སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།
སྤྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༩ ཉིན་བཞུགས་སྒར་ཕོ་བྲང་དུ་གཞུང་ཞབས་འདེམས་ལྷན་ལས་བྱེད་ཟབ་སྦྱོང་བ་དང༌། ཤེས་རིག་ལས་ཁུངས་ཁོངས་རྩིས་པའི་ཟབ་སྦྱོང་བ། སྨན་རྩིས་ཁང་གི་སློབ་དགེ་དང་སྐབས་བཅུ་པའི་ སློབ་ཐོན་སྨན་པ། སྐབས་ལྔ་པའི་སློབ་ཐོན་སྐར་རྩིས་པ། ལྕགས་པོ་རིའི་སློབ་ཐོན་སྨན་པ་བཅས་ལ་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ཡིག་རིགས་འདྲ་མི་འདྲ་སློབ་སྦྱོང་བྱས། སློབ་སྦྱོང་ཐོན་པའི་མཚམས་ལ་ལས་ཀ་འགོ་འཛུགས་རྒྱུ་ཟེར་བ་དེ་གཞི་ནས་མི་ཚེ་གསར་པ་ཞིག་འགོ་ཚུགས་ཀྱི་ཡོད་པ་རེད། ཡོངས་རྫོགས་ཆ་ནས་ཐུབ་ཀྱི་ཡོད་མེད་མི་ཤེས་ཀྱང༌། ད་ལྟ་ལས་དོན་གང་ལ་སློབ་སྦྱོང་བྱས་ཡོད་པ་དེའི་ཐོག་མི་ཚེ་གཏོང་རྒྱུའི་རྩིས་གཞི་རེད། སློབ་སྦྱོང་བྱས་ནས་དངོས་སུ་མི་ཚེ་ཞིག་འགོ་བཙུགས་ཏེ་ལས་དོན་ནང་ཞུགས་པའི་ཚེ་དེ་བྱ་བ་བཟང་པོ་ཞིག་ཆགས་དང་མི་ཆགས་ནི་ཆོས་ཕྱོགས་ནས་བཤད་ན་རྩ་བ་ཀུན་སློང་ལ་རག་ལས་པ་རེད། ཕོགས་ཤིག་ཡོང་གི་རེད་བསམ་པ་དང༌། མིང་ཞིག་ཡོང་གི་རེད་བསམ་པ། རྒྱུ་དངོས་པོ་ཕྲན་བུ་གསོག་ཐུབ་ཀྱི་རེད་བསམ་པ་དེ་འདྲའི་ཐོག་ནས་ཕྱིན་པ་ཡིན་ན་ཕན་ཐོགས་གང་ཡང་ཡོང་གི་མ་རེད། ཆོས་ཕྱོགས་ཀྱི་སྐད་ཆ་མིན་པར་སྤྱིར་བཏང་གི་ཐོག་ནས་བཤད་པ་ཡིན་ན་ཡང༌། སོ་སོའི་ཁུར་དུ་བབས་པའི་ལས་འགན་གང་དང་གང་ཡིན་ཡང་དེ་ཚགས་ཚུད་པོ་ཞིག་དང༌། ཡག་པོ་ཞིག་ཡོང་དང་མི་ཡོང་ལྷག་བསམ་ལ་རག་ལས་ཡོད། ལྷག་བསམ་ཡོད་ན་ལས་ཀ་ག་རེ་ཡིན་ནའང་ཐོག་མར་མ་ཤེས་པ་ཞིག་ཡིན་རུང་ཉམས་མྱོང་གསོག་གིན་གསོག་གིན་ཤེས་རྒྱུ་དང༌། ཉམས་མྱོང་བསགས་ཏེ་ཤེས་པ་དེ་སློབ་འཁྲིད་བྱས་ཏེ་ཤེས་པ་ལས་གཏིང་ཟབ་པ་དང་དོན་ཕན་ཆེ་བ་ཞིག་ཏན་ཏན་ཡོད་པ་རེད། ཐོག་མར་ཚོད་མ་ཐིག་པར་གང་འདྲ་ཞིག་བྱས་ཡོང་བསམ་པ་ཞིག་ཡོད་ནའང་སེམས་ཤུགས་མ་ཆག་པར་སོ་སོས་དང་དོད་བྱས། སོ་སོའི་ལས་ཀ་དེ་ཉི་མ་གང་འཁྱོལ་ཙམ་མ་ཡིན་པར་དོ་སྣང་དང་ཡིད་གཟབ་བྱས་པ་ཡིན་ན། ཉི་མ་རེ་རེ་བཞིན་ཉམས་མྱོང་ཡོང་རྒྱུ་དང་དེར་སོ་སོས་བསམ་བློ་འདྲ་བཏང༌། ཕྱོགས་བསྡོམས་འདྲ་བྱེད་ཀྱིན་བྱེད་ཀྱིན་ཕྱིན་པ་ཡིན་ན། གནས་ཚུལ་གང་ཅིར་ག་ལེ་ག་ལེར་རྒྱུས་ཡོད་ཅིག་ཆགས་ཏེ་ཤེས་ཡོང་གི་རེད། སྨན་པ་ཡིན་ནའང་འདྲ། རྩིས་པ་ཡིན་ནའང་འདྲ། སྤྱིར་བཏང་ལས་བྱེད་ཡིན་ནའང་འདྲ། གང་ལྟར་དང་པོ་ཚོད་མ་ཐིག་ཅིག་ཡོད་པ་ཉིན་རེ་ཉིན་རེའི་ཉམས་མྱོང་བྱུང་བ་རྣམས་བརྗེད་དེ་དོ་སྣང་གང་ཡང་མ་བྱས་པར་བསྡད་ན། ལོ་དང་ཟླ་བ་ཕྱིན་ནའང་ཡར་རྒྱས་འགྲོ་རྒྱུ་གང་ཡང་ཡོང་གི་མ་རེད། གནས་ཚུལ་གསར་པ་ཤེས་པ་དེ་ཚོའི་གྲས་ལ་དོ་སྣང་དང་བརྟག་དཔྱད་འདྲ་བྱས། མི་ལ་སྐད་ཆ་དྲིས། ཉམས་མྱོང་ལ་ཕྱོགས་བསྡོམས་བྱེད་ཀྱིན་བྱེད་ཀྱིན་ཕྱིན་པ་ཡིན་ན། ལོ་རེ་ཟླ་རེ་མི་སྡོད་པའི་ཡར་རྒྱས་ཏན་ཏན་འགྲོ་ཐུབ་ཀྱི་རེད། སོ་སོས་སེམས་འཁུར་བླངས་ཏེ་བྱུང་ན་ག་རེ་ཡིན་ནའང་རིམ་པས་རིམ་པས་ཉམས་མྱོང་ཞིག་བསགས་ཡོང་དུས་ལས་ཀ་ནུས་པ་ཐོན་པ་ཞིག་ཏན་ཏན་ཡོང་གི་རེད། ཆོས་ཕྱོགས་ནས་བཤད་པ་ཡིན་ནའང་འདྲ། ལས་ཀ་ཚགས་ཚུད་པོ་ཞིག་ཡོང་ཐབས་ཤིག་གི་ཐོག་ནས་བཤད་པ་ཡིན་ནའང་འདྲ། གང་ལྟར་དོན་དག་ཡང་སྙིང་སོ་སོའི་བསམ་བློའི་ནང་བྱེད་སེམས་དང་ལྷག་བསམ་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ང་རང་ཚོ་ཕྱོགས་གཅིག་ནས་བོད་པ་ཡིན་པ་དང༌། སྤྱི་ཡོངས་ནས་བཤད་པ་ཡིན་ན་བོད་པ་མང་ཆེ་བ་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲང་ཆགས་བསྡད་ཡོད། ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་བྱར་བཞག་སྟེ། དེ་དང་འབྲེལ་བའི་སྒོ་གསུམ་གྱི་སྤྱོད་པ་དང་བསམ་བློའི་ཁྱེར་སོ་ཆོས་ཕྱོགས་ཐོག་ཕྲན་བུའི་བསམ་བློ་ཡོད་པ་ཞིག་ཡིན་ན་སོ་སོས་ལས་ཀ་ག་རེ་བྱས་རུང་རྒྱུ་འབྲས་ངོ་ལྐོག་མེད་པ་དང་འདི་ཕྱི་གཉིས་ཡོད་ཅིག་བྱེད་དགོས། ཕྱི་ལོགས་ཀྱི་མིས་བརྡ་འདེད་གཏོང་མཁན་དང༌། ཁྲིམས་ས་ཞིག་ལ་གཏུགས་མཁན་བྱུང་རུང་མ་བྱུང་རུང༌། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་དུས། ངས་བསམ་པ་རྣམ་དག་བྱས་ཡོད་བསམ་པ་དང༌། སོ་སོ་འགྱོད་པ་མེད་པ་ཞིག་གི་ཐོག་ཕྱིན་པ་ཡིན་ན་ཡག་པོ་རེད། མིས་བརྡ་འདེད་གཏོང་མཁན་དང་ཁྲིམས་སར་གཏུགས་མཁན་ཞིག་མ་བྱུང་བར་དུ་ཨའུ་ཙམ་མིན་འགྲོ་བསམ་ནས་སྡོད་མཁན་ཞིག་ཡིན་ན། དེ་ལ་བཟོ་ལྟ་ཡོད་པ་མ་རེད། གང་ལྟར་མིས་བཀོད་པ་གཏོང་མཁན་དང༌། ནག་ཁྲ་བཙུགས་མཁན་བྱུང་རུང་མ་བྱུང་རུང་སོ་སོའི་ངོས་ནས་དངོས་གནས་རང་ངོ་ལྐོག་རྒྱབ་མདུན་མེད་པ་བསམ་པ་རྣམ་དག་ཅིག་གི་ཐོག་ཕྱིན་པ་ཡིན་ན་ཡག་པོ་རེད། དཔེར་ན་ལྐོག་ལ་དངུལ་ཟ་བ་དང་སྙོམ་ཆུང་ལ་ཐུབ་ཚོད་བྱེད་པ་བསམ་བློའི་ནང་སླེབས་པ་ཡིན་ནའང་ཨ་ཙི་དེ་འགྲིགས་ཀྱི་མ་རེད། དེ་ཆོས་དང་འགལ་གྱི་རེད། ཡ་རབས་སྤྱོད་པ་དང་འགལ་གྱི་རེད་བསམ་པ་ཞིག་ཡོད་པ་ཡིན་ན་སོ་སོར་གང་ལ་གང་འཚམས་ཀྱི་དབང་ཚད་འདྲ་དང༌། གང་ལ་གང་འཚམས་ཀྱི་ནུས་པ་ཞིག་ཡོད་པ་ཡིན་ནའང་སོ་སོས་སྒྲིག་ཅིག་འཁྱེར་ནས་བསྡད་ཀྱི་རེད། འཛམ་གླིང་འདིའི་སྒང་གི་རྒྱལ་ཁབ་ཆེན་པོ་དེ་ཚོའི་གྲས་ཀྱི་འགོ་འཁྲིད་པར་མཚོན་ན། རྒྱ་ནག་གི་འགོ་འཁྲིད་ཆེན་པོ་དེ་ཚོའི་གྲས་ཐོག་མར་གསར་བརྗེ་བྱེད་པའི་དུས་སུ་བསམ་པ་རྣམ་དག་གིས་རྒྱ་ཆེའི་མི་མང་དཀའ་སྡུག་མྱངས་མཁན་དེ་དག་གི་དོན་ལ་ཏན་ཏན་དཀའ་ལས་བརྒྱབ་ཡོད་པ་རེད། ཡིན་ནའང་མཇུག་ལ་དབང་ཆ་ཡོངས་རྫོགས་སོ་སོའི་ལག་པར་སླེབས། སྟོབས་དང་འབྱོར་པ་གང་ཅི་ངེས་ཅན་ཞིག་ཆགས་མཚམས་མིས་ཞུ་དག་གཏོང་མཁན་ནི་མེད། མིས་སྟངས་འཛིན་བྱེད་མཁན་ནི་མེད། ང་རང་གིས་གང་བྱས་ཡིན་བསམ་པ་ཞིག་ཆགས་ཡོང་དུས་རང་ཚོད་རང་གིས་ཟིན་མ་ཐུབ། ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་སོང་ནས་མི་སྨྱོན་པ་ལྟ་བུ་ཡོང་གི་ཡོད་པ་རེད། ང་རང་ཚོས་ཆེ་ཆུང་ལ་མ་ལྟོས་པའི་སོ་སོའི་བསམ་བློར་སོ་སོས་ཞུ་དག་བཏང་སྟེ། དངོས་གནས་ལྷག་བསམ་རྣམ་དག་ཅིག་བྱས་ཡོད་བསམ་པ་ཞིག་དང༌། ལས་རྒྱུ་འབྲས་རྙོགས་མེད་བསམ་པ་ཞིག་བྱུང་པ་ཡིན་ན་སོ་སོ་ཡིན་ནའང་བློ་བདེ་པོ། རང་བཞིན་གྱི་སྒྲིག་ཁྲིམས་སླེབས་བསྡད་མཁན་ཞིག་ཡོང་གི་རེད། དཔེར་ན་སྔོན་མ་ཆབ་མདོ་རྡོ་རྗེ་ཟེར་མཁན་ཞིག་ཡོད། སྙིང་རྗེ། ཁོང་ཀ་ལོན་སྦུག་གི་དོན་གཅོད་འཁྱུག་ཙམ་བྱས་པ་རེད། དེ་དུས་རྩིས་ཁྲའི་སྐོར་གླེང་ཀ་ཞིག་བྱུང༌། དེའི་སྐབས་རྩིས་ཁྲར་ཧེ་བག་ཡོང་གི་མ་རེད། ཁོང་གྲ་པ་རེད། དེ་ཆོས་པ་རེད་ཟེར་བའི་སྐད་ཆ་བྱུང་སོང༌། ང་རང་ཚོས་སོ་སོའི་སེམས་ནང་རྒྱུ་འབྲས་དཔང་འཕེར་གྱི་བསམ་བློ་ཞིག་ཡོད་ན། ངས་འདི་བྱེད་རྒྱུའི་ཆ་རྐྱེན་དང་གོ་སྐབས་འདུག མིས་ནི་ཤེས་ཀྱི་མི་འདུག་བསམ་པ་ཞིག་དྲན་ན་ཡང་ལམ་སེང་འདི་འདྲ་བྱས་ན་འགྲིག་གི་མ་རེད་བསམ་པ་སོ་སོའི་བསམ་བློའི་ནང་དྲན་ཐུབ་ཀྱི་རེད། འདི་ཤིན་ཏུ་གལ་ཆེན་པོ་རེད། དེ་མེད་ན་ལས་ཀ་ག་རེའི་ཐོག་ཡིན་ནའང་ཧ་ཅང་ཁག་པོ་རེད།
སྨན་པར་ཆ་བཞག་ན་དེ་བས་ཀྱང་གལ་གནད་ཆེ། མིའི་སྲོག་སྐྱོབ་མཁན་རེད། སྨན་པ་གཏུགས་པར་ཡོང་མཁན་མི་སུ་དང་སུ་ཡིན་རུང་འུ་ཐུག ཐབས་ཟད། རེ་བ་ཞིག་བཅོལ་ནས་ཡོང་གི་ཡོད་པ་ཡིན་དུས། སྨན་པའི་ངོས་ནས་ནད་པ་ཞིག་ཡིན་ཕྱིན་ཆད་ལ་དེར་དངོས་གནས་སྲོག་གི་སྦྱིན་པ་གཏོང་གི་ཡོད་སྙམ་པའི་བརྩེ་བའི་བསམ་པ། གཞན་དོན་འཁུར་དུ་འཁྱེར་པའི་བསམ་པ་རྣམ་པར་དག་པ་ཞིག་གི་ཐོག་ནས་སྨན་བཅོས་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན། ང་རང་ཚོ་དེ་སྔ་བོད་ལ་ཤོད་རྒྱུན་ཡོང་གི་འདུག ཨེམ་ཆི་ལགས་མཁས་པ་ཆེན་པོ་ཞིག་རེད་དེ། སྨན་གྱིས་ཕན་གྱི་མི་འདུག་ཟེར་བ་དེ་འདྲ་ཤོད་སྲོལ་ཡོང༌། སྨན་གྱིས་ཕན་དང་མ་ཕན་དེ་གཙོ་བོ་སྨན་པའི་སེམས་རྒྱུད་བཟང་ངན་ལ་རག་ལས་པར་ཤོད་པ་དེ་དཔེ་སྙིང་རྗེ་པོ་རེད། བྱས་ཙང་ཁྱེད་རང་ཚོ་སྨན་པ་ཚོས་སོ་སོའི་སེམས་རྒྱུད་བཟང་པོ་བཟོ་དགོས། སེམས་ནག་པོ་ཕན་སེམས་མེད་ན་སྨན་རིན་ཐང་ཆེན་པོ་ཞིག་སྤྲད་ན་ཡང་ནད་པར་མ་ཕན། ག་ལེ་ག་ལེར་ནད་པ་ཁོ་ཡང་བསམ་པ་ངན་པ་ཆགས་ན་ཡག་པོ་ཡོད་པ་མ་རེད། གང་ལྟར་གསོ་བ་རིག་པ་ཟེར་བ་འདི་རྩ་ཆེན་པོ་རེད། གཞན་ཕན་བྱང་ཆུབ་སེམས་དཔའི་ཉམས་ལེན་ཡག་པོ་ཡིན་པས་ཧུར་ཐག་འབད་ཐག་བྱེད་དགོས། རྒྱུགས་འཕྲོད་དེ་སོ་སོའི་ལྟོ་གོས་འགྲོ་སྟངས་ཤེས་སོང་བསམ་པ་དེ་འདྲ་ཞིག་ལ་ཆ་མ་བཞག་པར་དངོས་གནས་རང་གཞན་ཀུན་ལ་ཕན་བདེ་སྒྲུབ་སྟེ་སོ་སོའི་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས། ལྷག་དོན་ནད་པ་ཟེར་བ་དེ་ཁ་ཚ་དགོས་གཏུགས་ཛ་དྲག་སྡུག་བསྔལ་གྱིས་མནར་བསྡད་པ་ཞིག་ཡིན་སྟབས། དེ་དག་ལ་གང་ཕན་ཅི་ཕན་ཞིག་ངས་མ་བསྒྲུབ་ན་སུས་བསྒྲུབ་བསམ་པའི་བསམ་བློ་ངེས་པར་དུ་གཏོང་དགོས། དེ་དང་ཆབས་ཅིག་སོ་སོས་ཉམས་མྱོང་གསོག་གིན་སློབ་གཉེར་མུ་མཐུད་བྱས་ཏེ། བོད་པའི་སྨན་གཞུང་ཁོག་ལོན་པ་ཞིག་བྱེད་དགོས། ལོ་ཤས་རིང་སློབ་འཁྲིད་བྱས་པ་ཙམ་གྱིས་ཚད་ལོན་པ་ཞིག་དང་གདེང་ཚོད་ཐུབ་པ་ཁག་པོ་རེད། ང་རང་ཚོའི་བླ་སྨན་བགྲེས་པ་དེ་ཚོའི་གྲས་ལོ་མང་པོར་ཉམས་མྱོང་བསགས་ཏེ་ཤེས་ཡོན་ཅན་དུ་གྱུར་པ་ཡིན། ཉམས་མྱོང་བསག་རྒྱུ་དེ་གལ་ཆེན་པོ་རེད། ཉིན་རེ་ཉིན་རེའི་ནད་པ་ཚོར་རྩ་བལྟས། སྨན་འདྲ་ཞིག་སྤྲད། དེའི་མགོ་བུད་ཙམ་བྱུང་ན་དེ་གའི་ཐོག་ནས་ཉི་མ་གང་འཁྱོལ་ལྟ་བུ་མ་བྱས་པར་ནད་རིགས་གསར་པ་ལྟ་བུའི་གནས་ཚུལ་མི་འདྲ་བ་ཞིག་ཡོང་གི་འདུག་ན་སོ་སོས་སྨན་གཞུང་ལ་བལྟས། ཕྱོགས་བསྡོམས་བརྒྱབ། བརྗེད་ཐོ་འདྲ་བྲིས། དུས་དུས་ལ་སྨན་པའི་ཚོགས་འདུ་འདྲ་ཚོགས་པའི་སྐབས་ལ་གནད་དོན་དེ་འདྲ་ཞིག་གི་ཉམས་མྱོང་བྱུང༌། དེ་གང་འདྲ་བྱས་ན་ལེགས་གོ་བསྡུར་འདྲ་བྱས། བགྲོ་གླེང་འདྲ་བྱས། དེ་འདྲ་བྱས་ན་ཡར་རྒྱས་འགྲོ་གི་རེད། སོ་སོ་སྒེར་ལ་ཡར་རྒྱས་འགྲོ་གི་རེད་ལ། སྨན་གཞུང་སྤྱིའི་ཐོག་ལ་ཡིན་ནའང་རེད། སྨན་རྩིས་ཁང་སྤྱི་ལ་ཡང་ཡར་རྒྱས་འགྲོ་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད། ང་ཚོའི་སྨན་གཞུང་སྔར་ནས་བརྩམས་ཏེ་སྤྱི་ཡོངས་ནས་ཧ་ཅང་ཡག་པོ་ཡོད་པ་རེད། འོན་ཀྱང་དེང་སང་གི་ན་ཚ་གསར་པ་དཔེར་ན་ཨེཌསེ་ (Aids) ཟེར་བ་བོད་པས་རེག་དུག་ཟེར་བ་དེ་མིན་ནམ། དེང་སང་འཛམ་བུ་གླིང་གི་སྨན་པ་ཚོས་རྫས་སྦྱོར་འདྲ་མི་འདྲ་སྣ་ཚོགས་བྱས་པའི་རྐྱེན་གྱིས་ནད་གསར་པ་གཉན་ནད། སྐྲན་ནད་མང་པོ་ཡོང་གི་ཡོད་ཚུལ་ཟེར་བ་དེ་འདྲའི་རིགས་ང་རང་ཚོས་བརྟག་དཔྱད་ཕྱོགས་བསྡོམས་བྱེད་ཐུབ་ན། རྩ་བའི་བོད་པའི་སྨན་གཞུང་སྔ་མོ་ནས་ཕུན་སུམ་ཚོགས་པོ་ཡོད་པ་དེའི་ཐོག་ལ་ཁ་སྐོང་ཡན་ལག་གི་ཚུལ་དུ་སྨན་གསར་པ་བཟོ་རྒྱུ་དེ་གྲས་ཡོང་མི་སྲིད་པ་མ་རེད།
ཁྱེད་རང་ཚོ་རྩིས་ཀྱི་སློབ་སྦྱོང་བྱས་པ་ཁག་ཅིག་ཡོད་པ་རེད། ང་ཚོའི་ལས་ཀའི་རིགས་མང་པོ་ཞིག་ལ་ཕྱི་ནང་གང་ས་ནས་གླེང་གཞི་ལྷགས་པའི་རྩ་དོན་གཅིག་དངུལ་གྱི་ཐོག་ནས་ཡོང་གི་ཡོད་པ་རེད། ལས་དོན་བྱེད་མཁན་གྱིས་བསམ་པ་རྣམ་དག་བྱས་ཡོད་ནའང༌། ཡི་གེའི་ཐོག་གམ་རྩིས་ཁྲའི་ཐོག་ནས་ཁམས་དྭངས་པོ་ཞིག་མེད་ན་དྭོགས་པ་ཟ་དགོས་པ་ཞིག་ཡོང་བ་དང༌། རྩིས་ལ་ཧེ་བག་ཡོད་པའི་སྡུག་པ་ཞིག་ཡིན་ན་ནི་དེ་བས་ཀྱང་ཡི་གེའི་ཐོག་ནས་གསལ་པོ་མེད་པ་དང༌། རྩིས་ཁྲའི་ཐོག་ནས་གསལ་པོ་མེད་པ་ཞིག་ཆགས་རྒྱུར་བརྟེན་རྩིས་ཁྲར་ཞིབ་འཇུག་ཞིབ་ཚགས་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་ནས་གཞུང་ཞབས་ལས་བྱེད་པའི་དམིགས་སྒོ་ཁྱེད་རང་ཚོར་དམིགས་བསལ་གྱི་གཟེངས་བསྟོད་དབུགས་དབྱུང་བྱེད་འདོད་བྱུང༌། ང་རང་ཚོའི་སློབ་གྲྭ་ཐོན་ཡོང་མཁན་བོད་རིགས་གཞོན་སྐྱེས་ཚོའི་ནང་ལ་འགའ་ཤས་གཞུང་གི་ཞབས་ཕྱི་ཞུ་རྒྱུར་རང་མོས་དང་དོད་བྱེད་མཁན་ཏན་ཏན་ཡོང་གི་རེད། དེ་ཚོ་ཧ་ཅང་ཡག་པོ་རེད། ཕྱོགས་གཞན་ནས་བཤད་ན་སྤྱིར་བཏང་སློབ་གྲྭ་ཐོན་མཁན་ནང་ལ་སོ་སོས་ཐབས་ཤེས་ཤིག་ཐུབ་མཁན་དང༌། སློབ་སྦྱོང་གི་གནས་ཚད་ཡག་པོ་ཡོད་མཁན་ཚོས་ང་རང་ཚོའི་གཞུང་གི་སྒྲིག་འཛུགས་འདིའི་ནང་ལས་ཀ་བྱས་པ་ལས་མཐུན་རྐྱེན་བཟང་བ་དང་ཕོགས་ཐོབ་ཆེ་ས་དེ་འདྲའི་ལས་ཀ་བཙལ་ཏེ་འགྲོ་མཁན་ཁག་ཅིག་ཡོང་གི་འདུག དེའི་ལག་རྗེས་ལ་གཞུང་གི་ལས་བྱེད་ནང་ཞུགས་མཁན་མང་ཆེ་བ་སློབ་སྦྱོང་ཐོན་པའི་རྩེ་གྲའི་རིགས་མིན་པའི་དེའི་འོག་གི་སྙིགས་རོའི་ནང་ནས་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་སྐབས་རེ་ཆགས་ཀྱི་མེད་དམ་བསམ་གྱི་འདུག གང་ལྟར་ཡང་དེ་རིང་འདིར་ཡོད་པའི་ཁྱེད་རང་ཚོ་བོད་བཙན་བྱོལ་གཞུང་གི་ལས་བྱེད་ནང་འགྲོ་རྒྱུའི་སོ་སོར་འདུན་པ་སྐྱེས་ཏེ་སླེབས་པ་ལ་རྗེས་སུ་ཡི་རངས་ཡོད། ང་རང་ཚོ་ཚང་མས་བོད་དོན་དང་བོད་དོན་ཟེར་བ་དང༌། རང་བཙན་དང་རང་བཙན་ཟེར་ནས་མང་པོ་ཞིག་བཤད། རང་བཙན་བསྒྲུབ་མཁན་ཡིན་ནའང་འདྲ། ངས་ལབ་པའི་དབུ་མའི་ལམ་ཟེར་བ་དེ་ཡིན་ནའང་འདྲ། མདོ་དོན་ང་ཚོ་ལག་ལེན་གྱི་ཐོག་ནས་འགྲོ་དགོས་པ་ཞིག་རེད་མ་གཏོགས་ཁ་ནས་བཤད་དེ་བསྡད་རྒྱུ་ཞིག་མ་རེད། ལག་ལེན་གྱི་ཐོག་ནས་འགྲོ་དགོས་ཟེར་བ་དེ་ཡང་ལམ་སེང་བོད་ནང་ཕར་འཛུལ་ཆོག་ཆོག་དང༌། ཕ་གིར་ལས་ཀ་བྱེད་ཆོག་ཆོག་མེད། ང་ཚོས་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད། སྙུགས་བསྲིངས་ཏེ་རིམ་པས་རིམ་པས་རང་ཚོ་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་ནུས་པ་བཏོན་དགོས་པ་ཞིག་རེད། དུས་ཡུན་བསྲིངས་ཏེ་འགྲོ་དགོས་པ་ཞིག་ཡིན་དུས་དེའི་རིང་ལ་ང་ཚོ་འདིར་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་འདི་དང༌། སྒྲིག་འཛུགས་འདི་དང་འབྲེལ་བའི་ཡན་ལག་ཉིང་ལག་ལས་ཁུངས་འབྲེལ་ཐོགས་དང་བཅས་པ་ཚང་མ་ཚགས་ཚུད་པོ་ཞིག་དང་སྲ་ཐག་ཐག་ཅིག་བྱུང་པ་ཡིན་ན་དེའི་ཚོད་ཀྱིས་བོད་སྤྱི་པའི་དོན་དག་ལ་ཕན་རྒྱུ་དང༌། རྒྱ་མི་ཡིན་ནའང་ང་ཚོར་མཐོངས་ཆེ་རུ་འགྲོ་གི་རེད། ང་རང་ཚོ་བོད་པ་ནང་ཚགས་ཡིན་ནའང་ཚང་མས་བློ་གཏད་བཅོལ་ས་ཞིག་དང༌། ཁ་ཡོད་ལག་ཡོད་ཀྱི་བདེ་སྡུག་བལྟ་མཁན་ཞིག་ཆགས་ཡོང་གི་རེད། བདེ་སྡུག་ནུས་པ་ཐོན་པ་ཞིག་བལྟ་ཐུབ་ཀྱི་རེད། དེ་ག་ནང་བཞིན་ང་ཚོར་རོགས་རམ་བྱེད་མཁན་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་བོད་པ་བཙན་བྱོལ་བ་ཟེར་ནས་མཛུབ་མོ་འཛུགས་ས་དང་ལག་པ་འཆང་ས་སྒྲོམ་གཞི་ཞིག་ཆགས་བསྡད་ཡོད་པ་འདི་ད་དུང་ཡར་རྒྱས་དང་ཚགས་ཚུད་པོ་ཡག་པོ་ཞིག་བྱུང་ན། དེའི་ཚོད་ཀྱི་ང་ཚོར་རྒྱབ་སྐྱོར་ཞིག་བྱེད་མཁན་ཚོ་ཡིན་ནའང་བློ་བདེ་བ། རྒྱབ་སྐྱོར་བྱེད་སྙིང་འདོད་པ། བློ་གཟུ་བོར་གནས་པ་ཚོའི་རང་བཞིན་གྱིས་ཡིད་འཕྲོག་པ་དང་ཤ་ཚ་སླེབས་ཐུབ་པ་ཞིག་ཡོང་རྒྱུ་ཡིན་དུས། ང་ཚོས་ཚགས་ཚུད་པོ་བྱེད་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་རེད་འདུག ཤེས་སོང་ངམ།
ང་རང་ཚོ་བོད་སྤྱི་པའི་དོན་དག་སྒྲུབ་པ་ལ་བཙན་བྱོལ་གཞུང་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། འདི་ང་རང་ཚོའི་ཐོབ་གོ་སའི་དོན་དག་མིན། མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་པའི་མཚམས་ལ་དཔེར་ན་ང་རང་ལ་ཆ་བཞག་ན་ལས་ཀ་ཅམ་སྟེ་བཞག་རྒྱུ་ཡིན་མ་གཏོགས། ང་རྒྱལ་བ་རིན་པོ་ཆེ་ཡིན་ཟེར་བ་དང༌། ང་ཚོ་བཙན་བྱོལ་དུ་བསྡད་པའི་རིང་ལ་ང་ཚོས་ལས་དོན་འགའ་བཅོ་བརྒྱད་བྱས་པ་ཡིན། ང་ཚོར་ཐོབ་ཐང་དགོས་ཞེས་ཚིག་གཅིག་ཤོད་རྩིས་མེད་ལ། བཤད་པའི་ལ་དག་ཐབས་ཡོད་པ་མ་རེད། དེ་ག་ནང་བཞིན་ང་ཚོ་བཙན་བྱོལ་གཞུང་གི་ལས་ཀ་བྱེད་མཁན་གྱི་ངོས་ནས་ཆ་བཞག་ན་ཡང་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་པའི་མཚམས་ལ་ང་ཚོས་ཕར་བྱས་ཡུས་བཤད་རྒྱུ་བསྡད་ཡོད་པ་རེད། ང་ཚོར་དེ་འདྲའི་དུས་ཚོད་ཅིག་མ་སླེབས་བར་ལ་ང་ཚོ་འདིར་བཙན་བྱོལ་གཞུང་ཞིག་ཡོད་པ་འདི་སྲ་ཐག་ཐག་བཟོ་མཁན་དེ་ང་ཚོ་བོད་པ་རང་ཉིད་ཀྱིས་བཟོ་རྒྱུ་རེད་མ་གཏོགས། ང་ཚོས་མི་གཞན་དག་མི་ལག་སྒྲིག་སྟེ་ང་ཚོའི་ཚབ་ཁྱེད་རང་ཚོས་བྱེད་རོགས་ཞེས་ལབ་ཤེས་ཐབས་མེད། ལབ་ན་ངོ་ཚ་གི་རེད། དེ་འདྲ་ཡིན་དུས་ལས་བྱེད་པ་ཚོ་ཤིན་ཏུ་གལ་ཆེན་པོ་ཡིན། ང་རང་ཚོའི་ལས་བྱེད་འགོ་བཀའ་ཤག་ནས་བཟུང༌། ལས་བྱེད་ཚང་མར་ལས་འགན་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་རེད། ང་རང་ཚོ་བོད་པའི་ཚོགས་པ་སྐྱིད་སྡུག་ཁག་ཡིན་ནའང་རེད། ཕྱི་རྒྱལ་དུ་སྐད་འབོད་བྱེད་མཁན་མང་པོར་བཙན་བྱོལ་གཞུང་ངོས་ལེན་བྱེད་རོགས་ཞེས་ང་ཚོས་མི་ལ་ཕར་འབོད་བསྐུལ་བྱེད་ཀྱི་ཡོད། མི་ལ་བཙན་བྱོལ་གཞུང་ངོས་ལེན་བྱེད་རོགས་ཞེས་ཕར་འབོད་བསྐུལ་བྱེད་པ་ལ་སྔོན་ལ་སོ་སོའི་བཙན་བྱོལ་གཞུང་ཞིག་ཡོད་པ་དེ་སྲ་ཐག་ཐག་ཡོད་པ་ཞིག་བཟོ་དགོས། མིས་ངོས་ལེན་བྱེད་པར་བྱེད་སྟངས་རེད། ངོས་ལེན་བྱེད་ཆོག་པ་ཞིག་དང༌། ངོས་ལེན་བྱས་ན་བྱེད་རིན་ཡོད་པ་ཞིག་ང་རང་ཚོས་བཟོ་དགོས། དཔེར་ན་ད་ལྟ་བར་དུ་མི་འདུག་མི་འདུག་ཟེར་ན་ཡང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཡོད་པ་འདིས་གཞིས་ལུས་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཏན་ཏན་ཐེབས་བསྡད་ཡོད། དེ་བཞིན་དུ་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་ཆིག་འབུམ་སུམ་ཁྲི་བཞི་ཁྲི་ཙམ་ཡོད་པ་དེ་རྣམས་ལ་ཡང་དངོས་དང་བརྒྱུད་པའི་ཐོག་ནས་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཏན་ཏན་བྱུང་ཡོད། དེ་ཡང་དུས་གཅིག་དང་དུས་གཉིས་མིན་པར་ལོ་སུམ་ཅུ་སོ་བརྒྱད་ཙམ་རིང་ལ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད། འོན་ཀྱང་ཕན་ཐོགས་བྱུང་བ་དེ་དག་དམིགས་བསལ་ཞིག་མ་མངོན། ཕྲན་བུ་ཕྲན་བུ་མ་འགྲིགས་པ་བྱུང་བ་རྣམས་མངོན་པའི་ཐོག་ནས་སྐབས་རེ་སྐྱོན་བརྗོད་འདྲ་མི་འདྲ་ཡོང་གི་ཡོད། སྐྱོན་བརྗོད་ཁ་ཤས་རྒྱུ་མཚན་ལྡན་པ་ཡག་པོ་རེད། དེང་སང་གི་སྐྱོན་བརྗོད་ཁ་ཤས་རང་ཤེད་ཧམ་བཤད་མ་གཏོགས། ཁུངས་ལུང་ཡོད་པ་གང་ཡང་མིན། གང་ལྟར་ང་རང་ཚོའི་བཙན་བྱོལ་གཞུང་འདི་ཚགས་ཚུད་པོ་ཞིག་ཡོང་དང་མི་ཡོང་ཟེར་བ་དེ་ཁ་སང་ཉེ་ཆར་བཀའ་བློན་ལས་ཟུར་ཚོ་དང༌། དྲུང་ཆེ་ཚོའི་ཚོགས་འདུའི་སར་ལབ་རྒྱུ་བྱུང༌། ང་ཚོས་བཅའ་ཁྲིམས་ཟེར་བ་དང༌། དེ་ག་ནང་བཞིན་ལས་ཀ་བྱེད་ཕྱོགས་སྐོར་ལ་འཆར་གཞི་བཟོས་ཏེ་ཡིག་ཐོག་ལ་སྤུས་དག་པོ་ཡོད་པ་དེ་དག་ལག་ལེན་ངོ་མའི་ཐོག་ལ་བསྒྱུར་ཏེ་ནུས་པ་ཐོན་པ་ཞིག་དང༌། གྲུབ་འབྲས་ཐོན་པ་ཞིག་ཡོང་དང་མི་ཡོང༌། ལས་ཀ་བྱེད་མཁན་ལ་རག་ལས་པ་རེད། ལས་ཀ་བྱེད་མཁན་སྤུས་དག་པོ་ཞིག་མ་བྱུང་ན། ལས་ཀའི་འཆར་གཞི་རྒྱ་ཆེན་པོ་དང་སྤུས་དག་པོ་ཞིག་ཡོད་པ་ཡིན་ནའང་དངོས་གཞི་ལག་ལེན་བཀལ་མཁན་གྱིས་ཀོ་ཐག་གློད་སོང་དུས་དོན་ཕན་གང་ཡང་ཡོང་གི་མི་འདུག དེ་འདྲ་ཡིན་དུས་ལས་བྱེད་པ་ཧ་ཅང་གལ་ཆེན་པོ་ཡིན། གཙོ་ཆེ་ཤོས་ཕྱོགས་གཅིག་ནས་ཤེས་བྱ་ཡོན་ཏན་གྱི་མཐུན་རྐྱེན་དགོས་ཀྱི་ཡོད། ཡང་སྒོས་ལྷག་བསམ་དང་སྙིང་སྟོབས་ཀྱིས་རྒྱབ་འཁྱོགས་པ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། སྙིང་སྟོབས་ཟེར་བ་དེ་ཡང་རང་བཞིན་གྱིས་ཡོང་ཐབས་མེད། ང་ཚོས་བོད་བཙན་བྱོལ་གཞུང་འདི་འཛུགས་དགོས་པའི་རྒྱུ་མཚན་ག་རེ་ཡིན་པ་དང༌། དམིགས་ཡུལ་ག་རེ་ཡིན་པ། ད་བར་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་བློ་གང་འདྲ་ཞིག་བལྟ་གི་ཡོད་པ། ད་བར་གཞུང་འདིས་ག་ཚོད་ཙམ་ཕན་ཐོགས་བྱུང་ཡོད་པ། གལ་སྲིད་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་མེད་པའི་དབང་དུ་བཏང་ན། ང་ཚོ་བཙན་བྱོལ་པ་ཆགས་ནས་ལོ་སུམ་ཅུ་སོ་བརྒྱད་རིང་ལ་རྒྱ་གར་གཞུང་གི་སྲིད་བྱུས་གང་འདྲ་ཞིག་འཛིན་གྲབས་ཡོད་དམ། དཔེར་ན་ང་ཐེ་བས་བོད་གཞུང་བཀའ་ཤག་རྟ་དབང་བརྒྱུད་ནས་རྒྱ་གར་དུ་ཚུར་སླེབས་ཐུབ་མེད་ན་མུ་ས་མ་རི་བརྒྱུད་ནས་བོད་པ་དེ་དུས་ཁྲི་བདུན་བརྒྱད་ཙམ་སླེབས་པ་དེ་དག་ཆ་ཚང་སླེབས་ཐུབ་ཀྱི་ཡོད་མེད་མི་ཤེས་པ་རེད། བོད་མི་དེ་རྣམས་རྒྱ་མིའི་ལག་པར་ཧྲིལ་ཏེ་ཚུད་ནས་བསྡད་པ་ཞིག་ཆགས་སྲིད་པ་རེད། དཔེར་ན་པཎ་ཆེན་རིན་པོ་ཆེར་སྤྱི་ལོ་ ༡༩༦༤ མཚམས་ནས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཏེ་བཟང་བཙོན་དུ་བཞུགས་དགོས་པའི་སྐུ་ངལ་ཤིན་ཏུ་ཆེན་པོ་བྱུང་པ་རེད། རེད་དེ་ཡིན་ནའང་བོད་ཀྱི་ཕྱི་ལོགས་ལ་བོད་པ་བཙན་བྱོལ་བ་མང་པོ་ཞིག་བསྡད་དེ་རྒྱ་མིའི་བྱ་སྤྱོད་ལ་རྒྱང་སོ་རྒྱབ་སྟེ་བལྟས། སྐད་རྒྱབ་ཆོག་ཆོག་བྱས་ནས་བལྟས་བསྡད་མཁན་ཡོད་པ་ཡིན་དུས་དེས་ཏན་ཏན་ཤུགས་རྐྱེན་ཐེབས་ཡོད་ཀྱི་རེད་བསམ་པ་དྲན་གྱི་འདུག ཐེབས་སྲིད་པ་རེད་བསམ་པ་དྲན་གྱི་འདུག གལ་སྲིད་རིག་གནས་གསར་བརྗེ་དེ་ཚོའི་སྐབས་ལ་ྋརྒྱལ་བ་དང་པཎ་ཆེན་གཉིས་ཀ་རྒྱ་མིའི་ལག་པར་ཡོད་པ་བྱས། ང་ཚོ་བོད་པ་ཡོངས་རྫོགས་རྒྱ་མིའི་ལག་པར་བྱས། རྒྱ་གར་ཀ་ལོན་སྦུག་དང་རྡོ་རྗེ་གླིང་ལ་བོད་པ་སྔོན་འབྱོར་མ་གཏོགས་མེད་པ་ཡིན་ན། ད་ཚོད་ག་འདྲ་ཞིག་ཆགས་བསྡད་ཡོད་དམ། དེ་ཚོར་བསམ་བློ་གཏོང་དགོས་ཀྱི་འདུག དེ་འདྲ་ཡིན་དུས་ང་ཚོ་བོད་ནང་གི་མི་མང་ཚོས་སེམས་ཤུགས་ཀྱི་རྩ་བ་མ་སྟོང་པར་བསྡད་པ་འདིའི་ཐོག་ལ་ང་ཚོ་ཕྱི་རྒྱལ་ལ་ཡོད་པ་དེ་རྣམས་ཀྱིས་ནུས་པ་གང་འཚམས་ཐོན་ཡོད། འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཐོག་ལ་མཚོན་ན་ཡང༌། བོད་པ་ཞེས་ལབ་དུས་གཞི་ནས་མིང་གསར་པ་ཞིག་གོ་རྒྱུ་ཡོད་པ་དང༌། དོ་སྣང་གསར་པ་ཞིག་སླེབས་རྒྱུ་ལ་ང་ཚོ་བཙན་བྱོལ་བ་རྣམས་ཀྱིས་ཏན་ཏན་ཕན་ཡོད། བཙན་བྱོལ་པའི་ཕན་སྟངས་ལ་མཚོན་ན་ྋརྒྱལ་བ་རིན་པོ་ཆེས་འགོ་འཁྲིད་པའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་མེད་པ་ཡིན་ན། གལ་སྲིད་སྤྱི་ལོ་ ༡༩༥༩ ལོ་ལ་བོད་མི་བཙན་བྱོལ་བ་གང་འཚམས་ཤིག་རྒྱ་གར་གཞུང་གིས་བཏང་པའི་དབང་དུ་སོང་ན་ཡང༌། ད་ཚོད་ཀ་ལོན་སྦུག་དང་རྡོ་རྗེ་གླིང་ཁུལ་ལ་སྤོ་བོ་ལགས་དང་རྨོ་བོ་ལགས་ཚོ་ཀུ་ལི་རྒྱུགས་ཏེ་སྡོད་མཁན་དང་དངུལ་ཕྲན་བུ་ཡོད་ན་བུ་ཕྲུག་སློབ་གྲྭ་ཞིག་ལ་འགྲོ་ཐུབ་ཀྱི་རེད། དེ་མེད་ན་ཕལ་ཆེར་རྒྱ་གར་ཡུལ་མིའི་ནང་སིམ་ནས་བསྡད་པ་མ་གཏོགས། བོད་པ་བཙན་བྱོལ་བ་ཟེར་བའི་སྒྲིག་འཛུགས་རྡོག་རྡོག་ཅིག་ཕལ་ཆེར་ཆགས་ཡོད་ཀྱི་མ་རེད་བསམ་པ་དྲན་གྱི་འདུག དེ་གསལ་པོ་རེད། འཛམ་བུ་གླིང་ཕྱི་ལོགས་ནས་ང་ཚོར་དོ་སྣང་བྱེད་མཁན་དང༌། བོད་པའི་ཆོས་དང་རིག་གཞུང་མི་འདྲ་བ་ཞིག་དང༌། ཁྱད་དུ་འཕགས་པ་ཞིག་ཡོད་པ་འདི་ཡང་མངོན་པར་གསལ་ཐུབ་རྒྱུ་ཁག་པོ་རེད། དེ་འདྲ་བྱས་ཏེ་ང་ཚོས་ཕྱོགས་བསྡོམས་ཤིག་རྒྱབ། ལོ་ ༣༨ རིང་གི་འགྱུར་བ་དེར་བསམ་བློ་ཞིག་བཏང་བ་ཡིན་ན། ང་ཚོ་འདིར་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་འདིས་ཏན་ཏན་ཕན་ཐོགས་ཆེན་པོ་བྱུང་ཡོད་བསམ་པ་དྲན་གྱི་འདུག ད་དུང་ཡིན་ནའང་ང་ཚོ་འདིར་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཡོད་པ་འདི་ནུས་པ་སྔར་ལས་ཐོན་ཆེ་བ་ཞིག་དང༌། སྔར་ལས་ཀྱང་གྲུབ་འབྲས་བཟང་བ་ཞིག་འདོན་ཐུབ་པ་ཡོང་བ་ལ་ལས་བྱེད་པ་རྣམས་སྲ་ཐག་ཐག་ཅིག་དགོས་པ་ཡིན་དུས་ཁྱེད་རང་ཚོ་ལས་བྱེད་གསར་པ་ཞུགས་མཁན་ཚོས་ད་ལྟ་བར་ལོ་༣༨ རིང་བྱས་པ་ལས་བྱེད་རྒྱུ་མང་བ་ཞིག་བསྡད་ཡོད་བསམ་པ་ཞིག་གི་སེམས་ཤུགས་བསྐྱེད་དགོས།
ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན། གོ་སྐབས་ཡག་ཏུ་འགྲོ་གི་ཡོད། ང་ཚོ་སྤྱི་ལོ་ ༡༩༥༩ ཟླ་ ༤ པའི་ནང་རྒྱ་གར་དུ་འབྱོར་ནས་མ་སུ་རིར་བསྡད་པ་རེད། དེ་དུས་ང་རང་ཚོར་དབྱིན་ཇིའི་ཡི་གེ་བྲིས་ཤེས་མཁན་ཁ་ཤས་ཤིག་ལས་མེད། ཕྲེང་རིང་སྐུ་མཆེད་གཉིས་དང༌། སྙིང་རྗེ། བུད་མེད་ནང་ན་ཕྲེང་རིང་ཨ་མ་ལགས་ཁོང་ཚོའི་གྲས་ཁ་ཤས་ཤིག་ལས་མེད། ང་རང་ཚོ་འགན་འཁྱེར་མཁན་བཀའ་བློན་ཚོར་ཆ་བཞག་ན་འཛམ་བུ་གླིང་གི་གནས་ཚུལ་ཆ་ཚང་མཁྱེན་མཁན་ཉུང་ཉུང་རེད། ང་ནི་ཕྲུ་གུ་རེད། རྒྱ་གར་གཞུང་ལ་འབྲེལ་བ་བྱེད་མཁན་ལྡི་ལི་དོན་གཅོད་ཙམ་ཞིག་མ་གཏོགས་ང་ཚོའི་བསམ་བློའི་ནང་དེ་ཙམ་སླེབས་ཀྱི་ཡོད་མ་རེད། ད་ལྟ་སྤྱི་ལོ་ ༡༩༩༧ ལོ་ལ་མཚོན་ནའང་འཛམ་བུ་གླིང་འདིའི་ལུང་པ་མང་པོའི་ནང་ང་རང་ཚོའི་དོན་གཅོད་པ་སླེབས་བསྡད་ཡོད། འཛམ་བུ་གླིང་གི་མི་མང་པོ་ཞིག་ང་ཚོར་ངོ་ཤེས་དང་རྒྱུས་ཡོད་ཆགས་ཡོད། གང་འཚམས་ཚོད་ཐིག་གི་ཡོད། ཉམས་མྱོང་མང་པོ་ཞིག་བསགས་ཡོད། ང་རང་ཚོའི་ལས་བྱེད་ལ་ཆ་བཞག་ནའང་དེ་ལུགས་ཀྱི་དབྱིན་ཇི་ཤེས་པ་མང་པོ་ཡོད། ག་ཚོད་མིན་ལབ་ནའང་འགྲོ་སྟངས་ཤེས་མཁན་མང་པོ་ཆགས་བསྡད་ཡོད། ང་རང་ཚོའི་ངོས་ནས་ནུས་པ་ཆེ་རུ་ཕྱིན་ཡོད་ལ། མཐུན་རྐྱེན་བཟང་དུ་ཕྱིན་ཡོད། སྤྱི་ལོ་ ༡༩༥༩ ལོ་དང་ ༡༩༦༠ ལོ་ཡས་མས་ཀྱི་གནས་ཚུལ་དང་བསྡུར་པ་ཡིན་ན་དེང་སང་ང་ཚོ་བོད་པར་གྲོགས་པོ་ཤིན་ཏུ་མང་དུ་ཕྱིན་བསྡད་ཡོད། བོད་པར་རྒྱབ་སྐྱོར་བྱེད་མཁན་དང་བོད་པའི་གནས་ཚུལ་ཤེས་མཁན་ཧ་ཅང་མང་དུ་ཕྱིན་ཡོད། འདས་པའི་ལོ་ ༣༨ རིང་ལ་ང་རང་ཚོའི་རྐང་པ་བཙུགས་ས་ཞིག་དང་ལག་པ་བརྐྱང་སའི་གཞི་རྩ་གསར་པ་ཞིག་འཛུགས་ཐུབ་ཡོད། ད་ཆ་ང་ཚོར་གཞི་རྩ་ཡོད་པ་དང་གོ་སྐབས་བཟང་པོ་ཞིག་ཡོད་པ་དེ་བེད་སྤྱོད་བྱེད་ཐུབ་དང་མི་ཐུབ་ང་རང་ཚོར་རག་ལས་པ་རེད། ང་རང་ཚོའི་མིའི་སེམས་ཤུགས་ཀྱིས་མ་འདང་བ་དང༌། རིག་པ་བསྒྲིམས་ནས་ཤུགས་མ་བརྒྱབ་པར་སྒྱིད་ལུག་ལྷོད་གཡེང་སྒང་ལ་ཕྱིན་པ་ཡིན་ན་གོ་སྐབས་བཟང་པོ་འདི་རྟག་པར་བསྡད་དང་མ་བསྡད་ཐེ་ཚོམ་རེད། ང་རང་ཚོ་བོད་པའི་ངོས་ནས་གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་ཤུགས་མ་བརྒྱབ་ན་བོད་པར་ཤ་ཚ་ཡོད་མཁན་ཚོ་ཡང་གང་འཚམས་ནས་ཉོབ་རྒྱུའི་ཉེན་ཁ་མེད་པ་མ་རེད། ཁོང་ཚོའི་བསམ་པར་ང་ཚོའི་ངོས་ནས་བོད་པར་རོགས་བྱེད་རྒྱུ་དང༌། བོད་པར་རྒྱབ་སྐྱོར་གང་དྲག་བྱེད་བསམ་ཡོད་ཀྱང༌། དོ་བདག་བོད་པའི་ངོས་ནས་ཁུར་ལེན་གྱི་མི་འདུག བོད་པར་ཁྱད་མེད་ན་ང་ཚོར་ཁྱད་གང་ཡང་མི་འདུག་བསམ་པ་དེ་འདྲ་སུ་ཡིན་ནའང་དྲན་གྱི་རེད། དེ་འདྲ་ཡིན་དུས་ང་ཚོས་གཟབ་གཟབ་བྱེད་མ་ཐུབ་ན་ད་ལྟ་བོད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་མང་པོ་ཡོད་པ་རྣམས་ཉི་མ་གཅིག་ཕུ་རྒྱབ་པའི་ཉེན་ཁ་མེད་པ་ནམ་ཡང་མིན། རྒྱ་ནག་གཞུང་གིས་དེང་སང་འཛམ་གླིང་ཐོག་རིག་པ་བསྒྲིམས་ཀྱི་ཡོད་ཀྱང་ནུས་པ་གང་ཡང་ཐོན་གྱི་མ་རེད། རྒྱ་མི་ནི་སྐྱག་རྫུན་བཤད་མཁན་ཞིག་ལ་མཐོང་བ་ལས་རྒྱ་མིའི་སྐད་ཆ་ལ་ཚད་འཛིན་བྱེད་མཁན་ཧ་ལམ་སུ་གཅིག་མེད། དཔེར་ན་ང་ཁ་སང་ཨེ་ཀྲ་ལི་བྱང་མ་རང་སྐྱོང་ས་གནས་ (Autonomy) ཕ་གིར་སླེབས་པའི་ཞོགས་པ་དེར་རྒྱ་མིའི་གཞུང་ཚབ་ནས་ཡི་གེ་འབྱོར་བྱུང་ཟེར། རྗེས་ལ་ངས་རྩད་གཅོད་བྱེད་སྐབས་རྒྱ་མིས་རང་སྐྱོང་སྲིད་འཛིན་དེར་ཡི་གེ་བཏང་བ་དེའི་ནང་ཏཱ་ལའི་བླ་མ་ཁྱེད་རང་ཚོའི་རང་སྐྱོང་ས་ཁུལ་དེར་འབྱོར་གྱི་ཡོད་པ་འདྲ། ཏཱ་ལའི་བླ་མས་འདྲ་མི་འདྲ་ཞིག་བཤད་སྲིད་ཀྱི་རེད། དེར་ཁྱེད་རང་ཚོ་མགོ་མ་འཁོར་བ་བྱེད་དགོས། བོད་ཀྱི་དངོས་ཡོད་གནས་ཚུལ་འདི་རེད་ཅེས་རྒྱ་མི་ཁོ་རང་ཚོའི་འགྲེལ་བཤད་དུས་རབས་བཅུ་གསུམ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་བསྙོན་མེད་ཡིན་ལུགས་དང་དེང་སང་བོད་ནང་ཡར་རྒྱས་ཕྱིན་ལུགས། བོད་རྒྱ་ཆེའི་མི་མང་རྒྱ་མི་ལ་དགའ་པོ་ཡོད་ལུགས་སོགས་འཆར་ཅན་དེ་རྣམས་བྲིས་ཏེ་བོད་ཀྱི་གནས་ཚུལ་ངོ་མ་དེ་རེད། དེ་མཁྱེན་པ་གནང་དགོས་ཞེས་དེ་འདྲའི་ཡི་གེ་ཞིག་བྲིས་འདུག ཡི་གེ་ལེན་མཁན་དེ་བགད་མོ་ཤོར་གྱི་ཡོད་རེད་མ་གཏོགས་ཡིད་ཆེས་རྩ་བ་ནས་བྱེད་ཀྱི་མ་རེད། གང་ལྟར་རྒྱ་མིའི་ངོས་ནས་དྲིལ་བསྒྲགས་འབད་བརྩོན་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད། བྱེད་སྟངས་དེ་ཡང་སྔོན་མ་ཡིན་ན་བཀའ་བསྒྱུར་གཏོང་རྒྱུ་དང་ཏཱ་ལའི་བླ་མ་འགྲོ་སའི་ས་ཆ་ལ་ལམ་སེང་ཚིག་མཚོན་བཏབ་ཀྱི་ཡོད། དེང་སང་བྱེད་སྟངས་འཇམ་དུ་ཕྱིན་འདུག ཁ་སང་ཨེ་ཀྲ་ལི་ས་གནས་ཀྱི་རྒྱ་མིའི་གཞུང་ཚབ་ཁང་གི་མིའི་བྱེད་ལས་ཡིན་ནམ། དབུས་གཞུང་ནས་བཀའ་ཞིག་ཡོད་པ་ཡིན་ནམ་དེ་ད་ལྟ་ཚོད་ཐིག་གི་མི་འདུག་སྟེ་གང་ལྟར་ས་གནས་ས་ཐོག་ལ་ཁ་སང་ངོ་རྒོལ་བྱེད་པ་གང་ཞིག་ལ་བྱེད་སྟངས་འཇམ་པོ་ཞིག་བྱས་འདུག དོན་སྙིང་རྒྱ་མིའི་ངོས་ནས་ཐབས་ཤེས་འཇམ་རྩུབ་སྣ་ཚོགས་ཀྱི་ཐོག་ནས་ང་ཚོར་གདོང་ལེན་ཞིག་བྱེད་ཀྱི་ཡོད། རྒྱ་མི་སླེབས་སར་ང་ཚོ་སླེབས་ཀྱི་ཡོད་མ་རེད་དེ། ང་ཚོ་སླེབས་ས་དེར་རྒྱ་མི་ག་དུས་ཡིན་ནའང་སླེབས་བསྡད་ཀྱི་རེད། གང་ལྟར་རྒྱ་མིའི་ངོས་ནས་ང་ཚོར་གདོང་ལེན་བྱེད་རྒྱུ་དང༌། ཁ་གཏད་གཅོག་ཐབས་ལ་སྔོན་དང་མི་འདྲ་བའི་ཐབས་ཤེས་སྒོ་གང་ས་ནས་བྱེད་པ་དང༌། ནུས་པ་གང་ཡོད་བཏོན་གྱི་འདུག རྒྱུ་མཚན་དེ་ཚོར་གཞིགས་ནས་ང་རང་ཚོའི་ངོས་ནས་ཀྱང་དེ་ལུགས་ཀྱིས་རིག་པ་བསྒྲིམས་ནས་མུ་མཐུད་དེ་ཨུ་ཚུགས་བརྒྱབ། འབད་བརྩོན་བྱེད་ཐུབ་པ་ཞིག་མ་བྱུང་བར་ང་ཚོ་སྐད་ཅིག་ཙམ་ཡང་ལྷོད་གཡེང་ཕྱིན་ན་ཡང་དེ་རྒྱ་མིའི་གོ་སྐབས་རེད། གནས་ཚུལ་དེ་འདྲ་ཡིན་དུས་ང་རང་ཚོ་སྤྱི་ཡོངས་ཀྱི་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཚང་མར་ལས་འགན་ཤིན་ཏུ་ལྗིད་པོ་འཁྲི་ཡོད། འགན་འཁུར་དེ་ཡག་པོ་ཞིག་སྒྲུབ་སྟེ་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ན་ནི་ང་རང་ཚོ་འདི་ཕྱི་གཉིས་ཡོད། ཚོགས་བསགས་སྒྲིབ་སྦྱོང་ཟེར་ཡང་རུང༌། མི་ཚེ་གཅིག་མི་གོ་ཆོད་པ་བྱེད་པའི་གོ་སྐབས་དཔེ་མི་སྲིད་པའི་བཟང་པོ་ཞིག་ཆགས་བསྡད་ཡོད། དེ་ཚོ་ཁྱེད་རང་ཚོ་ཚང་མས་སེམས་ལ་ངེས་པ་བྱས་ཧུར་ཐག་འབད་ཐག་བྱེད་དགོས། ཤེས་སོང་ངམ། བཀྲིས་བདེ་ལེགས། ཞེས་བཀའ་སྩལ།
མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 11:08 PM
<< སྔ་མ།