སྤྱི་ལོ་ ༡༩༩༦ ཟླ་ ༡༡ ཚེས་ ༥ ཉིན་ཤར་ནུབ་བོད་སྨན་ཚོགས་འདུ་ཞེས་པ་སྨན་རྩིས་ཁང་དུ་འཚོགས་པའི་སྐབས་སྨན་རྩིས་ཁང་གི་སྨན་པ་དང༌། སྨན་རྩིས་སློབ་ཕྲུག སྨན་པ་པ་སངས་ཡོན་ཏན་ཨརྱ་ལགས་ནས་འགོ་འཁྲིད་པའི་ཕྱི་རྒྱལ་བ་བཅས་ལ་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོ་ཉི་མ་གསུམ་གྱི་ཚོགས་འདུ་འཚོག་རྒྱུར་དེ་རིང་ཉིན་དང་པོ་ཡིན་པ་རེད། ཁྱེད་རང་ཚོར་ཚོགས་འདུའི་ཐོག་ལ་བཀྲིས་བདེ་ལེགས་ཞུ་འདོད་བྱུང༌། ད་ཁྱེད་རང་ཚོའི་ཚོགས་འདུ་ཉི་མ་གསུམ་གྱི་དུས་ཚོད་མང་བ་ཞིག་སྐད་བསྒྱུར་རྒྱུར་འགོར་ཏེ། ཉི་མ་གཅིག་དང་ཕྱེད་ཀའི་བཟོ་འདྲ་པོ་ཆགས་ཀྱི་རེད། སྐད་བརྡ་མ་འཕྲོད་པའི་དཀའ་ངལ་ཡོད་རེད། ཡིན་ནའང་ཁྱེད་རང་ཚོས་བོད་ཀྱི་རིག་གཞུང་སྤྱི་དང༌། ལྷག་པར་གསོ་བ་རིག་པ་དང༌། རྩིས་ཀྱི་རིག་གཞུང་ཐོག་ལ་ཁྱེད་རང་ཚོས་དོ་སྣང་བྱས་པར་དགའ་པོ་བྱུང༌། ངས་དྲན་ཚོད་བྱས་ན་ཕལ་ཆེར་དེ་རིང་ཚོགས་འདུ་འདི་རིགས་འཚོགས་བསྡད་པ་དེ་དང་པོ་ཆགས་བསྡད་ཡོད། སྤྱིར་ན་འཛམ་བུ་གླིང་གི་མི་རིགས་སུ་དང་སུའི་རིག་གཞུང་ཡིན་ཡང་དེ་འཛམ་བུ་གླིང་སྤྱིའི་རིག་གཞུང་གི་ཆ་ཤས་ཆགས་བསྡད་ཡོད། ཡང་སྒོས་བོད་ཀྱི་རིག་གཞུང་འདི་སྤྱིར་འཛམ་བུ་གླིང་འདིའི་སྒང་གི་རིག་གཞུང་རྙིང་པ་ཞིག་ཡིན་པ་ཙམ་དུ་མ་ཟད། ཕལ་ཆེར་དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་ཡིན་ནའང་འབྲེལ་བ་ཡོད་པའི་རིག་གཞུང་ཞིག་རེད་བསམས་བསྡད་ཀྱི་ཡོད། ནང་དོན་རིག་པའི་ཐོག་ནས་མིའི་བསམ་བློའི་གཏོང་ཕྱོགས་ལ་ཕན་ཐོགས་ཡོད་པ་ཞིག་དང༌། བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ཕལ་ཆེར་ཧོ་ལི་སེ་ཊིག (Wholistic) ལུས་སེམས་ཡོངས་སུ་རྫོགས་པའི་གང་ལྟར་མིའི་ཕུང་པོ་ལྔ་ཚང་མར་འབྲེལ་བ་ཡོད་པའི་སྨན་བཅོས་ཀྱི་ལུགས་ཤིག་ཆགས་བསྡད་པ་ཡིན་དུས་གཙོ་བོ་ནང་དོན་རིག་པ་དང༌། གསོ་བ་རིག་པ་གཉིས་ཀྱི་ཐོག་ནས་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་ལ་ཡང་ཕན་ཐོགས་ཡོད་པ་ཞིག་དང༌། འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་རེད་བསམས་ཀྱི་འདུག དེ་འདྲའི་རིག་གཞུང་འདི་དེང་སང་སོ་སོའི་ལུང་པའི་ནང་ལ་བརླག་འགྲོ་རྒྱུའི་ཉེན་ཁ་ཞིག་གི་སྒང་ལ་སླེབས་བསྡད་ཡོད། གཅིག་ནས་ཕན་ཐོགས་ཡོད་པ་ཞིག་དང༌། གཉིས་ནས་བོད་ནང་བརླག་ཉེན་ཛ་དྲག་ཡོད་བསྡད་པ་ཞིག་གི་གནས་ཚུལ་རྒྱུ་མཚན་དེ་གཉིས་ཀྱི་ཐོག་ནས་འཛམ་བུ་གླིང་ཕྱི་རོལ་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱས། ད་ལྟ་སྐབས་སུ་བབས་པ་གསོ་བ་རིག་པའི་ཐོག་ལ་གཙོ་བོ་ཁྱེད་རང་ཚོས་དོ་སྣང་བྱས། དེའི་སྐོར་ལ་ཉམས་ཞིབ་བྱས། བགྲོ་གླེང་བྱེད་པ་འདི་ཏན་ཏན་ཕན་ཐོགས་ཆེན་པོ་གཅིག་དང༌། བོད་ཀྱི་རིག་གཞུང་སྐྱོབ་རྒྱུའི་ཐོག་ལ་ཡིན་ནའང་འབྲེལ་བ་ཡོད་རེད། དེ་འདྲ་ཡིན་ཙང་ཁྱེད་རང་ཚོས་ཐུགས་འཁུར་བཞེས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རང་ཚོས་ད་རེས་གློ་བུར་ལ་དོ་སྣང་གསར་དུ་བྱས་པ་ཙམ་མ་ཡིན་པ་རྒྱུན་དུ་ནས་དོ་སྣང་བྱེད་ཀྱི་ཡོད་པའི་རྟགས་མཚན་བཀོད་རྒྱུ་དེ་འདྲ་ཁྱེད་རང་ཚོས་བཟོས་ཡོད་པ་ཡིན་དུས་ངས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡིན།
དེ་ནས་ང་རང་ཚོ་བོད་པ་ཚོར་དམིགས་བསལ་གསར་པ་ལབ་རྒྱུ་གཞན་དག་མི་འདུག་སྟེ། བོད་སྨན་ཐོག་འཛིན་པའི་ཤར་ནུབ་གཉིས་ཀྱི་ལྟ་སྟངས་མི་འདྲ་བ་ཡོད། ང་རང་ཚོ་བོད་སྨན་སྐོར་ད་ལྟ་བཤད་མ་ཐག་པ་བཞིན་གང་ལྟར་དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པ་ཞིག་དང༌། ཏན་ཏན་མ་འོངས་པ་ལ་ཡར་རྒྱས་ཆེན་པོ་འགྲོ་རྒྱུའི་ནུས་པ་དང་གོ་སྐབས་ཡོད་པ་ཞིག་ཆགས་བསྡད་ཡོད། འདིར་ཤར་ནུབ་གཉིས་ཀྱི་མཐོང་ཚུལ་གང་འདྲ་གང་འདྲ་ཡོད་པ་དང་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་སྨན་བཅོས་སམ་ཚན་རིག་གསར་པའི་ཐོག་ནས་སྨན་བཅོས་བྱེད་སྟངས་ཉམས་མྱོང་ཡོད་པ་དང༌། རྒྱུས་མངའ་ཡོད་མཁན་ཚོའི་ངོས་ནས་བལྟ་སྟངས་འདྲ་པོ་གང་འདྲ་ཡོད་པ་དེ་ཚོ་ང་རང་ཚོས་ཤེས་ཐུབ་པ་དང༌། ང་རང་ཚོས་དེ་ཚོ་མཐོང་ཐུབ་ན་དེ་ཡང་གནད་འགག་ཆེན་པོ་ཡོད། དཔེར་ན། ང་རང་ཚོ་བོད་པའི་ནང་དོན་རིག་པ་སློབ་སྦྱོང་བྱེད་རྒྱུའི་ནང་ལ་མུ་སྟེགས་པའི་ལྟ་བ་མང་པོ་ཞིག་སྦྱང་གི་ཡོད། དེ་ག་རེ་བྱས་ནས་སྦྱང་གི་ཡོད་རེད་ཅེས་ལབ་པ་ཡིན་ན། བོད་ནང་ལ་མུ་སྟེགས་པའི་ལྟ་བ་སྦྱང་བ་མ་རེད། ནང་པ་རང་ཉིད་ཀྱི་གྲུབ་མཐའི་གནས་སྟངས་དེ་ལ་ཕྱི་རོལ་པ་ཚོས་རྩོད་པ་གང་འདྲ་ཞིག་རྒྱག་གི་ཡོད་པ་དང༌། ཡང་མཐུན་པ་ག་རེ་ག་རེ་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་ཤེས་པ་ཡིན་ན། ནང་པ་རང་ལུགས་ཀྱི་ཁྱད་ཆོས་དང་འགྲོ་སྟངས་ལ་ངེས་པ་བརྟན་པོ་རྙེད་ཐུབ་པ་ཡོང་གི་ཡོད། མ་རྟོགས་པ་དང་ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མས་མ་གོས་པའི་ཆེད་དུ་བསྲེག་བཅད་བརྡར་གསུམ་བྱས་ནས་དཔྱད་བསྡུར་བྱས་ཡོང་དུས་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད། རྩ་བ་དཔེ་དེ་བཞིན་དུ་བྱས་ནས། ང་རང་ཚོའི་གསོ་བ་རིག་པའི་རིག་གཞུང་གི་ཐོག་ལ་ཡིན་ན་ཡང༌། རང་ཉིད་ཀྱི་ཕ་མེས་ནས་ཡོད་བསྡད་པའི་གསོ་བ་རིག་པའི་རིག་གཞུང་དེའི་ཐོག་ལ་དེང་དུས་ཀྱི་བསམ་བློ་དང་དེང་དུས་ཀྱི་བལྟ་སྟངས་ཐོག་ནས་བལྟ་མཁན་ཚོས་མཐོང་ཚུལ་འདྲ་པོ་ག་རེ་ཡོད་མེད། ཡང་དེའི་ཐོག་ནས་འགལ་བ་དེ་འདྲ་ག་རེ་ཡོད་མེད། འགལ་བ་དེ་ཡང་ངོ་ཐོག་རང་དོན་དངོས་ཐོག་ཡོད་པ་ཡིན་མིན། ཧོབ་སྟེ་སྣང་ཚུལ་གྱི་ཐོག་ནས་འགལ་བར་མཐོང་བ་མ་གཏོགས། དོན་གྱི་གནས་སྟངས་ཀྱི་ཐོག་ནས་གཅིག་གྱུར་ཡིན་དང་མིན་སོགས་དེ་འདྲའི་རིགས་ལ་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོང་གི་རེད། དེ་ཚོའི་རིགས་ང་ཚོས་རྟོགས་དགོས་པའི་ཁྱད་ནོར་ལྟ་བུ་ཆགས་བསྡད་འདུག དེ་འདྲའི་ཐོག་ནས་ང་རང་ཚོར་གནའ་རབས་ནས་ཡོད་བསྡད་པའི་གསོ་བ་རིག་པའི་རིག་གཞུང་ནང་ལ་ཡང་བརྟག་དཔྱད་གཏོང་སྟངས་སྒོ་གསར་པ་ཞིག་གི་ཐོག་ནས་བསམ་བློ་བཏང་དགོས་རྒྱུ་དང༌། སྒོ་གསར་པ་ཞིག་གི་ཐོག་ནས་བརྟག་དཔྱད་བྱེད་དགོས་དེ་འདྲ་ཡོང་སྲིད་ཀྱི་རེད། ཉམས་ཞིབ་བྱེད་རྒྱུ་དེ་འདྲ་ཁ་ཤས་ཁ་ཤས་ཡོང་སྲིད་ཀྱི་རེད། ཡང་རིགས་ཁ་ཤས་ནང་ལ་ཏན་ཏན་ང་རང་ཚོ་དེ་སྔ་སོ་སོའི་ལུང་པའི་ནང་ལ་སོ་སོ་རང་ཉིད་ཀྱི་སྤྱི་ཚོགས་ཁོ་ནའི་ནང་ལ་འཐོམས་བསྡད་པའི་རྐྱེན་གྱིས་ཕྱི་ལ་འབྲེལ་བ་མ་བྱུང་པ་དང༌། མཐོང་རྒྱ་ཐོས་རྒྱ་ཉུང་དྲགས་པའི་རྐྱེན་གྱིས་གནས་དོན་མ་རྟོགས་པའི་རྐྱེན་གྱིས་འཐུས་ཤོར་ཕྱིན་པ་དེ་འདྲ་ཡང་ཡོང་མི་སྲིད་པ་མ་རེད། ང་རང་ཚོས་བཙོག་ན་ཡང་ཨ་ཕའི་ཁ་ཕོར་ལབ་པ་བཞིན་རིགས་འགའ་ཞིག་ལ་ང་ཚོས་ཞེན་ཁོག་བྱས། ཕྱོགས་གཞན་དག་ཅིག་ནས་བལྟས་ཡོང་དུས་ང་རང་ཚོས་དེ་སྔ་མཐོང་རྒྱ་ཐོས་རྒྱ་ཉུང་དྲགས་པའི་རྐྱེན་གྱིས་གསལ་པོ་མ་ཤེས་པའི་ཉེར་ལེན་གྱིས་སྐད་ཆ་ལྷག་བསྡད་པ་བྱུང་བ་ཡིན་ན་དེ་ང་ཚོ་སྤམ་ཤོར་དགོས་དོན་མེད། ལུང་པ་གང་དང་སྤྱི་ཚོགས་གང་དུ་ཡིན་ནའང་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པའི་སྐབས་ལ་དེ་སྔ་མཐོང་རྒྱ་ཐོས་རྒྱ་ཉུང་དྲགས་པའི་རྐྱེན་གྱིས་སྐད་ཆ་ལྷག་པ་དེ་ཚོ་རིམ་པས་སེལ་འགྲོ་བ་ཆོས་ཉིད་རེད། དེ་ལ་འགལ་བ་གང་ཡང་མེད། དེ་འདྲ་ཡོད་པ་ཡིན་ནའང་ང་ཚོས་ཤེས་དགོས་པ་ཞིག་རེད། བོད་པ་རང་ཉིད་མཐོང་རྒྱ་ཐོས་རྒྱ་ཆེན་པོ་ཞིག་ཡོད་མཁན་ཞིག་གིས་བལྟས་ཡོང་དུས་ཕྲན་བུ་མ་འགྲིག་པ་དང་མ་རན་པ་ཞིག་གལ་སྲིད་ཡོད་པ་ཡིན་ན། ང་རང་ཚོ་རང་གིས་གནས་ཚུལ་དེ་ཤེས། གནས་ཚུལ་དེའི་ཐོག་ལ་ཉམས་ཞིབ་ཡག་པོ་བྱེད་ཐུབ་པ་བྱུང་བ་ཡིན་ན། ཕན་ཐོགས་ཡོད་རེད་བསམས་པ་དྲན་སོང༌། ང་རང་ཚོས་དེ་ཡག་པོ་མ་ཤེས་པ་བྱས། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ལ་ཐེ་ཚོམ་སྐྱེས་ནས་བསྡད་མཁན་མི་ཞིག་གིས་སྔོན་ལ་དེ་མཐོང་བ་ཡིན་ན་ཡག་པོ་མེད། ང་རང་ཚོའི་གསོ་བ་རིག་པའི་ཐོག་ལ་རྒྱུས་ཡོད་ཆ་ཚང་ཡོད་བསྡད་མཁན་ཞིག་གིས་ཕྲན་བུའི་འགལ་འདུ་ཞིག་དང༌། ཕྲན་བུའི་མི་བདེ་བ་ཅུང་ཟད་ཅིག་མཐོང་བ་ཡིན་ནའང་དེ་གནད་འགག་གང་འདྲ་ཞིག་གི་ཐོག་ནས་སེལ་ཐབས་འདུག་བསམས་པའི་ལམ་ཞིག་རྙེད་སྲིད་མདོག་ཁ་པོ་རེད། བོད་ཀྱི་གནས་ཚུལ་སྤྱི་ཡོངས་དེ་མ་ཤེས་པ་བྱས། སྨན་གཞུང་དེ་སྔ་མོ་སྔ་མོའི་རེད། རྗེས་ལུས་ཀྱི་རྣམ་པ་ཞིག་ཡོད་པ་ཐག་ཆོད་བསམས་ནས་དྲན་བསྡད་མཁན་མི་ཞིག་གིས་སྐྱོན་དེ་རིགས་མཐོང་ན། དེ་ལ་ཁུངས་མི་འདུག་ཟེར་རྒྱུའི་གོ་སྐབས་ཏན་ཏན་ཡོད། དཔེར་ན། ང་རང་ཚོ་ནང་པའི་ཆོས་ལ་ཆ་བཞག་ན། ནང་པའི་ཆོས་ཀྱི་གཞི་རྩའི་གནས་སྟངས་མ་ཤེས་མཁན་མི་ཞིག་གིས་བོད་ཀྱི་ཆོས་མན་ཌལ་ཕུལ་ཏེ་རི་རབ་གླིང་བཞི་བཤད་པ་དེ་ལ་ཁུངས་ཁྱོན་ནས་ཡོད་མ་རེད་ལབ་བསྡད་མཁན་ཞིག་ཡོང་སྲིད་ཀྱི་རེད། ནང་པའི་ཆོས་གང་འཚམས་ཤེས་མཁན་ཞིག་གི་ངོས་ནས་བཤད་པ་ཡིན་ན། ནང་པའི་ཆོས་ཀྱི་རྨང་གཞིའི་སྒྲོམ་བདེན་པ་བཞི་དང༌། བདེན་པ་གཉིས་ཟེར་བ་དེ་འདྲའི་ཐོག་ནས་བསླངས་ཡོད་པ་ཡིན་དུས་རི་རབ་གླིང་བཞིའི་གླིང་ཕྲན་གྱི་རྣམ་གཞག་འཛམ་བུ་གླིང་གི་དེང་སང་དངོས་སུ་མཐོང་བ་འདི་དང༌། མ་མཐུན་པའི་གནས་ཚུལ་བཤད་པ་དེས་རྐྱེན་བྱས་ནས་ནང་པའི་ཆོས་སླ་རུ་འགྲོ་བའི་རྒྱུ་མཚན་རྩ་བ་ཉིད་ནས་མེད། དཔེ་དེ་བཞིན་ང་རང་ཚོའི་སྨན་གཞུང་ནང་ལ་དེ་འདྲ་ཡོད་སྲིད་ཀྱི་རེད་སྙམ་པ་དེ་དྲན་གྱི་འདུག མཆོག་དམན་འགལ་འདུ་ག་རེ་ག་རེ་ཡོད་པ་དེ་ང་རང་ཚོས་ཤེས། དེ་ཤེས་པའི་ཐོག་ནས་འགལ་བ་སེལ་ཐབས་བྱེད་དགོས། དངོས་གནས་རང་མ་རྟོགས་པའི་དབང་གིས་ནོར་འཁྲུལ་ཕྱིན་པ་ཡིན་ན་དེ་ང་ཚོས་དེ་སྔ་གནས་ཚུལ་མ་ཤེས་པའི་རྐྱེན་གྱིས་ནོར་འདུག་ལབ་ན་དེ་ལ་འགལ་བ་གང་ཡང་མེད། དེ་འདྲའི་གནད་འགག་འདྲ་མེད་དམ་བསམས་པ་དྲན་བྱུང༌། ད་ལྟ་བོད་སྨན་གྱི་ཐོག་ལ་ཤར་ནུབ་ཀྱི་བལྟ་ཚུལ་འདྲ་མི་འདྲ་ཡོད་པ་རེད། བསྟོད་ར་གཏོང་མཁན་ཤ་སྟག་གི་གནས་ཚུལ་ཉན་བསྡད་པ་མིན་པར་མཐིལ་ཕྱིན་པ་དང༌། མཐོང་ཚུལ་མི་འདྲ་བ་དང་བསམ་ཚུལ་འདྲ་མི་འདྲ་ཡོད་པ་ཚང་མ་ཤེས་ཐབས་དང༌། དེ་ཚོའི་སྐོར་གོ་བསྡུར་ལྷུག་པོ་བྱུང་ཐུབ་ན་ཡག་པོ་ཡོང་གི་རེད། ཤེས་སོང་ངམ། དེ་མ་གཏོགས་གཞན་ང་ལ་ཤོད་རྒྱུ་གང་ཡང་མི་འདུག བཀྲིས་བདེ་ལེགས། ཞེས་བཀའ་སྩལ།
མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 11:11 PM
<< སྔ་མ།