སྤྱི་ལོ་ ༡༩༩༢ ཟླ་ ༡༢ ཚེས་ ༡ ཉིན་སློབ་དགེ་རྣམ་པ་དང༌། སྐབས་བརྒྱད་པའི་སློབ་ཐོན་སྨན་པ་བཅས་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ།
གསོ་བ་རིག་པ་འདི་ཉིད་རིག་གནས་ཆེ་བའི་གྲས་ཤིག་ཡིན་དུས་ལོ་ལྔའི་ནང་ཁོང་དུ་ཆུད་པ་ཡོང་གི་མ་རེད། ད་ལྟ་རིམ་པ་གཅིག་ཐོན་ཐུབ་པ་བྱུང་བ་རེད། ད་དུང་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན། ཁ་སྔོན་ང་མ་སུ་རིར་འགྲོ་སྐབས་ཕ་གིར་ལྷ་བྲིས་པ་ཐབས་ཆག་དེ་འདྲ་འདུག དེ་ཚོར་ངས་བཤད་རྒྱུ་བྱུང༌། ཁུངས་འཁྱོལ་ཙམ་ཞིག་ལ་བཞག་ནས་བོད་པའི་རི་མོ་ཡིན་ཟེར་ན་ཡག་པོ་མི་འདུག དེ་ག་ནང་བཞིན་བོད་པའི་སྨན་གྱི་ཐོག་ལ་ཆ་བཞག་ན། གསོ་བ་རིག་པ་འདི་གལ་ཆེན་པོ་ཞིག་དང༌། རིག་གནས་ཆེ་བའི་གྲས་ཤིག་ཡིན་པ་མ་ཟད། དེང་སྐབས་འཛམ་བུ་གླིང་འདིར་གནད་འགག་ཆེན་པོ་ཆགས་བསྡད་པའི་རིག་གནས་ཤིག་ལ་རོབ་ཙམ་སྦྱངས་ནས་ཤེས་པར་ཆ་བཞག་ན་ཉེན་ཁ་ཆེན་པོ་རེད། དེར་བརྟེན་མུ་མཐུད་ནས་དོ་སྣང་དང་སློབ་སྦྱོང་བྱས་ན་ཡག་པོ་རེད། ཁ་སྔོན་སྨན་རྩིས་ཁང་གི་འགན་འཛིན་ཚོ་དང་སྐད་ཆ་བྱུང༌། མ་འོངས་པར་ཉམས་མྱོང་གསོག་རྒྱུ་གཅིག་པུ་མ་ཡིན་པར་མཐོ་རིམ་འཛིན་གྲྭ་དེ་འདྲ་ཚུགས་རྒྱུའི་གྲ་སྒྲིག་བྱས་ན་ཞེས་འཆར་གཞི་འདྲ་པོ་བྱུང་བ་རེད། མདོ་དོན་ཁྱེད་ཚོས་རིམ་པ་གཅིག་ཙམ་སླེབས་ཚར་བ་རེད། མུ་མཐུད་ནས་ཡར་རྒྱས་གཏང་རྒྱུ་དང་སེམས་འཁུར་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་བོད་པའི་སྨན་དེ་ཆོས་དང་འབྲེལ་བའི་གསོ་བ་རིག་པ་ཞིག་རེད། དེའི་ནང་ནས་ཐེག་པ་ཆེན་པོའི་ཆོས་དང་འབྲེལ་ཡོད་ལ་གསང་སྔགས་ཀྱི་ཆོས་དང་ཡང་འབྲེལ་བ་ཡོད་བཟོ་འདུག གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ་གསོ་བ་རིག་པ་ལག་ལེན་བསྟར་དགོས་ཀྱི་རེད། ཕྱི་རྒྱལ་གྱི་སྨན་པ་ཞིག་ཡིན་ན། མ་གཞི་འགྲོ་བ་མིའི་འཕྲོད་བསྟེན་ལ་ཞབས་འདེགས་ཞུ་གི་ཡོད་ཀྱང༌། གཙོ་བོ་སོ་སོའི་ལག་རྩལ་དང་མི་ཚེ་འགྲོ་སྟངས་ཙམ་མ་གཏོགས་དེ་ལས་ལྷག་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་བྱ་ཞིག་དང༌། གཞན་ཕན་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་བྱེད་རྒྱུ་ཞིག་མེད་ཐབས་ཀ་མེད་ཆགས་ཀྱི་མེད། སྨན་པ་སེམས་པ་བཟང་པོ་ཞིག་དགོས་ཀྱི་རེད་ཟེར་བ་སྤྱིར་བཏང་ཤོད་རྒྱུན་དུ་ཡོད། ང་ཚོ་བོད་པའི་སྨན་གཞུང་གི་ཐོག་ནས་ཕན་སེམས་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད། བོད་པའི་སྨན་པ་ཞིག་ཡིན་ན་ཧ་ལམ་ཆོས་སེམས་ཡོད་པ་ཞིག་མིག་ལྟོས་སུ་འཇགས་ཐུབ་པ་བྱུང་ན་ཡག་པོ་རེད། སྨན་པ་སོ་སོའི་ངོས་ནས་དངོས་གནས་ཆོས་དང་མཐུན་པའི་བསམ་བློའི་འཁྱེར་སོ་དང༌། ཆོས་དང་མཐུན་པའི་ཀུན་སྤྱོད་ཅིག་བྱུང་བ་ཡིན་ན། བོད་པའི་སྨན་པ་ཟེར་དུས་གསོ་བ་རིག་པའི་སྨན་པ་ཙམ་དུ་མ་ཟད། བླ་མ་ལྟ་བུ་ཞིག་བྱུང་ནས་ཕན་སེམས་ཡོད་པ་ཡིན་དུས་གཞན་ལའང་ཕན་ཐོགས་ཆེ་བ་ཡོང་གི་རེད། སྔ་མོ་བོད་པའི་བཤད་རྒྱུན་ལ་སྨན་པ་དེ་མཁས་པ་ཡིན་ཡང་ཕན་གྱི་མི་འདུག གང་ཡིན་ཟེར་ན། སེམས་པ་བཟང་པོ་མེད། ཡང་སྨན་པ་ཁ་ཤས་སེམས་པ་བཟང་པོ་ཡོད་སྟབས་ཧ་ཅང་ཕན་པོ་འདུག་ཟེར་བ་དེ་འདྲ་ཡོང་གི་འདུག་པ་དེ་ཏན་ཏན་ཡིན་གྱི་རེད་བསམ་གྱི་འདུག ལག་རྩལ་གྱི་ཐོག་ལ་མཁས་པའི་ནུས་པ་ཞིག་ཡོད་པ་དེ་དང༌། ཕན་སེམས་ཟུང་དུ་འབྲེལ་ན་ཕན་ཆེ་བ་དེ་འདྲ་ཡོང་གི་ཡོད། དེ་གལ་ཆེན་པོ་རེད། ངས་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ལ་བསྟོད་བསྔགས་བྱེད་ཀྱི་ཡོད། ཁྱེད་ཚོས་ཞབས་འདྲེན་མ་ཞུ་རོགས། མུ་མཐུད་ནས་ཡར་རྒྱས་གཏོང་ཐབས་བྱེད་དགོས། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཅེས་བཀའ་སྩལ།།
མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 10:37 PM
<< སྔ་མ།