སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྤྲུལ་པའི་སྲས་གསུམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

སྤྲུལ་པའི་སྲས་གསུམ།

- བྱམས་པ་འཕྲིན་ལས།


སྤྲུལ་པའི་སྲས་གསུམ་ཞེས་པ་ནི་ཆོས་རྒྱལ་མེས་ཨག་ཚོམ་གཤེགས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་ཐོག་མར་འཛིན་པའི་སྐབས་སུ་རྒྱ་གར་གྱི་སྨན་པ་དྷརྨ་རཱཛ་(1)དང་།  རྒྱ་ནག་ནས་ཧྭ་ཤང་མཧཱ་ཀྱིན་ད(2)། ཁྲོམ་ནས་ཙན་པ་ཤི་ལ་ཧ་གསུམ་གདན་དྲངས་པར་སྤྲུལ་པའི་སྲས་གསུམ་དུགྲགས་སོ།།

དེ་གསུམ་གྱིས་རྒྱལ་ཁམས་སོ་སོའི་ལུགས་དང་བསྟུན་ནས་སྨན་གཞུང་བརྩམས་པའི་ནང་《གསོ་བ་རིག་པའི་རྩ་བ་རྩིས་ཉི་ཟླའི་འཁོར་ལོ་》ཞེས་བྱ་བ་ལེའུ་བདུན་དང་།  ལུས་གནས་ནས་《གཞི་གསུམ་གསོ་ཐབས་ཀྱི་འགྲེལ་པ།》 《ཆུ་བརྟག་པ་གསེར་གྱི་མེ་ལོང་།》 《གདམས་པའི་འཕྲུལ་འཁོར་དངུལ་གྱི་མེ་ལོང་།》 《སྒོ་གཏན་ལྕགས་ཀྱི་གཟེར།》 《རྩ་དཔྱད་རྒྱའི་སྨྲ་མཆུ།》 《ཁ་དམར་རྒྱས་པ་གསེར་གྱི་གཏན་ཕྱིས།》 《བསྡུས་པ་ལྕགས་ཀྱི་སྟ་རེ།》 《རིན་པོ་ཆེ་བདུད་རྩི་གསང་བའི་ལུང་།》 《སྨན་ནུས་སྒྲོན་མེ་གསེར་གཟོང་།》 《བཅུད་ལེན་རིན་ཆེན་ཤེལ་འཕྲེང་།》 《སྨན་མིང་འབུ་ཤག་ཟངས་ཀྱི་བུམ་པ།》 《འདྲ་ཡིག་དུང་གི་མིག》 《འཁྲུགས་སྡེབས་གཡུའི་དྲྭ་བ།》 《རོ་སྐོར་ལྕགས་ཀྱི་ཕྲེང་བ།》 《ཞི་བྱེད་མུ་ཏིག་ཕྲེང་བ།》 《རྣ་བཤལ་དུང་གི་ཕྱགས་ཤིང་།》 《སྐྱུགས་རིན་ཆེན་ལྕགས་ཀྱུ།》 《བཤལ་དངུལ་གྱི་བུམ་པ།》 《འཇམ་རྩི་ཉི་མའི་གསེར་བུམ།》 《ནི་རུ་ཧ་ལྕགས་ཀྱི་པར་བུ།》 《སྔོ་སྨན་ནགས་སུ་འཇུག་པ་གཡུའི་དྲྭ་བ།》 《ལུམས་ཉི་ཟླའི་ཐིགས་པ།》 《བྱུག་པ་མེ་ཆུའི་གཟེར།》 《གཏར་ཁ་ལྕགས་ཀྱི་པདྨ།》 《མེ་བཙའ་བདུད་རྩིའི་ཐིགས་པ།》 《ཐུར་དཔྱད་མཚོན་ཆ་འཁོར་ལོ།》 《དམུ་ཆུ་རྒྱ་མཚོ་འདྲེན་སྐེམས།》 《སྨན་གནས་མདོར་བསྡུས་》རྣམས་ལ་འགྲེལ་ཆུང་ཉེར་བདུན་ཞེས་བྱ་བ་ཁོང་ནད་ཀྱི་སྐོར། ཐོར་དཔྱད་ལ་སྤྱིར་རྨ་གཅོད་གཉིས་དང་བྱེ་བྲག་ཉི་ཤུ་རྩ་གསུམ་བཅས་མགོ་དང་བྱང་ཁོག་ཡན་ལག་དང་བཅས་པའི་བཅོས་ཏེ་བསྡོམས་པ་ལ་《རིན་ཆེན་སྤུངས་པའི་སྐོར་》ཞེས་བྱ་བ་བརྩམས་པ་དང་ལིའི་རྒྱལ་པོའི་《སྐེ་བཅོས་》སོགས་ཕུལ།

          ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་《ཕུང་པོ་ལྔའི་ནད་གསོ་བ་》དང་།  《བདུད་རྩིའི་སྨན་རིན་པོ་ཆེ་གསང་ཏིག་སྒྲོན་མེ།》 《རིན་པོ་ཆེའི་མདོ་རྩ་བ་ལྟ་བུ་》ལེའུ་བཅུ་བདུན། 《མདོ་རིན་པོ་ཆེ་གསང་བའི་སྒྲོན་ཆེན་》ལེའུ་དོན་དྲུག 《འདུ་བ་རྣམ་བཞིའི་ཏི་ཀ》ལེའུ་ཉེར་ལྔ། 《དོན་སྣོད་ཏི་ཀ》ལེའུ་བཅུ་དྲུག 《ཕྲན་བུ་གསེར་གྱི་ཏི་ཀ》ལེའུ་སོ་བདུན། 《མགོ་བོའི་ཏི་ཀ་》ལེའུ་ཉེར་གཅིག 《བྱང་ཁོག་གི་ཏི་ཀ་འཕྲུལ་ལྡེ་ནག་པོ་》ལེའུ་ཞེ་བདུན། 《ཡན་ལག་རྣམ་བཞིའི་ཏི་ཀ》ལེའུ་བཞི་བཅུ་སྟེ་དྲིལ་བས་ལེའུ་བདུན་བརྒྱ་ཉེར་དགུའི་བདག་ཉིད་ཅན། མི་དྲ་མི་དབང་ཙཎྜ་དང་།  ཧྭ་ཤང་དེ་བ་བོ་དྷིའི་འགྱུར་དྲང་སྲོང་ཉི་མའི་དངོས་གྲུབ་དང་།  དཀའ་ཐུབ་གཞོན་ནུར་འཇམ་དབྱངས་ཀྱིས་གསུངས་པར་གྲགས་པ། 《གསོ་བྱེད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མེ།》ཞེས་བྱ་བ་ཨ་རུ་ར་རིགས་བདུན་ལ་དཔེ་བླངས་ནས་ནད་གཞིའི་གནས། དེའི་རྟགས་སོ་སོར་བཅོས་པ། དཔྱད་ཀྱིས་བཅོས་པ། དའི་ཇ་ལོག ཐོར་དཔྱད། རྟེན་འབྲེལ་གྱི་སྒོ་ནས་བཅོས་པ་བདུན། རྣམ་རྒྱལ་རོ་དྲུག་ལྡན་ཡིན་པ་ལྟར་གསར་པ་བཙན་བབས་དང་།  རྒྱས་པ་ཐོག་བབས། བཅོས་ཉེས་ཡོངས་བཟློག བླ་གཉན་ཇ་ལོག ཁ་ཐོར་གདམས་པ། མཁྱུད་དཔྱད་རྫུ་འཕྲུལ་བཅོས་དང་དྲུག ནུས་པ་བརྒྱད་ཡོད་པ་བཞིན་དུ་ཡོན་ཏན་བརྒྱད་ལྡན། ཞུ་རྗེས་གསུམ་ལྡན་བཞིན་དུ་རྟགས་བཅོས་ཐབས་རྗེས་གཅོད་གསུམ་དུ་སྟོན་པ་རྣམས་བསྡོམས་པས་གླེག་བམ་གཅིག ཕྱག་ན་རྡོ་རྗེས་གསུངས་པར་གྲགས་པའི་《རྩ་བའི་རྒྱུད་》ལེའུ་བཞི་བཅུ་རྩ་གཉིས། དེའི་འགྲེལ་པ་རྩ་བའི་དྲང་སྲོང་བརྒྱད་དང་ཕྲན་བུ་བཅུ་གསུམ་གྱིས་བྱས་པའི་ལེའུ་ཉེར་བཞི་པ། བཅོས་ཐབས་ཉེར་གཉིས་པ། ཚིག་རྐང་བརྒྱད་པ་ཞེས་བྱ་བ་རྣམས་བསྒྱུར་རོ།།

          གཞན་ཡང་ཧྭ་ཤང་པེ་ན་ཙེ་ཏས། རྒྱལ་བློན་དམངས་གསུམ་ལ་གདམས་པ་《རྩ་བ་རིན་པོ་ཆེའི་མཛོད་ལྔ་》དང་།  《ཡན་ལག་མཛོད་ཆེ་འབྲིང་།》  《སྤྱི་དོན་འགྲེལ་པ།》 ཕྱི་ལྟར་དམངས། ནང་ལྟར་བློན་པོ། གསང་བ་ལྟར་རྒྱལ་པོ་ལ་གདམས་པའི་སྐོར་གེགས་སེལ་དང་བཅས་པའང་བསྒྱུར། དེའི་སྐོར་ཀོང་སྤྲུལ་གྱི་《ཤེས་བྱ་མཛོད་》ལས། ཁྲི་སྲོང་དུས་ན་སྤྲུལ་པའི་སྲས་གསུམ་གཞུང་།  །པོ་ཏི་ཁ་སེར་རྒྱལ་བློན་དམངས་གསུམ་དང་།  །རྒྱ་ཞང་ཧོར་བོད་འ་ཞའི་མཁས་གཞུང་བཙུགས། །ཞེས་པ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞལ་བཞུགས་པའི་སྐབས་སུ་བོད་ཀྱི་གསོ་རིག་གོང་འཕེལ་ཡོང་ཆེད་མཁས་པ་མང་པོ་གདན་དྲངས་ཏེ་རང་རང་གི་གཞུང་སྲོལ་བཟང་པོ་འཛུགས་པར་མཛད་པ་ལས། གསོ་དཔྱད་བསྟན་པ་ཕྱོགས་དུས་ཀུན་ལ་དར་ཞིང་ཡུན་རིང་དུ་གནས་པའི་མཛད་འཕྲིན་རླབས་པོ་ཆེ་འདི་དག་བྱུང་བའོ།།

མཆན་བུ།

(1) དྷརྨ་རཱ་ཛ་ནི་ལེགས་སྦྱར་སྐད་ཡིན་ཅིང་།  བོད་སྐད་དུ་ཆོས་ཀྱི་རྒྱལ་པོ་ཞེས་ཟེར། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་འབུགས།》 ཤོག་༡༥༨ནང་དྷརྨ་རཱ་ཛས་རླུང་མཁྲིས་བད་ཀན་གསུམ་དུ་ཕྱེ་ནས་དེའི་གཉེན་པོ་འབུ་ཤག་ཆེ་ཆུང་ལ་སོགས་བསྒྱུར། ཞེས་གསུངས།

(2) ཧ་ཤང་མཧཱ་ཀྱིན་ད་ཞེས་པ་བོད་སྐད་དུ་བཟོད་པ་ཆེན་པོ་ཞེས་སུ་གྲགས།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།