད་མཁན་མང་པོ་ལ་ནད་དུག་འགོས་ཁྱབ་བྱུང་ཡོད། ༢༠༢༢ ལོར་རྒྱལ་ཁབ་ཉི་ཤུ་རྩ་གསུམ་ལ་ནད་དུག་འདི་འགོས་ཁྱབ་ཕྱིན་ཏེ་མི་གྲངས་ ༢༥༧ ཙམ་ལ་ནད་འདི་ཕོག་ཏེ་ཛ་དྲག་གི་གནས་སྟངས་སུ་གྱུར་ཡོད་པས། སྨན་དཔྱད་སྡེ་ཁག་དང་ཚན་རིག་པས་ནད་དུག་འདིའི་རྒྱུ་རྐྱེན་དང་། འབྱུང་ཁུངས། མཆེད་ཚུལ་སོགས་ལ་མུ་མཐུད་ཉམས་ཞིབ་དང་རྒྱུས་ལེན་བྱེད་མུས་སུ་ཡོད།

གསུམ་པ། ནད་རྟགས།

སྤྲེལ་འབྲུམ་ནད་དུག་ཞེས་པ་འདི་དང་། ཆུ་འབྲུམ་ནད་(Chickenpox)དང་། སིབ་བི།(Measles) ལྷ་འབྲུམ་(Smallpox) དག་གི་བར་ལ་འདྲ་བའི་ཆ་མང་རུང་། ནད་དུག་འདིའི་ནད་རྟགས་ནི། ཚ་བ་རྒྱས་པ་དང་། མགོ་ལ་ན་ཟུག་དྲག་པོ་འབྱུང་བ། སྐེད་པ་དང་ཤ་གནད་ན་བ། ངལ་དུབ་ཆེ་བ། རྨེན་མདུད་སྐྲངས་པ། པགས་འབྲུམ་བཅས་འབྱུང་ཞིང་། འབྲུམ་ནད་གཞན་གྱི་ནད་རྟགས་དང་བསྡུར་ན། སྤྲེལ་འབྲུམ་གྱི་རྨེན་མདུད་སྐྲངས་པ་ནི་ཁྱད་ཆོས་མངོན་གསལ་ཞིག་ཡིན་པ་དང་ཉེན་ཚབས་ཡང་ཆུང་བ་ཡོད།

པགས་འབྲུམ་ནི་ཉིན་དང་པོ་ནས་གསུམ་པ་བར་གྱི་དུས་སུ་ཚ་བ་དང་མཉམ་དུ་འབྱུང་ཞིང་། རྒྱུན་ལྡན་དུ་ངོ་གདོང་དང་། ལག་པ། རྐང་མཐིལ་དུ་མང་པོ་འབྱུང་བ་དང་། འབྲུམ་པ་དེ་ལུས་ལ་ཁ་ཤས་ཙམ་ནས་སྟོང་ཕྲག་འགའ་ལ་འགྱུར་བ་ཡིན། སྐབས་རེ་ཁ་དང་། མཚན་མ། མིག་བཅས་ཀྱི་གནས་སུ་འབྱུང་བ་ཡིན།

བཞི་པ། མཆེད་ཚུལ།

ཐོག་མར་ནད་དུག་ཡོད་པའི་སྲོག་ཆགས་དེའི་ཁྲག་དང་། ལུས་ཀྱི་གཤེར་ཁུ། པགས་འབྲུམ་ལ་ཐད་ཀར་རེག་ཐུག་བྱས་པ་ནས་འགྲོ་བ་མི་ལ་བགོས་པ་དང་། སྲོག་ཆགས་དེའི་རིགས་ཀྱི་ཤ་མ་ཚོས་པར་ཟོས་ན་འགོ་ཉེན་ཆེ་བ་ཡིན། ནད་དུག་འདི་གཙོ་བོ་ཙི་གུ་དང། ནགས་བྱི། སྤྲེལ་གྱི་རིགས་མི་འདྲ་བའི་སྲོག་ཆགས་སུ་གནས་པ་ཡིན།

སྤྲེལ་འབྲུམ་ནད་དུག་ཡོད་མཁན་གྱི་ཁྲག་དང་། ལུས་ཀྱི་གཤེར་ཁུ། མཆིལ་མ། འབྲུམ་པའམ་རྨ་ཁ་སོགས་ལ་རེག་ཐུག་བྱུང་བ་ལས་མི་དང་མིའི་བར་ལ་མཆེད་ཅིང་ཁྱབ་གདལ་དུ་འགྲོ་བ་ཡིན། གཞན་ཡང་ནད་དུག་འདི་ལུས་འབྲེལ་བྱས་པ་ལས་འགོ་བ་དང་། མངལ་ནང་དུ་ཕྲུ་གུ་ཡོད་དུས་མ་ལས་བུ་ལ་འགོ་བའམ་ཡང་ན་ཕྲུ་གུ་སྐྱེ་དུས་རེག་ཐུག་བྱུང་སྐབས་འགོ་བཞིན་ཡོད། ནད་དུག་འདི་ཕོག་པ་གང་ཞིག་ནད་རྟགས་མེད་ན་གཞན་ལ་འགོས་ཀྱི་ཡོད་མེད་ད་ལྟ་ཤེས་རྟོགས་གསལ་པོ་བྱུང་མེད།

ལྔ་པ། བརྟག་ཐབས།

སྤྱིར་སྤྲེལ་འབྲུམ་ནད་དུག་འདི་ངོས་འཛིན་པར་ནད་རྟགས་ལ་བརྟག་དགོས་ཤིང་། གལ་ཏེ་བརྟག་དཔྱད་སྨན་པས་ནད་དུག་འདི་ཕོག་པའི་དོགས་པ་ཡོད་ཚེ་ལུས་ཀྱི་ཕུང་གྲུབ་ལ་ Polymerase Chain Reaction (PCR) ཞེས་པའི་ཁྲག་བརྟག་དཔྱད་བརྒྱུད་ནད་འདི་འཁྲུལ་བ་མེད་པ་རྟོགས་ཐུབ་པ་མ་ཟད། ཚབས་ཆེ་ཆུང་ཡང་ཤེས་ཐུབ་པ་ཡིན།

དྲུག་པ། གསོ་ཐབས།

ད་ལྟའི་ཆར་ནད་དུག་འདིའི་ཆེད་ཁུངས་སྐྱེལ་དང་ཉེན་ཁ་མཐའ་གཅིག་ཏུ་མེད་པའི་གསོ་བཅོས་སྨན་རྫས་ཤིག་མེད་ཀྱང་། ནད་རྟགས་ཕལ་ཆེར་སྨན་བཅོས་མི་དགོས་པར་རང་བཞིན་དུ་འཇོམས་པར་འགྱུར་བ་ཡིན། རང་བཞིན་དྲག་སྐྱེད་མ་བྱུང་བ་རྣམས་ལ་ལྷ་འབྲུམ་ནད་དུག་འཇོམས་བྱེད་སྨན་ Tecovirimat ཞེས་པ་དེ་སྤྲེལ་འབྲུམ་ནད་དུག་ལའང་བེད་སྤྱོད་བྱེད་ཆོག་པའི་ངོས་ལེན་ཐོབ་ཡོད་པ་མ་ཟད། དངོས་སུ་བཅོས་པའི་སྐབས་ནད་རྟགས་ལའང་གཞིགས་ཏེ་ཚད་སྨན་དང་གཉན་འཇོམས་སོགས་གཏོང་བཞིན་ཡོད།

བདུན་པ། སྔོན་འགོག་བྱེད་ཐབས།

སྤྲེལ་འབྲུམ་ནད་དུག་འདི་ལ་ལྷ་འབྲུམ་གྱི་འགོག་སྨན་བརྒྱབ་ན་སྔོན་འགོག་བྱེད་ནུས་ཤིང་། གཞན་ནད་དུག་འདི་ལ་དམིགས་སུ་བཀར་ནས་འགོག་སྨན་ཞིག་བཟོས་ཐུབ་མེད། ནད་དུག་འདི་འགོ་བ་ལ་སྔོན་འགོག་བྱེད་ཐབས་འགའ་ཞིག་ཞུས་ན།

  • ནད་དུག་དེ་ཉིད་འགོས་པའི་སྲོག་ཆགས་དང་མི་རྣམས་ལ་ཐུག་འཕྲད་མི་བྱེད་པ་དང་། དེའི་རིགས་ཀྱི་ཅ་དངོས་ལ་རེག་མི་རུང་།
  • ནད་དུག་དེ་ཉིད་འགོས་པའི་སྲོག་ཆགས་ལ་རེག་ཚེ་ངེས་པར་དུ་ལག་པ་ཡག་པོ་འཁྲུད་དགོས།
  • ཤའི་རིགས་རྣམས་ཡག་པོ་བཙོས་དགོས།
  • ནད་དུག་འདི་ཕོག་པའི་ནད་པ་ལ་ལྟ་རྟོག་བྱེད་སྐབས་ངེས་པར་དུ་ Personal protective equipment (PPE) བེད་སྤྱོད་བྱེད་དགོས།
  • ནད་དུག་དེ་ནི་མི་དང་མིའི་འབྲེལ་ཐུག་ལ་བརྟེན་ནས་འགོ་བཞིན་ཡོད་སྟབས་ཟུར་བཀག་གི་ཐབས་ལམ་བེད་སྤྱོད་བྱེད་དགོས་པ་བཅས་སོ།།


ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཉམས་ཞིབ་ཁང་ནས།


མཐའ་མའི་འདོན་ཐེངས་།: 31.05.2022 ཉིན། 10:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།