སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༧ ཉིན་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༧ ཉིན་བོད་གཞུང་དབུས་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ།
སྤྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༧ ཉིན་བོད་གཞུང་དབུས་སྨན་རྩིས་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་སྨན་རྩིས་ལས་སློབ་ཡོངས་ལ་སྩལ་བའི་བཀའ་སློབ། སྨན་རྩིས་ཁང་དུ་ཐེངས་མ་གང་ཙམ་སླེབས་ཡོད་རེད། ཐོག་མར་གཞི་མེད་ས་ཞིག་ལ་ང་རང་ཚོས་གཞི་རྩ་འདྲ་ཞིག་བཙུགས། དེ་ནས་དཀའ་ངལ་མང་པོ་ཞིག་བརྒྱུད་དེ་རིམ་པས་ཡར་རྒྱས་ཕྱིན་ནས་བར་སྐབས་སུ་ཡར་རྒྱས་ཕྱིན་པ་དེ་རྣམས་མཐོང་ཆོས་སུ་ཡོད་བསྡད་པ་རེད། དེ་ནས་ད་ལྟ་ལས་བསྡོམས་མར་བཤད་པའི་ནང་མ་གྲུབ་པ་དང༌། བྱེད་འཆར་ཡོད་བསྡད་པ་དེ་རྣམས་ཀྱི་སྙིང་བསྡུས་ཚུར་གསལ་པོ་དང་རྡོག་བསྒྲིལ་པོ་བཤད་དེ་ཡག་པོ་ཞེ་དྲག་བྱུང༌། ནམ་རྒྱུན་ངས་རྟག་པར་བཤད་ཀྱི་ཡོད། ཡག་ས་དེ་རྣམས་གཞན་དག་ཚོས་རང་བཞིན་གྱིས་བསྟོད་ར་བཏང་གི་རེད་ལ་མིས་བསྔགས་བརྗོད་ཀྱང་བྱེད་ཀྱི་རེད། ང་རང་ཚོ་འགན་འཁྱེར་མཁན་ཚོས་འཐུས་ག་ནས་ཤོར་གྱི་འདུག་གམ། ཉེན་ཁ་ཡོད་ས་ག་རེ་འདུག སྔོན་འགོག་བྱེད་དགོས་པ་ག་རེ་འདུག་ཅེས་བསམ་བློ་བཏང་སྟེ་སྐྱོན་ཆའི་ངོས་རྣམས་ལ་དམིགས་བསལ་དོ་སྣང་བྱས་ཏེ་ང་ཚོས་ཤེས་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་འདུག བྱས་ཙང་ད་ལྟ་ལས་བསྡོམས་བཤད་པ་དེ་བློ་ལ་བབས་པོ་ཞེ་དྲག་བྱུང༌། ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། སྔོན་མ་ནས་ང་ལ་ཡོད་པའི་བསམ་ཚུལ་ཏོག་ཙམ་དེ་ཚོའི་སྐོར་ལ་སྐད་ཆ་མང་པོ་ཞེ་དྲག་བྱུང་ཡོད་རེད་ལ། ད་ལྟ་རང་གིས་ལས་བསྡོམས་མར་བཤད་ཡོང་དུས་དེ་སྔོན་ང་ཚོ་སྐད་ཆ་བྱུང་བའི་ནང་ནས་ལག་ལེན་བསྒྲུབ་པ་འདི་ཚོ་བྱུང་སོང༌། ལག་ལེན་མ་བསྒྲུབ་པ་འདི་ཡིན་ཞེས་གསལ་བཤད་བྱས་སོང་ལ། ད་ང་ལ་སྐད་ཆ་གསར་པ་ཞེ་དྲག་གང་ཡང་བཤད་རྒྱུ་མི་འདུག ཁ་སེང་བྲེལ་བ་ཚ་བའི་སྒང་དེར་ང་ལ་འདིར་ཐུག་རྒྱུའི་སྐོར་ལ་ཟེར་གྱི་འདུག དེ་དུས་ངས་མར་ལབ་རྒྱུ་བྱུང༌། ད་ང་ལ་དམིགས་བསལ་གྱི་དེར་བསམ་འཆར་གསར་པ་ཤོད་རྒྱུ་གང་ཡང་མེད། གང་ལྟར་ང་ཚོར་དགོས་པ་དེ་ག་རེ་རེད་ཟེར་ན། ཡར་རྒྱས་དགོས་ཀྱི་ཡོད་རེད། ཡར་རྒྱས་བཏང་ཕྱོགས་དེ་འདི་གར་འབྲེལ་བ་ཡོད་བསྡད་མཁན། ལས་ཀ་བྱེད་མཁན། ཉམས་མྱོང་ཡོད་མཁན་ཚོ་ལ་རྒྱུས་ཆེ་བ་ཡོད་རེད། ང་ལ་ཤོད་རྒྱུ་དམིགས་བསལ་གང་ཡང་མི་འདུག ཁྱེད་རང་ཚོས་དངོས་ཡོད་ཉམས་མྱོང་གི་ཐོག་ནས་བསྒྲུབ་ཚོད་ཀྱི་ཡར་རྒྱས་ག་རེ་གཏོང་རྒྱུ་ཡོད་པ་དེ་རྣམས་ཐག་གཅོད་རྐྱང་བྱེད་ཟེར་ནས་ཁ་སེང་ལབ་རྒྱུ་དཻ་གནས་ཚུལ་དེ་འདྲ་ཡིན། གྲུབ་འབྲས་ཐོན་པ་དེ་རྣམས་ཁྱེད་རང་ཚོར་འབྲེལ་བ་ཡོད་བསྡད་མཁན་ཚང་མས་ཧུར་ཐག་བྱས་པའི་གོང་བུའི་ནུས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་རང་ཚོ་སྒྲིག་འཛུགས་ཀྱི་སྡེ་ཚན་དེའི་རིགས་ག་རེ་ཡིན་ན་ཡང་ཐུན་མོང་གི་ནུས་པའི་ཐོག་ནས་ལས་ཀ་བྱེད་དགོས་པ་ཞིག་དང༌། ཐུན་མོང་གི་ནུས་པའི་སྟེང་ནས་གྲུབ་འབྲས་ཐོན་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། མི་གཅིག་གི་རྣམ་དཔྱོད་དང་ནུས་པ་ལ་བརྟེན་ནས་གྲུབ་འབྲས་དང་ཡར་རྒྱས་ཐོན་ཐུབ་རྒྱུ་དེ་ཁག་པོ་རེད། དེ་འདྲ་ཡིན་དུས་ད་ལྟ་ཕན་ཆད་ཀྱི་གྲུབ་འབྲས་དེ་རྣམས་ཚང་མས་ཐུན་མོང་གི་ནུས་པའི་སྟེང་ནས་བསྒྲུབས་པ་རེད། ད་དུང་ཡང་ཡར་རྒྱས་ཡག་པོ་ཞིག་ཡོང་བ་ལ་ཁྱེད་རང་ཚོ་ཚང་མས་སེམས་འཁུར་བླངས། རང་གཞན་སུ་ཡིན་ཡང་སྒེར་དོན་མ་བསམ་པ་ཕལ་ཆེར་ཡོང་གི་མ་རེད། སྒེར་དོན་གྱི་ནང་ནས་མང་ཆེ་བ་ཞིག་དངུལ་གྱི་དོན་དག་རེད། མང་ཆེ་བར་བསམ་བློ་དེ་ཡོང་གི་རེད། དངུལ་དགོས་པ་རེད། རེད་དེ་ཡིན་ན་ཡང་སྒེར་དོན་གཙོ་བོ་བྱས་ཏེ་སྤྱྀ་པའི་ལས་ཀ་དེ་མིང་ཙམ་ཞིག་འཁྱེར། སོ་སོའི་ནུས་པ་བཏོན་ས་དེ་སྒེར་དོན་སྒང་ལ་བསྒྲིལ་བ་དེ་འདྲ་ཕལ་ཆེར་ད་ལྟ་ཡོད་ས་མ་རེད་ལ། དེ་འདྲ་ནམ་ཡང་མེད་པ་ཞིག་དགོས་ཀྱི་རེད། ཤེས་སོང་ངམ། ང་རང་ཚོས་སྤྱིར་བཏང་ཕར་ཙམ་དེར་རྒྱ་མིར་དཔེ་ཞིག་ལྟོས་དང༌། བཙན་དབང་དེ་ག་འདྲ་པོ་ཞིག་ཡོད་རེད། སྒྲིག་འཛུག་དམ་པོ་དེ་ག་འདྲ་པོ་ཞིག་ཡོད་རེད་དེ་ཡིན་ན་ཡང་ནང་གི་སེམས་མ་འདུལ་དུས་སྤྱི་པའི་མིང་དེ་ཁྱེར་ནས་ལག་ལེན་ངོ་མའི་ཤུགས་བསྒྲིལ་ས་དེ་སྒེར་དོན་སྦ་ཁུག་བརྒྱང་རྒྱུ་དེའི་སྒང་ལ་ཕྱིན་ཏེ་ལུང་པ་རང་གི་ནང་ལ་དཀའ་ངལ་ག་ཚོད་འཕྲད་ཀྱི་འདུག འབ་སུ་མ་འདུས་པའི་དཀའ་ངལ་འཕྲད་བསྡད་པ་དེ་ང་ཚོས་མཐོང་བསྡད་ཀྱི་ཡོད་རེད། དེ་དཔེ་བླངས་ཏེ་ང་ཚོ་འདིར་བཙན་བྱོལ་བ་ཆགས་ཏེ་རང་གི་ལུང་པ་ལ་བསྡད་ཡོད་མ་རེད། མིའི་ལུང་པར་བསྡད་ཡོད་རེད། ང་ཚོ་མིའི་ལུང་པར་བཙན་བྱོལ་བ་བྱས་ནས་ཡོད་བསྡད་པ་དེ་འཚོ་ཡང་ལྷག་བསམ་གྱི་སྒོ་ནས་འཚོ་དགོས་ཀྱི་རེད་མ་གཏོགས། ལུང་པ་ཡོད་མཁན་ནང་བཞིན་གྱི་ཁྲིམས་དང་སྒྲིག་གི་སྒོ་ནས་ཚགས་ཚུད་པོ་བྱེད་རྒྱུ་ཟེར་བ་དེ་ཁག་པོ་ཞེ་དྲག་རེད། འདས་པའི་ལོ་བཞི་བཅུ་ཞེ་གཅིག་གི་རིང་ལ་ང་རང་ཚོ་བོད་པའི་དཔེ་ལ་ཡོད་པ་ནང་བཞིན། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་རྐེད་པ་ཞེས་ལབ་པ་ནང་བཞིན་ང་རང་ཚོ་བཙན་བྱོལ་བ་ཆགས་ནས་སྐྱོ་པོ་ཞེ་དྲག་རེད་དེ། ཡིན་ན་ཡང་འདི་ང་ཚོ་མཛུབ་མོ་འཛུགས་ས་ཡོད་པའི་ངོ་བོ་འདྲ་ཞིག་ཚུགས་བྱས་བསྡད་ཡོད་རེད། དེ་ང་རང་ཚོའི་སེམས་ཤུགས་དང༌། གཙོ་ཆེ་ཤོས་བོད་རྒྱ་ཆེའི་མི་དམངས་ཀྱི་ལྷག་བསམ་དང༌། ཞེན་ཁོག སྙིང་སྟོབས་བཅས་ཀྱི་མཐུ་ལ་བརྟེན་ནས་ང་ཚོའི་གོང་བུའི་ནུས་པ་བསྡད་བསྡད་ཡོད་རེད། བོད་དང་བོད་མི་ཟེར་ནས་མཛུབ་མོ་འཛུགས་ས་ཡོད་པ་དཻ་བོད་ནང་ལ་ཆ་བཞག་ན་རྒྱ་ཆེ་མི་དམངས་ཀྱི་སྙིང་སྟོབས་གཅིག་ཏུ་བསྒྲིལ་ཏེ་བསྡད་པ་ཡིན་ཙང་ད་ལྟ་ཡིན་ན་ཡང་ལྷག་བསྡད་ཡོད་རེད། ང་ཚོ་བཙན་བྱོལ་བ་ཡང་གོང་བུའི་ནུས་པ་ལ་བརྟེན་ནས་བོད་མི་བཙན་བྱོལ་བ་ཞེས་འཛམ་བུ་གླིང་འདིའི་སྒང་ལ་མཛུབ་མོ་འཛུགས་ས་ཡོད་པ་དང༌། བོད་པ་ཞེས་བཙལ་ན་རྙེད་རྒྱུ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། དེ་རྣམས་ང་རང་ཚོ་ཚང་མས་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་རྡོག་ལ་བསྒྲིལ་ནས་བསྡད་པ་ཡིན་ཙང་གྲུབ་འབྲས་དེ་རྣམས་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་ཚང་མས་རང་རང་སོ་སོའི་ལྷག་བསམ་བསྐྱེད་དེ་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། ང་རང་ཚོ་གངས་ཅན་ལྗོངས་སམ་གངས་ཅན་པ་ཞེས་ཞུ་རྒྱུ་དེའི་ཆོས་དང་རིག་གཞུང་དེ་གནས་དང་མི་གནས་དང༌། ཆགས་འཇིག་གི་མཚམས་ལ་སླེབས་པ་ཚང་མས་མཐོང་གསལ་རེད། དེ་འདྲ་ཡིན་དུས་ཧ་ལམ་བོད་མི་རིགས་ཆགས་ནས་ལོ་ཆིག་སྟོང་ལྷག་ཕྱིན་པ་རེད། དཔེར་ན་ནམ་རྒྱུན་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་བཤད་ཡོང་དུས་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས་བརྩིས་ན་ལོ་ཉིས་སྟོང་ལྷག་ཙམ་ཞིག་འགྲོ་བསྡད་ཡོད་རེད། དུས་ཡུན་དེའི་རིང་ལ་བོད་ཀྱི་མི་རིགས་དང་རིག་གཞུང་བཅས་པ་གནས་ཨེ་ཡོང་བསམ་པའི་སེམས་འཁྲལ་བྱེད་དགོས་པ་དེ་དུས་ད་ལྟ་བར་དུ་བྱུང་མྱོང་ཡོད་མ་རེད། དུས་ཚོད་དེ་འདྲ་ཞིག་གི་སྒང་ལ་ང་ཚོ་སླེབས་བསྡད་ཡོད་རེད། ང་རང་ཚོའི་མི་ཐོག་འདི་ཕྱོགས་གཅིག་ནས་སྤྱིར་བཏང་གི་ཁ་སྐད་ལ་བཤད་པ་ཡིན་ན་མི་ལུས་ཐོབ་པ་ཞེ་དྲག་གི་སྐལ་བ་བཟང་པོ་རེད། ཅེས་དང༌། སངས་རྒྱས་ཀྱི་ཆོས་ཡོད་སའི་ཞིང་ལ་སྐྱེས་པ་སྐལ་བ་བཟང་པོ་རེད་ཅེས་ང་རང་ཚོས་ནམ་རྒྱུན་ནས་བཤད་བསྡད་ཀྱི་ཡོད་རེད་ལ། སྒེར་སོ་སོའི་ངོས་ནས་བཤད་པ་ཡིན་ན་དངོས་གནས་དྲང་གནས་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་ཐོབ་སྟེ་ཡོད་པ་རེད། ཡིན་ན་ཡང་དུས་ཚོད་ལ་བསམ་བློ་གཏོང་དང༌། བོད་ཆགས་དང་འཇིག་པའི་མཚམས་ལ་སྐྱེས་པའི་མི་ཞིག་ཆགས་བསྡད་ཡོད་རེད། དེ་འདྲའི་ངོས་ནས་བསམ་བློ་བཏང་བ་ན་དངོས་གནས་དཀའ་ངལ་འཕྲད་པའི་སྐབས་ལ་གདོང་ལེན་བྱེད་ཐུབ་པ་བྱུང་ན་དཔའ་བོ་རེད། གཟི་བརྗིད་རེད། བཀྲ་ཤིས་ལོ་ལེགས་བྱས་ནས་ཡོད་པའི་ཁ་ཐུག་ལ་རྐང་བརྐྱང་ལག་བརྐྱང་བྱས་ནས་ཉི་མ་འཁྱོལ་ཕྱིན་པ་དེ་ཕྱོགས་གཅིག་ནས་སྐལ་པ་བཟང་པོ་ཡིན་མདོག་ཁ་པོ་རེད་དེ། ཕྱོགས་གཅིག་ནས་དེ་ལ་དེ་ཙམ་གྱིས་དཔའ་བོའི་རྣམ་དཔྱོད་སྟོན་རྒྱུའི་གོ་སྐབས་མེད་པ་རེད། བྱས་ཙང་དེ་འདྲ་ཡིན་དུས་ངས་ནམ་རྒྱུན་རྟག་པར་བཤད་བསྡད་ཀྱི་ཡོད། ང་རང་ལ་ཆ་བཞག་ན་ཕྱོགས་གཅིག་ནས་བསམ་བློ་བཏང་དུས་དུས་ཚོད་དེ་འདྲ་ཞིག་གི་སྒང་ལ་སྐྱེས་པའི་མི་ཞིག་དང༌། ྋརྒྱལ་དབང་གི་མིང་ཡོད་པ་དང༌། མི་ཚེ་དར་མ། མི་ཚེའི་སྙིང་པོ། འོ་མའི་བཅུད་ལྟ་བུ་དེ་མིའི་ལུང་པར་བསྐྱལ་བ་རེད། བཙན་བྱོལ་བའི་མིང་གི་ཐོག་ནས་བསྐྱལ་བ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཐབས་སྐྱོ་པོ་ཞེ་དྲག་རེད་དེ། ཕྱོགས་གཅིག་ནས་བསམ་བློ་བཏང་ན་མི་གོ་ཆོད་ཡོད་བསམ་པ་ཞིག་དྲན་བསྡད་ཀྱི་ཡོད། དེ་ནང་བཞིན་དུས་ཚོད་འདིའི་སྒང་ལ་སྐྱེས་པའི་ང་རང་ཚོ་བོད་པའི་མི་ཐོག་འདིས་མི་གོ་ཆོད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་ཉིན་རེ་ཉིན་རེ་སོ་སོའི་ཁང་པའི་ནང་ལ་འཛིན་ཆས་འདྲ་ཞིག་དང༌། ཕོགས་དང༌། དེ་ཚོའི་གྲས་ཨའུ་ཙམ་ཞིག་གིས་ང་འགྲིགས་བསྡད་ཡོད་བསམ་པ་དང༌། ཡང་སོ་སོའི་སྤུན་མཆེད་དེ་ཚོ་ནས་གཅིག་ནི་ཨ་མེ་རི་ཀར་ཡོད། གཅིག་ནི་ཡས་ཡས་ལ་ཡོད། དེས་ཀྱང་དངུལ་བཏང་གི་ཡོད། ད་ཨའུ་ཙམ་ཨའུ་ཙམ་ཡོད་བསམ་ནས་དེ་གའི་ངང་ལ་རྦད་དེ་འགྲིགས་བྱས་ཆོག་འདྲ་པོ་ཤེས་ནས། ད་དུང་དེའི་སྒང་ལ་ཏོག་ཙམ་ཏོག་ཙམ་སྣོན་པ་ཡོང་རྒྱུ་ལ་ཐབས་ཤེས་འདྲ་པོ་འདྲ་མི་འདྲ་བྱས་ཏེ། སྤྱི་པའི་དོན་དག་ལ་སེམས་འཁུར་གཙོ་བོར་བསྒྲིལ་མ་ཐུབ་པར་དེ་གའི་ངང་ལ་ཕྱིན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་རེད། བྱས་ཙང་དེ་འདྲ་ཡིན་དུས་ལྷོད་གཡེང་འགྲོ་རྒྱུ་དེ་ལ་གཟབ་གཟབ་ཞེ་པོ་གཅིག་བྱས་ན་མ་གཏོགས་ང་ལ་སེམས་ཁྲལ་ཆེ་ཤོས་དེ་ལྷོད་གཡེང་ངང་འགྲོ་ཡོང་བསམ་ནས་སེམས་ཁྲལ་ཞེ་པོ་གཅིག་ཡོང་བསྡད་ཀྱི་འདུག ང་ཚོས་གང་འདྲ་བྱས་ཡོང༌། བོད་པའི་གཤིས་ཀ་ལ་ཛ་དྲག་བྱུང་ན་གྱོང་པོ་བྱེད་ཐུབ་ཀྱི་རེད། ཛ་དྲག་རང་མེད་བཞིན་ཉི་མ་གང་འཁྱོལ་ལྟ་བུ་ཟབ་བེ་ཟོབ་བེ་བྱས། ཁ་ནས་མར་བཤད་དུས་བང་བསྒྲིགས་པོ་ཡོད་པ་ལ། ལག་ལེན་ངོ་མའི་ཐོག་ལ་མར་བཀར་བཏགས་ཤིག་བྱས་ཏེ་བརྡ་དེད་བཏང་བ་ཡིན་ན། ཏག་ཏག་རང་ཁ་ནས་བཤད་པ་ནང་བཞིན་མཛུབ་མོ་འཛུགས་ས་མེད་པ་དང་བསྟན་རྒྱུ་མེད་པ་དེ་འདྲ་ང་ཚོར་མང་པོ་ཡོང་གི་འདུག དེ་ལ་ཉི་མ་གཅིག་མངོན་གསལ་དོད་པོའི་གྲ་མ་འགྲིགས་པ་ཐོན་ཡོང་དུས། ད་གང་དྲག་ཅེས་དང༌། ད་གསོ་ཐབས་བྱུང་མ་སོང༌། ད་གསོ་ཐབས་བྲལ་བ་རེད་ཅེས་སེམས་འཁུར་ཡོད་མཁན་ཚོས་དབུགས་རིང་བཏང་སྟེ་སྡོད་དགོས་པ་ཞིག་དང༌། སེམས་འཁུར་མེད་མཁན་ཚོར་འཚོར་བ་གང་ཡང་ཡོང་གི་མ་རེད། བསམ་པ་ཁྱད་མཚར་ཡོད་མཁན་ཚོས། འོ་ད་འགྲིགས་སོང་ཟེར་བ་ཞིག་ཡོང་མི་སྲིད་པ་མ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ཚང་མས་རིག་པ་སྒྲིམ་ནས་ཤུགས་རྒྱག་པའི་དུས་ཚོད་རེད་མ་གཏོགས་ལྷོད་གཡེང་བྱེད་རྒྱུའི་དུས་ཚོད་ཅིག་མ་རེད། སྣང་བ་སྐྱིད་པོ་བྱེད་རྒྱུའི་དུས་ཚོད་མ་རེད། དེ་འདྲ་ཡིན་དུས་གཙོ་བོ་ཆེ་ཤོས་ཁྱེད་རང་ཚོ་འདིར་ལས་ཀ་བྱེད་མཁན་ཚོས་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་དེ་སོ་སོའི་སྐབས་སུ་བབས་པའི་ལས་འགན་རེད་ལ། ཡིག་ཐོག་ལ་ཡོད་པ་ནང་བཞིན་ལག་ལེན་ངོ་མའི་ཐོག་ནས་ཀྱང་བསྟན་རྒྱུ་ཡོད་པ་ཞིག་དགོས་ཀྱི་རེད། དེ་ཞེ་དྲག་གི་གལ་ཆེན་པོ་རེད། ཕར་ཙམ་དེར་རྒྱ་མི་གུང་བྲན་གྱིས་ཡི་གེའི་ཐོག་ལ་ཧ་ལས་པའི་འདྲ་ཆགས་པོ་དང༌། འབོར་ཤོབ་ཤོད་རྒྱུ་ཡོད་པ་ཞིག་ལ་ལག་ལེན་ངོ་མའི་ཐོག་ལ་འཛུབ་མོ་འཛུགས་ས་མེད་པ་ཡོང་གི་འདུག བྱས་ཙང་ང་ཚོས་འདིར་བོད་ཀྱི་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་པ་དེ་ཡང་བདེན་པའི་རྒྱུ་མཚན་དང་འབྲེལ་བའི་སྒོ་ནས་ང་ཚོས་བདེན་པའི་འཐབ་རྩོད་བྱེད་ཀྱི་ཡོད་རེད། ཕར་ཙམ་དེར་རྒྱ་མི་གུང་བྲན་ལ་བདེན་པའི་རྒྱུ་མཚན་མེད་པར་དཔུང་གི་ཐོག་ནས་དྲག་གནོན་གྱི་འཐབ་རྩོད་ཅིག་བྱེད་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ང་རང་ཚོས་རྩ་བའི་འཐབ་རྩོད་བྱེད་སྟངས་དེ་བདེན་པ་དང༌། རྒྱུ་མཚན་ཡོད་པ་ཞིག་གི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་ཡིན་དུས། ང་ཚོས་ལས་ཀ་བྱེད་པའི་ཁ་ཐུག་ཡིན་ན་ཡང་ཡིག་ཆའི་ཐོག་ལ་ཡོད་པ་དང༌། ཁ་ནས་བཤད་པ་ནང་བཞིན་ལག་ལེན་ངོ་མའི་ཐོག་ནས་ཀྱང་བསྟན་རྒྱུ་ཡོད་པ་བྱུང་ན་བདེན་པ་རེད། ཁ་ནས་ཞེ་དྲག་འདྲ་ཆགས་པོ་བཤད་རྒྱུ་ཡོད་བསྡད་པ་དང༌། ལས་བསྡོམས་ཐོག་ལ་ཞེ་དྲག་འདྲ་ཆགས་པོ་ཡོད་པ་ལ། ལག་ལེན་ངོ་མའི་ཐོག་དེ་ཙམ་རང་མེད་པ་ཡིན་ན་དེ་བདེན་པ་མ་རེད། དེ་ནི་མགོ་བསྐོར་གཏོང་གི་ཡོད་རེད། ལས་བྱེད་པ་དམའ་རིམ་ཞིག་གིས་ལས་བསྡོམས་འདྲ་ཆགས་པོ་ཞིག་ལབ། ང་རང་ཚོ་ཚོགས་འདུ་ཚོགས་པའི་ཁ་ཐུག་ལ་བཤད་པའི་ལས་བསྡོམས་དེ་ངའི་རྩ་ལ་ཡར་འབྱོར་ཡོང་དུས་ལག་ལེན་ངོ་མའི་ཐོག་ལ་ལས་བསྡོམས་ནང་བཀོད་པ་ནང་བཞིན་མེད་ན་མགོ་བསྐོར་བཏང་བ་རེད། དབུ་བསྐོར་ཞུས་པ་རེད། དེ་འདྲ་ཡིན་དུས་ང་ཚོས་དངོས་གནས་རང་བདེན་པ་བདེན་གཏུགས་དང༌། དྲང་བདེན་གྱི་དམིགས་ཡུལ་ཞིག་བཞག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་ཡིན་དུས། འཐབ་རྩོད་དེའི་བྱེད་ཐབས་ཀྱང་ང་ཚོས་བདེན་པ་བདེན་གཏུགས་དང༌། ཕྱི་གསལ་ནང་གསལ། ངོ་ལྐོག་མེད་པ། ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ངས་སྤྱི་ཡོངས་ཐོག་ནས་བཤད་ཀྱི་ཡོད། སྨན་རྩིས་ཁང་གཅིག་པུ་མ་རེད། ང་རང་ཚོས་ལས་རིགས་གང་དང་གང་ཡིན་ནའང་རེད། གྲོས་ཚོགས་ནང་ཡིན་ནའང་རེད། དེ་ག་ནང་བཞིན་བཀའ་ཤག་འཛིན་སྐྱོང་ནང་ཡིན་ནའང་རེད། འབྲེལ་བ་ཡོད་པའི་ལས་ཀ་ཆེ་ཕྲ་གང་དང་གང་ཡིན་ནའང་ང་རང་ཚོ་ཚང་མས་དངོས་གནས་རང་ཁ་ཡོད་ལག་ཡོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ངས་ད་ག་སེ་ཞུ་སྙིང་འདོད་སོང༌། མ་གཞི་ཚང་མས་མཁྱེན་གསལ་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དང་ལྷག་དོན་དུ་བཙན་བྱོལ་བའི་སྤྱི་ཚོགས་ནང་ད་ཕལ་ཆེར་མ་ཤེས་པའི་སྐྱོན་ཆ་དེ་ཧ་ལམ་ཡོད་མ་རེད། སྤྱི་ལོ་ ༡༩༦༠ ནང་ཡིན་ན་མ་ཤེས་པའི་སྐྱོན་ཆ་ཡོད་རེད། དེའི་ཁ་ཐུག་ལ་ངའི་ངོས་ནས་ཆ་བཞག་ན་ཡང་ཤེས་ཀྱི་མེད། ཡིན་ན་ཡང་ལྟོས་ས་ལྟོས་འཇོག་གིས་གཏེ་པོའི་དཀྱིལ་གྱི་གཟུགས་བཟང་འདྲ་ཞིག་བྱས་ཏེ། ལམ་བཟོ་ཁག་ཏུ་འགྲོ་དགོས་ཀྱི་ཨེ་ཡོད། སློབ་གྲྭ་ཁག་ཏུ་འགྲོ་དགོས་ཀྱི་ཨེ་ཡོད། གཞིས་ཆགས་ཁག་ཏུ་འགྲོ་དགོས་ཀྱི་ཨེ་ཡོད། མ་གཞི་དུས་ཚོད་ཀྱང་དེ་དུས་ང་ལ་མང་བ་ཡོད་རེད། དེ་འདྲའི་ཐོག་ལ་སྐད་ཆ་ཡང་ག་ས་ག་ལ་བཤད་བསྡད་པ་རེད། མ་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཡིན་དུས། རྒྱུས་ཕྲན་བུ་ཆེ་བ་ཡོད་པ་དེ་ང་རང་ཡྀན་པའི་ཁུལ་བྱས་ཏེ་བསྡད་པ་རེད། དེ་ནས་མར་བྱས་ཏེ་བདུན་ཅུ་དང༌། བརྒྱད་ཅུ། དགུ་བཅུ། ཉིས་སྟོང་སྒང་ལ་སླེབས་བསྡད་ཡོད་རེད། དུས་ཚོད་དེ་ཡོལ་ཚར་བ་རེད། ད་བྱས་མ་བྱས་རེད་མ་གཏོགས་ཤེས་མ་ཤེས་ཀྱི་གནས་ཚུལ་དེ་ཡོད་མ་རེད་བསམ་གྱི་འདུག དོ་བདག་སོ་སོའི་ངོས་ནས་ཧུར་ཐག་དང༌། རྒྱབ་མདུན་ངོ་ལྐོག་མེད་པ་ཞིག་མ་བྱས་ན་ད་བྱེད་རྒྱུ་གང་ཡང་མི་འདུག ད་སོ་སོ་སོ་སོས་སེམས་ཤུགས་བསྐྱེད། འདི་ཕྱིའི་ལས་འབྲས་དཔང་འཕེར་ཞིག་སོ་སོས་ཧུར་ཐག་བྱེད་རྒྱུ་རེད། དེ་རེད་མ་གཏོགས་གཞན་ང་ཚོས་འདིར་བཙན་པོ་བྱས་ཏེ་འདེད་རྒྱུ་ནི་ཡོད་མ་རེད། ཡིན་ན་ཡང་སྒྲིག་འཛུགས་ཤིག་གི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་ཡིན་དུས། ནམ་རྒྱུན་ནས་གསལ་པོ་དང༌། ཕར་ཚུར་བཤད་རེས་བཏང༌། མ་འགྲིག་མ་འཐུས་པ་བྱུང་ན་གསལ་པོ་བྱེད་དགོས། དེ་ནི་སྤྱི་པའི་དོན་དག་རེད་མ་གཏོགས་སྒེར་ལ་ན་རྒྱུ་ཚ་རྒྱུ་གང་ཡང་ཡོད་མ་རེད། སྤྱྀ་པའི་དོན་དག་ཡིན་དུས་གསལ་པོ་བྱས་ཏེ་བཤད་རེས་བཏང༌། ལྷོད་གཡེང་དུ་ཕྱིན་པ་ལྟ་བུ་དེ་འདྲ་ལན་གཅིག་ལན་གཉིས་བྱུང་ན་གསལ་བཤད་ཀྱི་ཐོག་ནས་འཁྱོག་པོ་ཡོ་བསྲང་བྱེད། ལན་གཅིག་ལན་གཉིས་ལན་གསུམ་བྱས་ནས་ནོར་བཅོས་བྱས་ཀྱང་ཡག་པོ་ཡོང་གི་མི་འདུག་ན། ད་ག་ལེར་ཐེག་གོ་ཟེར་ནས་མཚམས་བཞག་རྒྱུ་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་ལ་དེ་འདྲ་ཞིག་གི་ཐོག་ནས་ཕྲན་བུ་གཅུན་རྒྱུའི་ཐབས་ཤེས་ཡོད་པ་ཡིན་དུས་ང་རང་ཚོས་འཛེམས་ཟོན་སྤངས་པའི་ཐོག་ནས་སྤྱི་སེམས་རང་བསམ་པ་རྣམ་དག་དང་དྲང་ཐིག་གི་ལམ་ནས་མ་འདས་པའི་ཐོག་ནས་ལག་ལེན་དེ་འདྲ་ཞིག་འགེལ་རྒྱུ་དེ་གལ་ཆེན་པོ་རེད་འདུག གཞན་དམིགས་བསལ་ང་ལ་ཞུ་རྒྱུ་གང་ཡང་མི་འདུག ད་ལྟ་བར་དུ་ཡར་རྒྱས་ཕྱིན་པ་དེ་རྣམས་འཐུས་ཤོར་མི་འགྲོ་བ་ཞིག་དང༌། བྱུང་ཟིན་པའི་ཉམས་མྱོང་དེ་རྣམས་གཞི་ལ་བཞག་པའི་ཐོག་ནས་སྐབས་རེ་ང་རང་ཚོས་ཕྲན་བུ་ཕྲན་བུ་ཡ་ཡུད་བསྒྲིལ་དགོས་པ་དེ་འདྲ་ཡོང་གི་མེད་དམ་བསམ་གྱི་འདུག དཔེར་ན་བོད་སྨན་དང་ཕྱི་ལུགས་ཀྱྀ་སྨན་སྦྱོར་དེ་འདྲ་ཕན་ཚུན་འབྲེལ་བ་བྱེད་རྒྱུས་མཚོན་དེ་འདྲའི་རིགས་ཁ་ཤས་ལ་དངོས་གནས་རང་ཡ་ཡུད་ཕྲན་བུ་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད་རེད། ཉེན་ཁ་ཡོད་པ་ལྟ་བུ་ཡང་ཆགས་ཀྱི་ཡོད་རེད། དེ་ཚོའི་གྲས་ལ་སྙིང་སྟོབས་ཀྱིས་མ་འདང་བར་རྦད་དེ་འཁུམ་སྟེ་བསྡད་པ་ཡིན་ན་ཁུམ་གཅིག་པ་རང་རེད། གཞན་ཡང་སྐབས་རེ་ཡ་ཡུད་བསྒྲིལ་ཏེ་བློ་ཐག་བཅད་ནས་འགྲོ་དགོས་པའི་གནད་འགག་ཆགས་ཀྱི་མེད་དམ། གང་ལྟར་འཛམ་བུ་གླིང་སྤྱི་འགྲེ་སྤྱི་མཚུངས་ཀྱིས་ཁྲིམས་ཀྱི་ཐོག་ནས་ཡིག་ཆ་བཞག་རྒྱུ་དེ་ཚོའི་གྲས་གནས་ཚུལ་དེ་ཤེས་མཁན་གྱི་ཁྲིམས་དཔོན་དེ་འདྲ་ལ་འབྲེལ་བ་བྱས་ཏེ་ཡིག་ཐོག་ཏུ་དང་པོ་ནས་གསལ་པོ་བྱུང་བ་ཡིན་ན་ཕྲན་བུའི་བརྟན་པ་འདྲ་ཞིག་ཡོང་གི་རེད། དེ་འདྲའི་ཐོག་ནས་རིགས་ཁ་ཤས་ལ་ང་ཚོས་ཡ་ཡུད་ཏོག་ཙམ་བསྒྲིལ། ཡང་ཡ་ཡུད་ཆེ་དྲགས་ཏེ་ཐ་མ་ཕམ་ཉེས་ཕྱིན་ནས་དམིགས་མེད་འགྲོ་བ་དེ་འདྲ་ཡིན་ན་ནི་གནས་ཚུལ་ཁག་ཁག་རེད། གཞན་ཏོག་ཙམ་ཏོག་ཙམ་གྱོང་རག་པར་ཞེ་དྲག་ཞེ་དྲག་འགལ་བ་ཡོད་མ་རེད། དེ་འདྲ་སོང་ཙང་རིགས་ཁ་ཤས་ལ་ཏོག་ཙམ་ཤུགས་བརྒྱབ། ཡ་ཡུད་བསྒྲིལ་ཏེ་འགྲོ་དགོས་མེད་དམ། གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ད་ལྟ་བར་དུ་ང་རང་ཚོ་བོད་མི་བཙན་བྱོལ་བ་ཆགས་པའི་རྗེས་ལ་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་པོ་དང༌། སྤུས་དག་ཅིག་ཡོད་པ་དེ་འཛམ་བུ་གླིང་འདིའི་སྒང་ལ་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་གསར་པ་ཤར་བ་རེད། དེ་ལ་བརྟེན་ནས་སྤྱི་ལོ་ ༡༩༥༩ ནས་དུས་ད་ལྟ་བར་དུ་ལོ་ ༤༡ ལྷག་ཙམ་ཕྱིན་པ་དེའི་རིང་ལ་སྔར་ང་རང་ཚོ་རང་དབང་བྱས་ཏེ་སོ་སོའི་ལུང་པར་ཡོད་པའི་ཁ་ཐུག་ལ་མ་སྒྲུབ་པ་ཞིག དེང་འཛམ་བུ་གླིང་འདིའི་སྒང་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་སྤྲོད་གསལ་པོ་ཞིག་བྱུང་བསྡད་ཡོད་རེད། དེས་བོད་ཟེར་བ་དེའི་མི་རིགས་རྙིང་ཁུངས་ཤིག་དང༌། ལུང་པ་མཛེས་སྡུག་ཅན་ཞིག་ཡིན་པ་ཙམ་དུ་མ་ཟད། མི་རིགས་དེ་ལ་རིག་གཞུང་མཛེས་སྡུག་ཅན་ཞིག་དང༌། དངོས་གནས་དྲང་གནས་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་མི་ཆོས་བཟང་པོ་ཞིག་ཡོད་པ་དེ་འཛམ་བུ་གླིང་གི་སྒང་ལ་ད་གཟོད་གཞི་ནས་ཤེས་པ་དང༌། ངོ་མཚར་སྐྱེས་དགོས་ཤིག་དང༌། ཡིད་འཕྲོག་པ་ཞིག་གི་གནས་ཚུལ་ཆགས་བསྡད་ཡོད་རེད། དེ་འདྲ་ཞིག་ལ་འཛམ་བུ་གླིང་གི་མིས་དོ་སྣང་བྱས་ཏེ་མངོན་པར་བསྟོད་ནས་ཡོང་བའི་ཁ་ཐུག་ལ། ང་རང་ཚོའི་ངོས་ནས་མིས་བོད་པའི་གནས་ཚུལ་གྱི་ཐོག་ལ་ཡི་རངས། མངོན་པར་བསྟོད་ནས་ང་ཚོའི་རྩར་ཚུར་ཐུག་གར་ཡོང་དུས་ཉི་མ་གཅིག་འདྲིས། བདུན་ཕྲག་གཅིག་གཤིབས། ཟླ་བ་གཅིག་གཤིབས་ཡོང་དུས་ཨོ་ད་བོད་པ་ཚོ་སྐྱོ་སེ་འདུག་ཅེས་ཟེར་རྒྱུ་དེ་འདྲ་བྱུང་ཞིང་ངོ་ཚ་པོ་རེད། ངས་རྟག་པར་འབོར་ཤོབ་ཞེ་པོ་བཤད་བསྡད་ཀྱི་ཡོད། ང་ཚོ་བོད་པ་ཚོ་འདྲ་གི་མེད་ཞེ་པོ་གཅིག་ཡོད་ཅེས་བཤད་བསྡད་ཀྱི་ཡོད། ྋརྒྱལ་བ་རིན་པོ་ཆེའི་ཁ་ལ་བལྟས་ཏེ་ཡིན་པ་རེད་བསམ། དྷ་རམ་ས་ལར་ཕྱིན་པས་ཁུངས་ལུང་གང་ཡང་མི་འདུག་ཟེར་རྒྱུ་བྱུང་ཞིང་ཡག་པོ་ཡོད་མ་རེད། དེ་འདྲ་ཡིན་དུས་ཚང་མར་ད་རེས་ཀྱི་དུས་ཚོད་འདི་དངོས་གནས་རང་གོ་སྐབས་ཧ་ཅང་བཟང་པོ་ཡོད་པ་དེ་འདྲ་ཞིག་ལ་སླེབས་བསྡད་ཡོད་རེད། དེ་ལྟའི་གོ་སྐབས་འདིའི་ཐོག་ལ་ང་ཚོས་འཛམ་བུ་གླིང་འདིའི་སྒང་ལ་གང་ལ་གང་འཚམ་གྱི་ངོ་སྤྲོད་བྱེད་ཐུབ་པ་ཡོད་རེད་ལ། ད་དུང་ཡང་ལག་ལེན་ངོ་མའི་ཐོག་ནས་ངོ་སྤྲོད་ཐུབ་པ་བྱུང་བ་ཡིན་ན། ཚུར་ཙམ་དེར་བོད་ཀྱི་ཆོས་དང་རིག་གཞུང་རྒྱ་མིས་རྩ་མེད་བཟོ་གི་འདུག་ཟེར་བ་དེ་ལ་ལྗིད་ཁོག་ཅིག་སླེབས་ཡོང་གི་རེད། རིན་ཐང་ཞིག་སླེབས་ཡོང་གི་རེད། ཆོས་དང་རིག་གཞུང་ཡང་མི་རིགས་དེ་དང་དེའི་ལོ་རྒྱུས་ཀྱི་ཐོག་ནས་ཡོད་པ་ཡིན་ནའང༌། ད་ལྟ་ད་ལྟའི་འཛམ་བུ་གླིང་འདིའི་སྒང་ལ་ཕན་ཐོགས་མེད་ན་དེ་མེད་པར་ཆགས་པ་ལ་དེ་ཙམ་གྱིས་ཡ་མཚན་སྐྱེས་དགོས་དང༌། དེ་ཙམ་གྱི་བློ་གཡེང་བྱེད་དགོས་པ་ཞིག་མི་འདུག བོད་ཀྱི་ཆོས་དང་རིག་གཞུང་འདི་ལོ་རྒྱུས་ཡཽད་པའི་རྙིང་ཁུངས་ཤིག་ཡིན་པ་ཙམ་དུ་མ་ཟད། དངོས་ཡོད་གནས་ཚུལ་ལ་མི་ལ་ཕན་ཐོགས་ཡོད་པ་དེ་ཇི་ཙམ་གྱི་གསལ་པོ་ངོ་འཕྲོད་པ་དེའི་ཚོད་ཀྱིས་དེ་ལྟ་བུའི་ཆོས་དང་རིག་གཞུང་རྩ་མེད་བཟོ་གི་འདུག་ཅེས་ལབ་དུས་རང་བཞིན་གྱིས་ཕངས་སྣང་སླེབས་རྒྱུ་ཞིག་དང༌། གང་དྲག་བསམ་པ་དང༌། དེ་འགྲོ་བ་མི་སྤྱིའི་ཁེ་ཕན་ལ་ཐུག་གི་ཡོད། དེ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་བསམ་པ་ཞིག་རང་ཤུགས་ཀྱིས་སླེབས་ཡོང་གི་རེད། དཔེར་ན་ང་ལ་ངོ་ཤེས་པའི་མི་དེ་འདྲ་ཁ་ཤས་ཐུག་མྱོང༌། རྒྱ་གར་བ་དེ་འདྲ་དང༌། ཕྱི་རྒྱལ་བ་ཡང་ཐུག་མྱོང༌། ནད་པ་དེ་འདྲ་རེད། སྔ་མོ་བཅོས་ཐབས་ཁག་པོ་ཡོད་པའི་ནད་ཅིག་ཡོད་དེ་བོད་སྨན་བཟས་ནས་དྲག་སོང༌། མི་ལུས་གསར་པ་ཐོབ་སོང༌། མི་ཚེ་གསར་པ་ཞིག་ཐོབ་སོང༌། ད་སོ་སོས་བོད་ཀྱི་ཐོག་ལ་ག་རེ་བྱེད་རྒྱུ་ཡོད་ནའང་བྱེད་ཀྱི་ཡྀན་ཞེས་བཤད་མཁན་ཡོང་གི་འདུག དེ་ག་ནང་བཞིན་བོད་ཀྱི་ཆོས་དང་འབྲེལ་བ་བྱུང་ནས་སོ་སོའི་མི་ཚེར་འགྱུར་བ་ཕྱིན་སོང༌། ད་བོད་ལ་ཕན་པ་བྱེད་རྒྱུ་ག་རེ་འདུག ང་རང་གི་ངོས་ནས་བྱེད་རྒྱུ་ག་རེ་ཡོད་པ་བྱེད་ཀྱི་ཡིན་ཟེར་མཁན་ཡོང་གི་འདུག བྱས་ཙང་དེ་འདྲ་ཡིན་དུས་ང་རང་ཚོར་ཆོས་དང་རིག་གཞུང་དངོས་གནས་རང་ཟབ་པོ་ཞིག་དང༌། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་བསྡད་པ་དེ་ཇི་ཙམ་གྱིས་འཛམ་བུ་གླིང་འདིའི་སྒང་ལ་ངོ་འཕྲོད་པ་དེའི་ཚོད་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ཐོག་ལ་ཡིན་ནའང་ཕན་ཐོགས་ཞེ་པོ་གཅིག་ཡོད་པ་ཆགས་ཀྱི་ཡཽད་རེད། དེ་འདྲ་ཡིན་དུས་ང་རང་ཚོ་བོད་པའི་ལས་ཀ་གང་དང་གང་ཡིན་ནའང༌། ཐད་ཀར་བོད་ཀྱི་རང་དབང་རྩོད་ལེན་བྱེད་རྒྱུའི་ལས་འགུལ་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་གང་ལྟར་ང་རང་ཚོས་མི་རིགས་ཤིག་གི་འཐབ་རྩོད་བྱེད་ཀྱི་ཡོད་རེད། མི་རིགས་ཤིག་གི་བདེན་དོན་རྩོད་ཀྱི་ཡོད་པ་ཡིན་དུས་མི་རིགས་དེ་དང་འབྲེལ་བའི་གནས་ཚུལ་གང་དང་གང་ཡིན་ནའང༌། དེ་ཐམས་ཅད་བོད་ཀྱི་རང་དབང་བསྒྲུབ་རྒྱུའི་གྲུབ་ཆ་དེའི་ཐོག་ལ་དངོས་དང་བརྒྱུད་པའི་སྒོ་ནས་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་གསོ་བ་རིག་པར་ད་ལྟ་བར་དུ་གང་ལ་གང་འཚམས་ཀྱི་གྲུབ་འབྲས་ཐོན་བསྡད་ཡོད་རེད། ད་དུང་ཡང་ཚང་མས་ཧུར་བསྐྱེད་བྱེད་རོགས། བླ་སྨན་པ་བགྲེས་པ་ཚོ་རང་བཞིན་གྱི་ཆོས་ཉིད་རེད། ད་ལྟ་བར་དུ་འཛམ་བུ་གླིང་འདིའི་སྒང་ལ་བྱོན་ཏེ་བྱས་རྗེས་གང་ལ་གང་འཚམས་བསྒྲུབས། ད་འཛམ་གླིང་གཞན་ཞིག་གི་སྒང་ལ་བསམ་བློ་བཏང་དགོས་པ་དེ་ཆོས་ཉིད་རེད། བྱས་ཙང་དེ་འདྲ་ཡིན་དུས་འཛམ་གླིང་ཡག་ས་ཞིག་ལ་སླེབས་གྲབ་ཡོད་དམ། འཛམ་གླིང་སྦུག་སུབ་དོག་ས་ཞིག་ལ་སླེབས་གྲབ་ཡོད་པ་ནི་མི་ཤེས། གང་ལྟར་ཡང་སྙིང་དེ་ནི་ཆོས་ཉིད་རེད། དེ་འདྲ་ཡིན་དུས་བླ་སྨན་པའི་དམིགས་སྒོ་ཟེར་ནའང་མི་འདུག དེ་ཙམ་གྱི་གལ་ཆེན་པོ་མ་རེད་དེ། ཡིན་ནའང་གང་ལྟར་བླ་སྨན་པ་ཡང་རང་བཞིན་གྱིས་མི་ཐོག་གསར་པ་ཞིག་སླེབས་ཡོང་གི་ཡོད་རེད། དེ་ཡང་ཁྱེད་རང་ཚོ་འདིར་ཡོད་པའི་ནང་ནས་ཡོང་རྒྱུ་རེད་མ་གཏོགས་གཞན་དག་ནས་ཡོང་ས་ཡོད་མ་རེད། མ་གཞི་མིང་ཐོ་ཁ་ཤས་ཤིག་ངའི་ལག་པར་འབྱོར་ཏེ་ཡོད། དེ་ཡང་སོ་སོའི་ལས་དང་སྨོན་ལམ་དང་འཕྲོད་མི་འཕྲོད་དེ་རྣམས་ནམ་རྒྱུན་ལྟར་ལས་གནད་གལ་ཆེ་བ་རྣམས་མོ་བརྒྱབས་ཏེ་བྱེད་ཀྱི་ཡོད་རེད་ལ། དེ་འདྲ་ཡིན་དུས་སྔོན་ལ་ལྷོད་ལྷོད་བྱུང་ན་བརྟག་དཔྱད་འདྲ་བྱེད་དགོས་བསམ་སྟེ་བསྡད་ཡོད། དེ་ལ་སེམས་འཁྲལ་གང་ཡང་བྱེད་དགོས་མ་རེད། བྱས་ཙང་དེ་འདྲ་ཞིག་རེད་འདུག ད་བྱས་ན་ད་ག་ཡིན། ཚང་མས་སེམས་ཤུགས་སྐྱེད་དེ་ཧུར་ཐག་བྱེད་དགོས། ཤེས་སོང་ངམ། མདོ་དོན་སྙིང་པོ་དེ་རེད། ཧུར་ཐག་འབད་ཐག་བྱེད་དགོས། ངའི་ངོས་ནས་ང་རང་ཚོ་ཐུག་པའི་ཁ་ཐུག་ལ་ཧུར་ཐག་བྱེད་རོགས། སྐུ་མཁྱེན་ཧུར་ཐག་བྱེད་རོགས་ཟེར་ལབ་རྒྱུ་དེ་མ་གཏོགས་ང་ལ་གཞན་དག་གང་ཡང་ཤོད་རྒྱུ་མི་འདུག ཤེས་སོང་ངམ། དེ་ང་ཚོ་སྤྱི་པའི་དོན་དག་རེད་མ་གཏོགས་ང་སྒེར་གྱི་དོན་དག་གང་ཡང་མ་རེད། དེ་འདྲ་སོང་ཙང་ཧུར་ཐག་བྱེད་རོགས། གོ་ཆོད་པོ་བྱེད་དགོས། ཤེས་སོང་ངམ། ཁྱེད་རང་ཚོ་བུ་ཡིན་ནའང་རེད། བུ་མོ་ཡིན་ནའང་རེད། ཚང་མས་མི་གོ་ཆོད་པ་ཞིག་དང༌། དངོས་གནས་མ་འོངས་པའི་འཛམ་བུ་གླིང་སྤྱིའི་ལོ་རྒྱུས་ཡིན་ནའང་རེད། བྱེ་བྲག་ཏུ་བོད་ཀྱི་ལོ་རྒྱུས་ནང་ལ་འཁོད་ཐུབ་པ་ཞིག་དང༌། འོ་དེ་དུས་ཀྱི་མི་ཐོག་དེས་དངོས་གནས་དྲང་གནས་གོ་ཆོད་པོ་བྱས་འདུག་ཅེས་པ་ཞིག་ལོ་རྒྱུས་ནང་འཁོད་ཐུབ་པ་བྱེད་དགོས། ང་ཚོའི་ལོ་རྒྱུས་ནང་འཁོད་ན་བསམ་པའི་བསམ་བློ་བཏང་ན་འཇིག་རྟེན་ཆོས་བརྒྱད་རེད། ཡིན་ནའང་ང་ཚོའི་ངོས་ནས་བསམ་པ་རྣམ་དག་ཅིག་བྱས་ན་ལོ་རྒྱུས་ནང་རང་ཤུགས་ཀྱིས་འཁོད་ཡོང་གི་རེད། བྱས་ཙང་དེ་འདྲ་ཡིན་དུས་ཚང་མས་ཧུར་ཐག་བྱེད་རོགས། བཀྲིས་ཤིས་བདེ་ལེགས། བསྟན་འཛིན་ཆོས་གྲགས་ལགས་ཐུགས་རྗེ་ཆེ། ལྷ་སར་ཟིང་འཁྲུག་མ་བྱུང་གོང་ནས་བླ་སྨན་པ་ཆགས་པ་དེ་བསྟན་འཛིན་ཆོས་གྲགས་ལགས་ཆགས་བསྡད་ཡོད་རེད། དེ་དུས་བླ་སྨན་པ་གཏོགས་ཙམ་གཞོན་པའི་གྲས་རེད། ང་དགའ་ལྡན་ལ་གྲྭ་བསྐོར་ལ་སླེབས་པའི་ཁ་ཐུག་གྲོད་ཁོག་བཤལ་ཏེ་རྒྱུ་ཚད་ན་བ་རེད། དེ་དུས་ཀྲེ་ར་མཡེ་སིན་ (Teramycin) ཞེས་པའི་སྨན་དེ་བཟའ་ན་ཕན་གྱི་རེད་ཅེས་ཆེན་མོ་དང་མདའ་དཔོན་ཁོ་ཚོའི་གྲས་ཀྱིས་ལབ་པ་རེད། བླ་སྨན་བགྲེས་པ་ཁོ་ཚོའི་ཐུགས་ལ་ཀྲེ་ར་མཡེ་སིན་བཟའ་རྒྱུ་དེ་མ་ཆུད་པ་རེད། དེ་དུས་བསྟན་འཛི་ན་ཆོས་གྲགས་ལགས་ཀྱིས་ཀྲེ་ར་མཡེ་སིན་བཟའ་ན་ཕལ་ཆེར་ཡག་པོ་ཡོད་རེད་ཅེས་ཞེ་དྲག་གི་ཡར་ཐོན་ཡིན་པའི་སྐད་ཆ་རེད་ལ། ཀྲེ་ར་མཡེ་སིན་བཟའ་ན་ཡག་པོ་ཡོད་རེད་ཅེས་ལབ་པ་ངས་དྲན་མཁན་འདྲ་ཞིག་བྱེད་ཀྱི་འདུག བྱས་ཙང་དེ་དུས་དགའ་ལྡན་ལ་ཁྱོན་བླ་སྨན་པ་བཞི་ཡིན་ནམ་ཞིག་ཡོད་རེད། གང་ལྟར་བླ་སྨན་པའི་ནང་ནས་གཞོན་ཤོས་དེ་རེད། གཞོན་ཤོས་རེད་ལ་བསམ་བློ་དེ་ཡང་གང་ཙམ་གསར་བརྗེ་ཡིན་པའི་སྐད་ཆ་རེད། ཀྲེ་ར་མཡེ་སིན་ལ་རྒྱབ་སྐྱོར་བྱས་པ་རེད། བསམ་བློ་དེ་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཡར་རྒྱས་ཡོད་ནའང༌། གཞུག་ཏུ་རྒྱ་མིའི་བཙོན་ལ་ཚུད་ནས་རྦད་དེ་ཀླད་པ་ལྗང་ཁུ་དང་གསར་རྗེར་ངོ་ལོག་ཅེས་སྡུག་ཤོས་ཀྱི་གྲས་སུ་ལོ་དེ་ཙམ་བསྡད་པ་རེད། ཡིན་ནའང་སོ་སོའི་ལས་དང་སྨོན་ལམ་རེད། ཀན་སུའི་བཙོན་ཁང་ནང་མི་མང་པོ་ཞིག་ལྟོགས་གྲིར་འཆི་ནས་འདས་གྲོངས་ཕྱིན་པ་མང་པོ་ཞེ་པོ་བྱུང་བ་དེའི་ནང་ནས་ཀྱང་གསོན་ཏེ་ཚུར་སླེབས། སླེབས་པ་ཙམ་དུ་མ་ཟད་ལོ་དེ་སྙེད་དེའི་རིང་ལ་ང་ཚོ་མཉམ་དུ་གཤིབས་ཏེ་འཁྱར་རེ་འཁྱོར་རེར་དངོས་གནས་རང་ཞེ་དྲག་དྲིན་ཆེན་པོ་ཡིན། མི་ཞེ་དྲག་གི་ཡག་པོ་རེད། དེའི་རྗེས་ལ་དབང་རྒྱལ་ལགས་ཀྱང་དེ་དེ་བཞིན་རེད། རྒྱ་གར་དུ་ཐོག་མར་འབྱོར་དུས་བོད་དུ་ཕར་ལོག་གི་ཡིན་ནམ་ག་རེ་བྱེད་ཀྱི་ཡིན་ཞེས་སྐད་ཆ་དྲིས་པ་ཡིན། རྒྱ་གར་དུ་བསྡད་ཐུབ་ན་ཡག་པོ་ཡོད་རེད་ཅེས་ལབ་པས། དེ་ནས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། སྐྱབས་མགོ་ལུས་ཀྱི་བདག་པོ། ྋརྒྱལ་བ་རིན་པོ་ཆེས་བཀའ་གང་གནང་ངས་བསྒྲུབ་ཀྱི་ཡིན། གཞན་བསམ་བློ་བཏང་རྒྱུ་གང་ཡང་མེད་ཅེས་འབོར་ཤོབ་ཞེ་དྲག་བཤད་སོང༌། སྙིང་རྗེ་ཡག་པོ་རེད། དེ་ཚོའི་གྲས་བློ་ཐག་ཆོད་པོ་རེད། ད་ལྟ་བར་དུ་འཁྱར་རེ་འཁྱོར་རེར་ཧུར་ཐག་བྱས་པ་རེད། ཀུན་འགྱུར་ལགས་ཀྱང་སོ་སོའི་སྤུན་མཆེད་ཚང་མས་དངོས་གནས་བོད་སྤྱི་པའི་དོན་དག་ལ་སྲོག་བློས་བཏང་གིས་དཀའ་ལས་བརྒྱབས། ཐ་མ་སོ་སོ་ཚུར་སླེབས་ལས་ཀ་བྱས་པ་རེད། ཚང་མ་ཞེ་དྲག་གི་ཡག་པོ་ཡིན། དེ་ག་ནང་བཞིན་དགེ་སློང་ལགས་རེད། བགྲེས་སོང་དགེ་སློང་ལགས་ནས་ཀྱང་ཧུར་ཐག་འབད་ཐག་ཏུ་སོ་སོས་གང་ཡོང་ཅི་ཡོང་དང༌། ད་ལྟ་ཡིན་ནའང་ཁྱེད་རང་ཚོ་བགྲེས་པའི་ནང་ནས་གྲ་ཆས་ཀྱི་བསྟན་པ་འཛིན་མཁན་དེ་ཁྱེད་རང་གཅིག་པུ་ཆགས་འདུག གྲ་ཆས་གྱོན་མཁན་ཁྱེད་རང་གཅིག་པུ་ཆགས་འདུག ང་ཚོ་རྒྱ་གར་དུ་འཚར་ལོངས་བྱུང་བའི་ནང་ནས་ཨ་བོ་ད་རེད་དེ་གནས་བརྟན་བགྲེས་པ་དེ་ལྷ་དབང་ཡིན་ས་རེད། སྐྲ་དཀར་པོ་བྱས་པ་ཙམ་དུ་མ་ཟད། སྨིན་མ་ཡང་དཀར་པོ་རེད་འདུག གལ་ཏེ་མི་ངོ་མི་ཤེས་པ་ཞིག་ལ་ངོ་སྤྲོད་བྱེད་དགོས་བྱུང་ན། འདི་པོ་རོ་ཕེ་སར་(Professor =མཁས་དབང་ ཞེ་པོ་ཞིག་རེད་ཅེས་ལབ་ན་ལབ་ཐུབ་པ་འདུག གང་ལྟར་ཁྱེད་རང་ཚོ་རྒན་གཞོན་མེད་པ་ཚང་མས་སྒྲིག་འཛུགས་འདིའི་ནང་ལ་བསྡད། སྒྲིག་འཛུགས་འདིའི་ནང་ལ་སོ་སོའི་ལས་འགན་མི་འདྲ་བ་རེ་འཁྱེར་ནས་ལས་ཀ་བྱེད་དེ་བསྡད་ཡོད་རེད། ཚང་མས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བཏོན་རོགས། སྙིང་རྗེ་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་མཇུག་དེར་སྨོན་ལམ་བསྐྱོན་པ་ནང་བཞིན། སྨོན་ལམ་ཡང་ལྷག་བསམ་རྣམ་པར་དག་པ་རྩེ་གཅིག་པའི་ཐོག་ནས་བརྒྱབ་ན་འགྲུབ་ཀྱི་རེད། ངས་ཀྱང་སྨོན་ལམ་བརྒྱབས་དང་རྒྱོབ། བློ་བདེ་པོ་བྱས་ཏེ་བཞུགས་རོགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།

མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 10:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།